བོད་རིག་པ་ཞིབ་འཇུག་དུས་དེབ་ཐོག་མ་དབུ་འབྱེད་མཛད་སྒོ་ཐོག་གསུང་བཤད།

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཞིབ་འཇུག་དུས་དེབ་ཐོག་མ་དབུ་འབྱེད་ཐོག་ “སྤྱིར་ཞིབ་འཇུག་བྱེད་རྒྱུའི་གལ་ཆེའི་རང་བཞིན་དང་། བོད་རང་གི་སྔ་སྲོལ་ཞིབ་འཇུག་གི་ཐབས་ལམ། དེང་རབས་ཀྱི་ཞིབ་འཇུག་གི་ཐབས་ལམ་བཅས་ཀྱི་སྐོར་” གནང་བའི་གསུང་བཤད།
༄༅།། རྩོམ་སྒྲིག་འགན་འཛིན་སྤྲོ་ཚིགས་ཆོས་གྲགས་ལགས་དང་། རྩོམ་སྒྲིག་པ་ལས་རོགས་རྣམ་པ། གཞན་འདིར་ཕེབས་ཚང་མ་ལ། དང་ཐོག་ཞིབ་འཇུག་གི་གནས་ཚད་ལྡན་པའི་དུས་དེབ་མཐུག་པོ་ཞིག་དེ་རིང་སྐྱེ་འགྲོ་ལ་འབུལ་རྒྱུ་བྱུང་བ་རེད། རྩོམ་སྒྲིག་པ་རྣམ་པ་དང་། དུས་དེབ་ཀྱི་རྩོམ་ཡིག་ཁག་གི་རྩོམ་པ་པོ་རྣམ་པ་བཅས་ཚང་མ་ལ་བཀའ་དྲིན་རྗེས་དྲན་གྱི་ཐོག་ནས་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁ་སྔོན་ཆོས་གྲགས་ལགས་ཀྱིས་དུས་དེབ་ཉིན་གཅིག་དབུ་འབྱེད་བྱེད་རྒྱུ་ཡིན། ཁྱུག་ཙམ་ཡོང་དགོས་ཞེས་བཀའ་གནང་སོང་། དེ་དུས་ངས་ཚོགས་འདུ་ཆུང་ངུ་ཞིག་ཡིན་རྒྱུ་རེད་སྙམ་ཡང། དེ་རིང་འདིར་དངོས་སུ་བཅར་སྐབས་མི་ཆེན་པོ་དང་། མཁས་པ་ཆེན་པོ། རྩོམ་པ་པོ་ཆེན་པོ་མང་པོ་ཕེབས་འདུག དེ་ཡང་གཟའ་ཉི་མ་དང་རྒྱལ་བའི་གསུང་ཆོས་སོགས་ལ་མ་ལྟོས་པར་འདིར་ཐུགས་སྣང་གནང་ནས་ཕེབས་པ་དེས་གང་མཚོན་གྱི་ཡོད་ཅེ་ན། ཞིབ་འཇུག་གི་དུས་དེབ་འདིའི་ཐོག་ཐུགས་སྣང་ཡོད་པ་དང་། དུས་དེབ་འདི་འདྲ་ཞིག་དགོས་མཁོ་ཡོད་པ། མ་འོངས་པར་འདིའི་རྒྱུན་མཐུད་ཐུབ་པའི་ཆེད་དུ་རྩོམ་ཡིག་གནང་རྒྱུས་མཚོན་པའི་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དེ་ཧ་ཅང་གསལ་པོ་བྱུང་བ་རེད་བསམ་གྱི་འདུག དེས་ན་ཕེབས་པ་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང།
སྤྱིར་བཏང་སྟབས་བདེའི་རྩོམ་ཡིག་ཁག་ཡིན་ནའང་རེད། ཉམས་ཞིབ་རང་བཞིན་ཅན་གྱི་རྩོམ་ཡིག་ཁག་ཡིན་ནའང་རེད། དེ་ཚོ་ཕྱོགས་བསྡུས་ཀྱིས་དུས་ཚོད་ངེས་ཅན་ནམ་དུས་ཚོད་ངེས་མེད་ཐོག་དུས་དེབ་དང་བརྙན་དེབ་འགྲེམས་སྤེལ་བྱེད་རྒྱུ་དེ་ནུབ་ཕྱོགས་པ་དང་དེང་རབས་ཀྱི་ལུགས་སྲོལ་ཞིག་ཡིན་པར་ཆ་གཞག་ཆོག དེ་སྔ་སྲོལ་རྒྱུན་ནང་གཞུང་ཆེན་མོའི་བསྟན་བཅོས་བརྩམས་པ་མ་གཏོགས། རྩོམ་ཡིག་ཐུང་ངུ་ཕྱོགས་བསྒྲིགས་ཀྱིས་དུས་དེབ་ཀྱི་ངོ་བོར་པར་བརྒྱབ་རྒྱུ་དེ་རྒྱ་གར་དང་རྒྱ་གར་གྱི་རིག་གཞུང་གི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ནང་ལམ་སྲོལ་དེ་བྱུང་ཨེ་ཡོད། འོན་ཀྱང་བརྗོད་གཞི་བྱེ་བྲག་ཐོག་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་ཐུང་ངུ་དེ་འདྲ་འབྲི་བའི་ལུགས་སྲོལ་དེ་རྒྱ་གར་དུ་དེ་སྔ་ཡོད་མུས་རེད། གཅིག་བྱས་ན་ནུབ་ཕྱོགས་པ་ཚོས་རྒྱ་གར་ནས་དཔེ་བླངས་པ་ཡིན་སྲིད། བརྗོད་བྱའི་དོན་གནད་ཆ་ལག་ཚང་བའི་བསྟན་བཅོས་ཡོངས་སུ་རྫོགས་པ་བརྩམ་ཆོས་དང་། དེ་དང་ཕྱོགས་མཚུངས་དཔྱད་གཞིའི་དོན་ཚན་རེ་རེའི་ཆེད་དུ་ཆེད་རྩོམ་གནང་རྒྱུ་གཉིས་ཀའི་ལམ་སྲོལ་དེ་རྒྱ་གར་གྱི་མཁས་པ་ཚོས་བཏོད་གནང་བ་རེད། དེས་ན་བརྗོད་གཞི་རེའི་སྟེང་དུ་བརྩམས་པའི་རྩོམ་ཡིག་ཐུང་ངུ་རྣམས་ལ་རབ་ཏུ་བྱེད་པ་ (པྲཀརཎ) ཞེས་པའི་མིང་བཏགས་པ་རེད། དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་མཛོད་དང་མཛོད་རང་འགྲེལ་སོགས་གཞུང་ཆེན་མོ་ཆ་ལག་ཚང་བ་མང་པོ་བརྩམས་ཡོད་ལ། དེ་བཞིན་རབ་ཏུ་བྱེད་པ་སོགས་ཆུང་ངུ་མང་པོའང་བརྩམས་པ་རེད། ཁ་ཤས་ནི་དཔེ་ཆ་ཧ་ཅང་ཆུང་ངུ་ཤོ་ལོ་ཀའི་གྲངས་ཚད་ཀྱི་སྒོ་ནས་མཚན་བཏགས་པ། དཔེར་ན་ཉི་ཤུ་པ་དང་སུམ་ཅུ་པ་སོགས་རེད། དེ་དག་རྩོམ་ཡིག་གི་རང་བཞིན་ནང་དབྱེ་བ་ཕྱེ་སྐབས་རབ་ཏུ་བྱེད་པའམ་ཉེ་བར་བཅིངས་པ་ (པྲཀརཎ་ དང་ ནིབནྡྷ་) ཞེས་རྒྱ་གར་ནང་མིང་འདོགས་སྟངས་མི་འདྲ་བ་གཉིས་རེད། རབ་ཏུ་བྱེད་པ་མང་ཆེ་བ་ཚིགས་བཅད་ནང་རེད། ཉེ་བར་བཅིངས་པ་མང་ཆེ་བ་ཚིག་ལྷུག་གི་ངོ་བོར་ཡོད། ནིབནྡྷ་ཆེན་པོ་ཆགས་འགྲོ་དུས་པྲབནྡྷ་ཞེས་བསྟན་བཅོས་རང་གི་ངོ་བོར་སོང་བ་དེ་འདྲའང་ཡོད། ད་ལྟ་དུས་དེབ་འདིའི་ནང་བཀོད་པའི་རྩོམ་ཡིག་རིང་ཐུང་གང་ཡིན་རུང་། ང་ཚོས་སྲོལ་རྒྱུན་རིག་པའི་ཐོག་ནས་བལྟས་སྐབས་རབ་ཏུ་བྱེད་པའི་ངོ་བོར་བཞག་ན་འགྲིག་སྙམ། སྤྱིར་བཏང་རབ་ཏུ་བྱེད་པ་ཞེས་པ་དེ་འཇུག་ཡུལ་མི་འདྲ་བ་གཉིས་རེད། རབ་ཏུ་བྱེད་པ་སྡེ་བརྒྱད་ལ་སོགས་པ་རྩོམ་ཡིག་ཐུང་ངུ་ལ་བརྗོད་པའི་སྐབས་ཤིག་དང་། ཡང་གཞུང་ཆེན་མོའི་ནང་ལེའུའི་ཚབ་ཏུ་རབ་ཏུ་བྱེད་པ་ཞེས་སྐབས་དང་། རབ་ཏུ་བྱེད་པ། ལེའུ་ཞེས་མཚན་བརྗོད་སྟངས་མི་འདྲ་བ་མང་པོ་རེད། དཔེར་ན། མཛོད་ནང་གནས་དང་། མངོན་རྟོགས་རྒྱན་ནང་སྐབས། དབུ་མ་འཇུག་པའི་ནང་སེམས་བསྐྱེད་ཞེས་བརྗོད། དེ་བཞིན་གཞུང་ཆེན་མོ་ཁ་ཤས་ནང་རབ་ཏུ་བྱེད་པ་དང་པོ་དང་། རབ་ཏུ་བྱེད་པ་གཉིས་པ་ཞེས་ལེའུའི་ཚབ་ཏུ་རབ་ཏུ་བྱེད་པ་ཞེས་བརྗོད་ཀྱི་རེད། ཡིན་ནའང་དེ་གཉིས་དོན་དག་གོ་བ་ལེན་སྟངས་གཅིག་པ་མིན། ལེའུ་ལ་རབ་ཏུ་བྱེད་པ་ཞེས་གཞུང་ཆེན་མོའི་བརྗོད་བྱའི་དོན་ཚན་རེ་དམིགས་བསལ་གྱིས་བཅད་པ་ཞིག་ལ་བརྗོད། རྩོམ་ཡིག་ཐུང་ངུར་རབ་ཏུ་བྱེད་པ་ཞེས་དམིགས་བསལ་བརྗོད་གཞི་གཅིག་གི་ཐོག་དམིགས་བསལ་གྱིས་བྲིས་པའི་ཆེད་རྩོམ་ཞིག་ལ་བརྗོད།
གནས་སྟངས་ག་འདྲ་ཐོག་ནས་ཡིན་ནའང་ང་ཚོས་དེང་རབས་དང་ནུབ་ཕྱོགས་པ་ལ་ལམ་སྟོན་དང་བསླབ་རྒྱུ་ཞིག་མ་གཏོགས། དེང་རབས་དང་ནུབ་ཕྱོགས་ནས་ཚུར་ལེགས་ཆ་བླང་རྒྱུ་དེ་མི་སྲིད་ཅེས་སྲིད་མཐའ་བཀག་ན་མི་འགྲིགས་རུང་། གང་ལྟར་མང་པོ་ཞིག་མེད། དཔེར་ན་ཇ་བཟོ་སྟངས་དང་། ཁ་ལག་ཟ་སྟངས། གཙང་སྦྲ་བྱེད་སྟངས་སོགས་རེ་གཉིས་རེད། དེ་ཚོའི་རྒྱབ་ལྗོངས་ཀྱི་བསམ་བློའི་ནང་རང་དོན་ཡིད་བྱེད་དང་། རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པ་ཧ་ལམ་མེད། འོ་ན། ནུབ་ཕྱོགས་པའི་ནང་སངས་རྒྱས་བྱང་ཆུང་སེམས་དཔའི་སྤྲུལ་པ་མེད་དམ་ཞེས་རྟགས་བསལ་གཏང་ན། དེ་གནས་ཚུལ་ལོགས་ཀ་རེད། ད་ལྟ་ང་ཚོས་སྤྱིར་བཏང་ཐུན་མོང་གི་སྣང་ངོར་འགྲོ་སྟངས་ཐོག་བཤད་དགོས་ཀྱི་ཡོད། དེང་སང་ང་ཚོས་ལད་ཟློས་གང་ཡང་མིན་རུང་། གནས་ཚུལ་ཁ་ཤས་ཐོག་ནུབ་ཕྱོགས་པའི་བྱེད་སྟངས་བཞིན་བྱས་ན། ཁོང་ཚོ་དང་ཁོང་ཚོའི་རྗེས་འཇུག་ལ་ཏན་ཏན་ཕན་ཐོགས་ཡོང་གི་རེད།
སངས་རྒྱས་ཀྱིས་གདུལ་བྱ་སྐྱོང་བའི་འཕྲིན་ལས་ནང་། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། ཞེས་གདུལ་བྱ་རྣམས་གང་ལ་མོས་པ་ཆེ་བ་དང་། གང་ལ་དགའ་བ་བཞིན་བསྟན་ནས་དེའི་དོན་མཛད་ཀྱི་ཡོད། དེ་ལ་ལད་ཟློས་ཞེས་མི་བརྗོད། ད་ལྟ་གཏམ་ཉོག་ལྟ་བུ་མང་པོ་ཞིག་ཆགས་འགྲོ་གི་འདུག རྡོག་རྡོག་གང་ཞུ་རྒྱུ་ཡིན་ཞེ་ན། བོད་རིག་པའི་ཞིབ་འཇུག་གི་དུས་དེབ་འདི་ནུབ་ཕྱོགས་ཀྱི་ལད་ཟློས་གང་ཡང་མིན་རུང་། ཅི་སྟེ་ནུབ་ཕྱོགས་པའི་བྱེད་སྟངས་བཞིན་བྱེད་ན། ནུབ་ཕྱོགས་པའི་བསམ་བློའི་ཤན་ཞུགས་ཡོད་པའི་དེང་རབས་ཀྱི་མི་དེ་ཚོ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། རྩོམ་པ་པོ་ཚོའི་དགོངས་པ་བཞེས་སྟངས་ངས་མ་ཤེས་རུང་། ང་སྒེར་གྱིས་དེ་འདྲ་ལྟ་གི་ཡོད།
སྤྱིར་བཏང་དུས་དེབ་འདོན་རྒྱུ་དེ་ལས་སླ་པོ་རེད། སྙན་རྩོམ་ཐོག་ནས་དུས་དེབ་འདོན་རྒྱུ་ཡོད། དེ་བཞིན་རྩོམ་རིག་གི་རང་བཞིན་ཅན་གྱི་རྩོམ་ཡིག་རུག་རུག་བཟོས་ཏེ་དུས་དེབ་བཟོ་རྒྱུ་སྟབས་བདེ་པོ་རེད། དེ་མིན་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། ཡུལ་གོམས་གཤིས་ལུགས་སོགས་གནས་ཚུལ་བྱེ་བྲག་རེའི་ཐོག་ནས་ཆེད་རྩོམ་རུག་རུག་བཟོས་ཏེ་དུས་དེབ་བཟོ་རྒྱུ་ལས་སླ་པོ་རེད། དེ་ཚོ་ཏག་ཏག་འགྲོ་ཡང་ཐུབ། འོན་ཀྱང་ཉམས་ཞིབ་རང་བཞིན་ཅན་གྱི་དུས་དེབ་བཟོ་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་གར་ནང་ལའང་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དུས་དེབ་གྲགས་ཅན་ཉུང་ཉུང་རེད། རྒྱ་གར་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་ (Indian Council of Philosophical Research) ཀྱིས་གཅིག་འདོན་གྱི་ཡོད། དེ་བཞིན་ཨེ་ཤི་ཡ་ཊིཀ་སོ་ས་ཡི་ཊི་ (Asiatic Society) ནས་གཅིག་འདོན་གྱི་ཡོད། ངས་ཤེས་པ་མང་ཆེ་བ་ལྟ་གྲུབ་རིག་པ་དང་། མཚན་ཉིད་རིག་པའི་སྐོར་རེད། དེ་ཚོ་དུས་ཐོག་ལ་བཏོན་མ་ཐུབ་པ་དང་། ལེ་ཚན་ཁ་ཤས་ཆད་པ་ཡང་ཡང་ཡོང་གི་ཡོད། ད་ལྟ་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་ནང་གསུངས་པ་བཞིན་སྙན་རྩོམ་དེ་རིགས་སྟབས་བདེ་པོ་རེད་དེ། ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་འབྲི་སྐབས་ཞིབ་འཇུག་བྱེད་དགོས་པ་དང་། རྒྱུ་ཆ་མང་པོ་འཚོལ་སྒྲུབ་བྱེད་དགོས་པ། དུས་ཚོད་མང་པོ་གཏང་དགོས་པ་བཅས་དེ་འདྲའི་དབང་གིས་འབྲི་མཁན་ཉུང་ཉུང་རེད། སྔོན་མ་ང་ཝཱ་རཱ་ཎ་སཱི་ལ་ཡོད་སྐབས། སཱ་ར་ནཱ་ཐ་གཙུག་ལག་སློབ་ཁང་ནས་ཉམས་ཞིབ་ཀྱི་དུས་དེབ་ཅིག་འདོན་རྒྱུའི་བསམ་བློ་བཏང་བ་རེད། འོན་ཀྱང་ལག་ལེན་དུ་འཁེལ་བ་བྱུང་མེད། གང་ལགས་ཤེ་ན། འདོན་ཐེངས་གཉིས་གསུམ་ཞིག་བཏོན་ནས་ཆད་ན། ཡ་མཚན་པོ་རེད། དེས་ན་དེའི་ཚབ་ཏུ་དཔེ་རྒྱུན་དཀོན་རིགས་འཚོལ་ཞིབ་ཀྱི་ཉམས་ཞིབ་དང་འབྲེལ་བའི་དྷིཿཟེར་བའི་དུས་དེབ་ཅིག་བཏོན་པ་རེད། དེའི་ནང་དཔེ་རྒྱུན་དཀོན་རིགས་དང་འབྲེལ་བ་ཡོད་པ་དང་། དཔེ་རྒྱུན་དཀོན་རིགས་ཁ་ཤས་ལེགས་སྦྱར་གྱི་སྐད་དུ་ཉམས་གསོ་བྱས་པའི་རིགས་ཤ་སྟག་ལས། གཞན་བཅུག་གི་མེད། དཔེ་རྒྱུན་དཀོན་རིགས་རྣམས་སྡེ་ཚན་དེ་རང་ནས་རྒྱུན་དུ་ཕྱག་ལེན་གནང་མུས་ཡིན་སྟབས། དེ་རིགས་རྫོགས་རྒྱུ་ཞིག་མེད། ས་ག་ཟླ་བའི་ཚེས་བཅོ་ལྔ་དང་། དགུ་པའི་ཚེས་བཅོ་ལྔ་གཉིས་ལ་ངེས་ཅན་ཐོག་ནས་ཟླ་བ་དྲུག་རེར་དྷིཿདུས་དེབ་རེ་ཐོན་ཡོང་གི་ཡོད། ད་ཕལ་ཆེར་ལོ་སུམ་ཅུ་ཡས་མས་ཤིག་སོང་ཟིན། དེ་མིན་དངོས་གནས་ཉམས་ཞིབ་ཀྱི་གནས་ཚད་ཡག་པོ་ཡོད་པའི་དུས་དེབ་འདོན་རྒྱུ་དེ་ཏོག་ཙམ་ཁག་པོ་རེད་བསམ་གྱི་འདུག ཉམས་ཞིབ་ཀྱི་གནས་ཚད་ཟེར་བ་དེ་མང་ཆེ་བ་དེང་རབས་དང་ནུབ་ཕྱོགས་པའི་ལྟ་སྟངས་ཀྱི་ཐོག་ནས་གནས་ཚད་དེ་གཏན་འཁེལ་བ་ཞིག་ཡོད། དེའི་གནས་ཚད་ལ་ང་ཚོས་ངེས་པར་དུ་བསྙབ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། ཁོང་ཚོའི་མཐོང་སྣང་ལ་ཉམས་ཞིབ་ཀྱི་རྩོམ་ཡིག་ཅིག་ཡིན་དགོས་ན། ཁོ་རང་ཚོས་གཏན་ལ་ཕབ་པའི་འོས་ཆོས་དེ་དག་མ་ཚང་ན། ང་ཚོ་ཤཪ་ཕྱོགས་ཀྱི་རིག་པ་དང་སྲོལ་རྒྱུན་པས་བྱེད་མི་ཐུབ་པ་ཞིག་ལ་ཆ་གཞག་རྒྱུའི་ཉེན་ཁ་ཡོད། དེ་འདྲ་བྱེད་རྒྱུ་པགས་པ་དཀར་པོ་ཚོའི་འགན་ཡིན་པ་ལྟ་བུ་ཞིག་ཡོད། པགས་པ་དཀར་པོའི་རྡོག་ཁྲེས་ཞེས་ཁོང་ཚོས་མང་པོ་ཞིག་འཁུར་གྱི་ཡོད་ཅིང་། ཤར་ཕྱོགས་པ་དེ་ཚོ་སྤྱི་ཚོགས་དཔལ་ཡོན་ཡོད་པ་བཟོ་རྒྱུ་དེ་ཁོ་ཚོའི་ལས་འགན་ཡིན་པ་དང་། ཤར་ཕྱོགས་པ་ཚོ་ལ་ཁ་ལག་ཟ་སྟངས་དང་། དུག་སློག་གྱོན་སྟངས། སྐད་ཆ་བཤད་སྟངས་ཚུན་ཆད་ཡ་རབས་སྤྱོད་བཟང་བསླབ་རྒྱུ་དེའང་ཁོ་ཚོའི་ལས་འགན་ཡིན་བསམ་གྱི་ཡོད། ཤར་ཕྱོགས་པ་ལ་ཉམས་ཞིབ་ཀྱི་ཐབས་ལམ་བསླབ་རྒྱུ་དེའང་ཁོ་ཚོའི་ལས་འགན་དུ་བསམས་སྲིད། དེས་ན་ཁོང་ཚོས་བསླབ་མི་དགོས་པར་ང་ཚོ་རང་འགུལ་ཐོག་ནས་ཁོང་ཚོའི་གནས་ཚད་དང་མཉམ་པ་བྱེད་ཐུབ་པ་བསྟན་དགོས་པའང་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
བོད་ཀྱི་སྐད་ཡིག་ཐོག་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་བཏོན་ཐུབ་པ་ཡིན་ན་ཕྱོགས་གཅིག་ནས་སྐད་ཡིག་གི་ཞབས་ཞུ་དང་། ཕྱོགས་གཉིས་ནས་རིག་གནས་ཀྱི་ཞབས་ཞུ། ཕྱོགས་གསུམ་ནས་མི་རིགས་ཀྱི་ངོས་འཛིན་གྱི་ཞབས་ཞུ། གལ་ཏེ་དེའི་ནང་དུ་ཆོས་ཀྱི་སྐད་ཆ་ཡོད་ན་བསྟན་པའི་ཞབས་འདེགས་སུའང་འགྲོ་རྒྱུ་རེད། ད་ལན་འདིར་འདོན་ཐེངས་དང་པོ་ཐོན་པ་དེ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ནི་དུས་ཚོད་ངེས་ཅན་ངེས་མེད་གང་ཡིན་རུང་། རྒྱུན་མཐུད་ནས་བཏོན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། རྒྱུན་མཐུད་ནས་བཏོན་ཐུབ་པ་ཡིན་ན་དེའི་ཆེད་དུ་བྱ་བའི་གདུལ་བྱ་ངེས་ཅན་ཞིག་ཡོང་གི་རེད། དེང་སང་དུས་དེབ་ཀློག་མཁན་མང་ཆེ་བས་དུས་ཚོད་ངེས་ཅན་དུ་ཐོན་པའི་དུས་དེབ་ལ་བསྒུགས་ནས་སྡོད་ཀྱི་ཡོད། དེ་མིན་མཚམས་རེ་བཏོན་པ་དང་། མཚམས་རེ་མ་བཏོན་པ་ཡིན་ན་ཀློག་མཁན་དེ་ངེས་གཏན་མེད་པར་བར་མཚམས་ཤིག་ལ་བརྗེད་འགྲོ་གི་རེད། གང་ལྟར་བསྒུག་རྒྱུའི་བསམ་བློ་དེ་བརླག་འགྲོ་རྒྱུ་རེད། ངས་འདས་པའི་ལོ་བཞི་བཅུ་ནས་རྒྱ་གར་གྱི་ཕྲུ་གུའི་དུས་དེབ་ལོཊ་པོཊ་ (Lot Pot) ཟེར་བ་ཞིག་ཀློག་གི་ཡོད། དེ་ནི་བདུན་རེ་བཞིན་འཆར་ཅན་དུ་འདོན་གྱི་རེད། གཟའ་ཕུར་བུ་དང་པ་སངས་ལ་སླེབས་དུས་དེ་བསྒུག་རྒྱུའི་བསམ་བློ་དེ་སླེབས་ཡོང་གི་རེད། ད་རྡ་རམ་ས་ལར་སླེབས་ནས་རག་གི་མི་འདུག་མ་གཏོགས། ཝཱ་རཱ་ཎ་སཱིར་བསྡད་སྐབས་གཅིག་ཀྱང་མ་ཆད་པར་ཀློག་གི་ཡོད། དེ་ལྟར་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེའི་བསམ་བློའི་ནང་ངེས་ཅན་ཞིག་ཆགས་སོང་ན་དེ་ནས་མི་མང་པོར་ཉམས་ཞིབ་བྱས་པའི་གནས་ཚུལ་མང་པོ་ཞིག་ངོ་སྤྲོད་གསར་པ་ཡོང་རྒྱུའི་ཕན་ཐོགས་ཡོད། དེས་ན་ཁྱེད་ཚོས་མ་འོངས་པར་ཡང་ད་རེས་མགོ་བརྩམས་པའི་བྱ་བ་དེ་རྒྱུན་གནས་ཐུབ་པ་ཞིག་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ལ། སྨོན་ལམ་ཡང་བརྒྱབ་རྒྱུ་ཡིན། ཡིན་ནའང་དུས་ཚོད་ངེས་ཅན་ཞིག་ལ་བཏོན་དགོས་པའི་བྲེལ་བ་དེས་དེད་ནས་གནས་ཚད་ལོང་དང་མ་ལོང་གི་རྩོམ་ཡིག་ཚང་མ་པར་བརྒྱབས་པ་ཡིན་ན་གང་མཚམས་ཤིག་ལ་དུས་དེབ་དེའི་ཆེ་མཐོང་བརླག་འགྲོ་རྒྱུ་རེད། འདོན་ཐེངས་རེ་ཟུང་བཏོན་མ་ཐུབ་པ་ཡིན་ནའང་། གནས་ཚད་མ་ལྡན་པའི་དུས་དེབ་བཏོན་པ་ལས་མ་བཏོན་པ་ཡག་གི་རེད་བསམ་གྱི་འདུག དེས་ན་རྩོམ་ཡིག་གི་གནས་ཚད་དེ་ཞུ་སྒྲིག་ཚོགས་ཆུང་གིས་གཏན་ལ་ཕབ་པ་བཞིན་དེ་མུ་མཐུད་ནས་བསྡད་དགོས་རྒྱུ་དེ་གལ་ཆེན་པོ་རེད། ད་རེས་གནས་ཚད་ལྡན་པའི་རྩོམ་ཡིག་མང་པོ་ཐོབ་མ་སོང་། གང་ཐོབ་པ་དེ་བཏོན་ན་ཡག་གི་རེད་དགོངས་པ་ཡིན་ན་དུས་དེབ་ཀྱི་གནས་ཚད་ཟག་རྒྱུ་རེད། གནས་ཚད་ཟག་པ་ཡིན་ན་རྒྱུན་མཐུད་ནས་བཏོན་པ་ཡིན་ནའང་དེ་ལ་དེ་ཙམ་དགེ་མཚན་མེད། མན་ཇུ་གོང་མའི་སྐབས་སུ་སྒྲུང་ཞིག་བཤད་རྒྱུ་འདུག དེ་ནི་དེང་སང་རྒྱལ་ཁབ་ཁག་གི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ལ་ཕྱི་འབྲེལ་བྱེད་སྟངས་སློབ་སྐབས་བཤད་རྒྱུ་ཞིག་རེད། ཕྱི་འབྲེལ་བྱེད་སྟངས་ལ་དེང་སང་གཡོ་སྒྱུའི་ཐབས་ལམ་ཞེས་བཤད་ཀྱི་རེད། དེ་ལ་ཀཱུཊ་ནཱིཏི་དང་Diplomacyཞེས་དྲང་པོ་མ་ཡིན་པར་ཀྱོག་ཀྱོག་གི་ཐབས་ལམ་ལ་ཟེར། དེ་བསླབ་དུས་སྔོན་མ་མན་ཇུ་གོང་མའི་སྐབས་ཀྱི་དུས་དེབ་ཅིག་གི་སྒྲུང་ཞིག་བཤད་ཀྱི་རེད། དུས་དེབ་དེའི་ནང་བརྒྱབ་རྒྱུའི་རྩོམ་ཡིག་དེ་ཚོ་སླེབས་སྐབས། དུས་དེབ་ནང་པར་བརྒྱབ་མི་ཐུབ་པའི་རྩོམ་ཡིག་རྣམས་ཕྱིར་སློག་བྱེད་སྐབས་ཁོང་ཚོས་“ཁྱེད་རང་གི་རྩོམ་ཡིག་འབྱོར་སོང་། ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ། སྐུ་ལས་མང་པོ་བསྐྱོན་ནས་རྩོམ་ཡིག་ཡག་པོ་བྲིས་འདུག འོན་ཀྱང་ད་རེས་ང་ཚོའི་དུས་དེབ་ནང་བརྒྱབས་ཐུབ་མ་སོང་། དགོངས་དག་ཞུ་རྒྱུ་ཡིན། དུས་དེབ་ནང་བརྒྱབས་མ་ཐུབ་པའི་རྒྱུ་མཚན་གང་རེད་ཅེ་ན། ཁྱེད་རང་གི་རྩོམ་ཡིག་དེ་ཡག་ཐག་ཆོད་ནས་ཀློག་པ་པོས་བྲོ་བ་ཞིག་མྱངས་ན། རྗེས་སུ་ང་ཚོར་རྒྱུན་དུ་རྩོམ་ཡིག་དེ་འདྲ་བརྒྱབ་རྒྱུ་མ་ཐོབ་ན། ང་ཚོའི་དུས་དེབ་ཀྱི་ཀློག་པ་པོ་ཉུང་དུ་འགྲོ་རྒྱུ་རེད། དེར་བརྟེན་འདིར་བརྒྱབས་ནུས་མ་སོང་”ཞེས་ཡི་གེ་ཞིག་གཏོང་གི་ཡོད་འདུག གང་ལྟར་གནས་ཚད་ལོངས་མེད། ཡིན་ནའང་གནས་ཚད་ལོངས་མི་འདུག་ཅེས་མ་བཤད་པར། ཁྱེད་རང་གི་རྩོམ་ཡིག་དེའི་གནས་ཚད་མཐོ་དྲགས་འདུག་ཅེས་བཤད་ཀྱི་རེད། དེ་ཚོ་ཞར་བྱུང་གི་གཏམ་རེད།
“སྤྱིར་ཞིབ་འཇུག་བྱེད་རྒྱུའི་གལ་ཆེའི་རང་བཞིན་དང་། བོད་རང་གི་སྔ་སྲོལ་ཞིབ་འཇུག་གི་ཐབས་ལམ། དེང་རབས་ཀྱི་ཞིབ་འཇུག་གི་ཐབས་ལམ་བཅས་ཀྱི་སྐོར་”ལ་ཤོད་གསུང་གི་ཡོད་རེད། ཁྱེད་ཚོར་ཐུགས་ཕན་གསོས་པ་ཞུ་རྒྱུ་གང་ཡང་མེད། ལྷག་པར་དུ་དེང་རབས་ཀྱི་ཞིབ་འཇུག་གི་ཐབས་ལམ་སྐོར་ངས་ཤེས་ཀྱི་མེད། སྤྱིར་བཏང་ཞིབ་འཇུག་ཅེས་པའི་ཐ་སྙད་དེའི་སྐོར་ལ་ང་ཚོས་གོ་བ་ལེན་སྟངས་གང་ཡིན་པ་དང་། དེ་ལ་ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་མི་འདྲ་བ་གང་ཡང་མེད། འོན་ཀྱང་སློབ་སྦྱོང་བྱེད་རྒྱུའི་བསམ་བློའི་རྒྱབ་ལྗོངས་རྦད་དེ་ཐ་དད་རེད། སྤྱིར་ཤར་ཕྱོགས་པ་དང་། ལྷག་པར་དུ་ང་ཚོ་ནང་པ་ཚོའི་སློབ་སྦྱོང་གི་དམིགས་ཡུལ་དེ་མངོན་མཐོ་དང་ངེས་ལེགས་གང་རུང་ལ་དམིགས་པ་མ་གཏོགས། ཚེ་འདིའི་བྱ་བཞག་ལ་དམིགས་པ་མེད། ནུབ་ཕྱོགས་པ་དང་དེང་རབས་པས་བྱ་བ་གང་ཡིན་རུང་། ཚེ་འདི་དང་། དེ་ཡང་རང་ཉིད་གཅིག་པུའི་ཁེ་ཕན་གྱི་ཆེད་དུ་དམིགས་པ་ཞིག་མ་གཏོགས། གཞན་ཕན་ལ་དམིགས་པ་དང་། ཕྱི་མ་ཕན་ཆད་ལ་དམིགས་པ་ཧ་ལམ་མེད་ཅེས་བཤད་ནའང་མ་འགྲིགས་པ་མེད། དེས་ན་རྩ་བའི་བསམ་བློ་ཁྱེར་སྟངས་དེའི་རྒྱབ་ལྗོངས་རྦད་དེ་ཐ་དད་རེད། དེ་ང་ཚོས་རྟག་ཏུ་སེམས་ནང་གཞག་དགོས།
ཞིབ་འཇུག་ཟེར་བའི་ཚིག་དེ་དེང་སང་བརྗོད་བྱ་ཁྱད་པར་བ་ཞིག་སྟོན་རྒྱུའི་ཆེད་དུ་མ་ཡིན་པར། ནུབ་ཕྱོགས་པ་ཚོས་ཨིན་སྐད་ལ་research ཟེར་བའི་ཚིག་དེ་བོད་སྐད་ནང་ཞིབ་འཇུག་ཅེས་བསྒྱུར་བ་རེད། ང་ཚོས་ཞིབ་འཇུག་ཅེས་བཤད་པ་དེ་ཚང་མ་ནུབ་ཕྱོགས་པས་བཤད་པ་དང་དེང་རབས་པས་བཤད་པའི་ Research methodology ཟེར་བ་དེ་རེད། དེ་ལ་སློབ་ཚན་མི་འདྲ་བ་རེ་ལའང་ཐབས་ལམ་མི་འདྲ་བ་རེ་བྱས་ནས་དེའི་སྐོར་ལ་རིག་པའི་གཞུང་ལུགས་ཆ་ཚང་ཞིག་ཡོད་རེད། དེང་རབས་ཀྱི་ Research དང་ investigation ཟེར་བའི་ཚིག་དེ་ང་ཚོས་ཞིབ་འཇུག་ཟེར་བ་དེ་ལ་བེད་སྤྱོད་བཏང་ན། ཁོང་ཚོ་བཞིན་ཐབས་ལམ་དང་། མངོན་པར་གསལ་བ་བྱེད་སྟངས། མདུན་ལ་འཇོག་སྟངས་རྣམས་གཅིག་པ་བྱས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག Research ཟེར་བ་དེ་རྒྱ་གར་སྐད་དུ་ཤོདྷ་དང་། ཨནུསཾདྷཱན། གབེཥཎཱ་སོགས་སྣ་ཚོགས་སུ་བསྒྱུར་ཡོད། ཤོདྷ་ནི་ཞུ་དག་བྱེད་པ་ལྟ་བུ་ཞིག་རེད། གང་ལྟར་མི་གཙང་བ་ཞིག་གཙང་མ་དང་། དག་ཐེར་ལ་ཟེར་བ་རེད། ཨནུསཾདྷཱན་ནི་རྗེས་སུ་འཚོལ་བའམ་རྗེས་སུ་དཔྱད་པ་ལ་ཟེར། གབེཥཎཱ་ནི་བཙལ་བའི་དོན་རེད། དེང་སང་ཞིབ་འཇུག་ཟེར་བའི་ཚིག་དེ་ཁྱབ་ཆེ་བ་འདུག། དང་པོ་རིགས་གཅིག་རྐང་འཛིན་ཟེར་བ་དེ་བེད་སྤྱོད་མང་པོ་བཏང་བ་རེད། Research ལ་རིགས་གཅིག་རྐང་འཛིན་བེད་སྤྱོད་བཏང་ན། specialization ལ་ཚིག་གཞན་ཞིག་བཙལ་དགོས་ཀྱི་རེད། ངས་བལྟས་པ་ཡིན་ན། Specialization ལ་རིགས་གཅིག་རྐང་འཛིན་དང་། research ལ་ཞིབ་འཇུག་དང་། མཐའ་དཔྱོད། དཔྱད་ཞིབ་བཅས་བསྒྱུར་ན། འགྲིག་གི་མེད་འགྲོ་བསམ་གྱི་འདུག
ནུབ་ཕྱོགས་པ་དང་དེང་རབས་ཀྱིས་ཉམས་ཞིབ་བྱེད་པའི་རྒྱབ་ལྗོངས་ཀྱི་བསམ་བློ་གང་དགོས་ཀྱི་རེད། ཐབས་ལམ་གང་རེད། དེའི་སྐོར་ངས་ཤེས་ཀྱི་མེད་ལ། ཞུ་རྒྱུའང་མིན། ཞུས་ནས་དགོས་པའང་ཅང་མི་འདུག་བསམ་གྱི་འདུག
སྤྱིར་བཏང་ནུབ་ཕྱོགས་པ་ཚོས་སློབ་སྦྱོང་དང་ཉམས་ཞིབ་བཅས་སྡེ་ཚན་མི་འདྲ་བ་གཉིས་སུ་ཕྱེ། གཙུག་ལག་སློབ་ཁང་ཞིག་ཡིན་ན་ Study དང་ research གཉིས་འདུག་དང་མི་འདུག་དེ་བལྟ་གི་རེད། Study ནི་སློབ་སྦྱོང་རེད། Research ནི་ཉམས་ཞིབ་རེད། དཔེར་ན། འཛིན་གྲྭ་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་ཐོན་ན་སློབ་སྦྱོང་ཚར་བའི་སྐད་ཆ་རེད། སློབ་སྦྱོང་ཚར་རྗེས་གཞི་ནས་ཉམས་ཞིབ་མགོ་འཛུགས་རྒྱུའི་བསམ་བློ་ཞིག་གཏོང་གི་རེད། དེ་དང་མཚུངས་ཆོས་སྦྱར་ནས་ང་ཚོས་བསམ་བློ་གཏོང་རྒྱུ་དེ་གང་རེད། དེའི་ཐོག་ནས་གཟིགས་ན། ང་རང་ཚོ་ལ་ཐོས་བསམ་སྒོམ་གསུམ་གྱི་དབྱེ་བ་ཡོད་རེད། སློབ་སྦྱོང་བྱེད་པའི་རིམ་པའི་ནང་ཐོས་བསམ་སྒོམ་གསུམ་གྱི་དབྱེ་བ་ཕྱེ་སྐབས། ཐོས་པ་དེ་སློབ་སྦྱོང་རེད། བསམ་པ་དང་སྒོམ་པ་གཉིས་ཉམས་ཞིབ་རེད། གང་ལྟར་བསམ་སྒོམ་གཉིས་པོ་ Research ཚུལ་དེ་རེད། ཐོས་པ་དེ་སློབ་སྦྱོང་ཚུལ་དེ་རེད། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་ལ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག།། ཅེས་ད་ལྟ་གོང་དུ་ཞུས་པ་བཞིན་དམིགས་ཡུལ་དང་རྒྱབ་ལྗོངས་མི་འདྲ་བ་ཡིན་དུས་ང་ཚོས་ཉམས་ཞིབ་ཀྱི་དགོས་པ་དེ་གསར་པ་བསྟན་རྒྱུ་ཞིག་གང་ཡང་མིན། གང་ལྟར་ཉམས་ཞིབ་ཀྱི་དགོས་པ་དེ་རང་གི་བློའི་ནང་ཐེ་ཚོམ་ཐམས་ཅད་ཆོད་ནས་མཐར་ཐུག་གི་མཇུག་འབྲས་འཐོན་རྒྱུ་དེ་རེད། སྒོམ་གྱི་ནང་དཔྱད་སྒོམ་དང་འཇོག་སྒོམ་གཉིས་སུ་ཕྱེ་བ་རེད། འཇོག་སྒོམ་གྱི་རྒྱུ་ཆ་དེ་དཔྱད་སྒོམ་གྱིས་བཟོ་དགོས་ཀྱི་ཡོད། དཔྱད་སྒོམ་དེ་ཉམས་ཞིབ་རེད། དཔྱད་སྒོམ་གྱིས་ཉམས་ཞིབ་བྱས་པའི་གྲུབ་དོན་ (Thesis) དེའི་ཐོག་འཇོག་སྒོམ་གྱིས་མཉམ་པར་བཞག་ནས་བསྒོམ་རྒྱུ་རེད། འགྲོ་སྟངས་དེ་རེད།
ཐོས་བྱུང་གི་ཤེས་རབ་དེ་མངོན་པ་འོག་མའི་ནང་སོ་སོའི་ཤེས་རབ་མིན་པར། གཡར་བའི་ཤེས་རབ་ལ་ཟེར་བ་རེད། གཡར་བའི་ཤེས་རབ་དེ་རང་གི་ཤེས་རབ་ཀྱི་ངོ་བོ་ལ་བསྒྱུར་བའི་ཆེད་དུ་ཐོས་བྱུང་གི་ཤེས་རབ་ཀྱི་ངོ་བོ་དེ་བསམ་བྱུང་གི་ཤེས་རབ་ཀྱི་ངོ་བོ་ལ་བསྒྱུར་བའི་འབད་བརྩོན་དང་རིམ་པ་དེ་འགྲོ་དགོས། སྲོལ་རྒྱུན་ཐོག་ནས་ཉམས་ཞིབ་བྱེད་སྟངས་དང་དེའི་ཐབས་ལམ་སྐོར་གཙོ་བོར་རང་གིས་གང་མཐོང་བ་དེ་ཞུས་ན། ལར་ནས་དེ་ཡིན་པའི་ཁྱབ་པ་གང་ཡང་མེད། ངས་ཞིབ་ཚགས་པོ་ཉམས་ཞིབ་བྱེད་རྒྱུ་བྱུང་མེད། ཡིན་ནའང་རང་གི་སྤྱིར་བཏང་གི་མཐོང་ཚུལ་དང་གོ་བ་ཆགས་སྟངས་དེ་རེད། དེས་སྲོལ་རྒྱུན་རྐྱང་པ་མིན་པར། ནུབ་ཕྱོགས་པ་དང་དེང་རབས་མཉམ་དུ་མཚུངས་བསྡུར་དང་། དཔུང་པ་མཉམ་ཞིབ་ཀྱིས་འགྲོ་རྒྱུ་དེ་བློ་ཕུག་ལ་བཞག་ནས་ད་ལྟ་ངས་སྲོལ་རྒྱུན་གྱི་སྐད་ཆ་དེ་ཞུ་གི་ཡོད། ཡིན་ནའང་སྲོལ་རྒྱུན་གྱི་སྐད་ཆ་ཞུས་པ་དེ་དེང་རབས་དང་ནུབ་ཕྱོགས་པ་མཉམ་དུ་འབྱོར་པོ་དང་ཏག་ཏག་ཁ་སྦྱར་རྒྱུའི་དོན་དུ་མིན། ང་ཚོས་རང་བཞིན་གྱི་དངོས་ཡོད་གནས་ཚུལ་གང་ཡོད་པ་དེའི་ཐོག་བལྟས་ནས་ཞུ་གི་ཡོད། ཐོས་པ་གང་འདྲ་ཞིག་བྱས་པ་ཡིན་ནའང་། རིག་གནས་དང་གཞུང་ཆེན་མོ་གང་ཡིན་རུང་། དང་པོ་སློབ་ཚན་ངོས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སློབ་ཚན་ངོས་འཛིན་ཡང་དག་པ་མ་བྱུང་ན། ཐོས་བསམ་སྒོམ་གསུམ་གྱི་རིམ་པ་ཚང་མ་ཡག་པོ་འགྲོ་ཐུབ་ཐབས་མེད། ང་ཚོའི་བསྟན་བཅོས་ཚང་མའི་ནང་དགོས་སོགས་ཆོས་བཞིའི་རྣམ་བཞག་བཤད་པ་དེ་ཕྲུ་གུ་ཆུང་ཆུང་སྐབས་སུ་ཆོ་ག་ཕྱག་ལེན་ལྟ་བུ་ཞིག་ཏུ་མཐོང་གི་ཡོད། གང་ལགས་ཤེ་ན། དགོས་སོགས་ཆོས་བཞི་དེ་དཔེ་ཆ་ཚང་མའི་མགོ་ལ་གཅིག་པ་ཡོང་གི་རེད། ད་ལྟ་བསམ་བློ་གཏོང་དུས་དངོས་གནས་དགོས་སོགས་ཆོས་བཞི་དེ་བསམ་གྱིས་མི་ཁྱབ་པའི་གནད་འགག་ཆེན་པོ་ཞིག་རེད་འདུག གནས་ཚུལ་ག་འདྲ་ཞིག་གི་ཐོག་སློབ་སྦྱོང་བྱེད་རྒྱུ་དེ་ཐོག་མ་བློ་ཡུལ་དུ་ངེས་པ་དང་། གལ་ཏེ་དངོས་པོ་བརྒྱད་དང་དོན་བདུན་ཅུ་ལ་སློབ་སྦྱོང་བྱེད་འདོད་ཡོད་ན། དེ་བསྟན་པའི་གཞུང་མངོན་རྟོགས་རྒྱན་དེ་ཡག་ཤོས་ཡིན་པ་དང། དངོས་པོ་བརྒྱད་དང་དོན་བདུན་ཅུའི་གནད་དེ་རྟོགས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པའི་བགྲོད་ཚུལ་ཆ་ཚང་རྟོགས་རྒྱུ་དང་། རང་གིས་ཉམས་སུ་ལེན་རྒྱུ། གཞན་ལ་འཆད་པ་ཚང་མ་ཡོང་རྒྱུ་རེད། དེས་ན་ཉམས་ཞིབ་བྱེད་རྒྱུའི་ཡུལ་གཏན་འཁེལ་དགོས་པ་དེ་གོམ་པ་དང་པོ་རེད། དེ་ནས་གོམ་པ་གཉིས་པ་ཀུན་སློང་དང་བསམ་བློའི་ཁྱད་པར་རེད། འདིར་ཆོས་ཀྱི་སྐད་ཆ་བཤད་ཀྱི་མེད་སྟབས། འདི་སྣང་དོན་གཉེར་ཡོང་སྲིད། གང་ལྟར་དེ་བསམ་བློའི་འཁྱེར་ཕྱོགས་ཤིག་རེད། ཐོས་པ་རྐྱང་པས་མ་གཏོགས་བསམ་སྒོམ་གྱིས་སྒྲོ་འདོགས་གཅད་རྒྱུའི་འཆར་གཞི་མེད་པ་ཡིན་ན་གནས་ཚུལ་ཐ་དད་རེད། བསམ་སྒོམ་གྱིས་སྒྲོ་འདོགས་གཅད་རྒྱུའི་འཆར་གཞི་ཡོད་པའི་གང་ཟག་དེ་ཉམས་ཞིབ་བྱེད་མཁན་ཞིག་ཏུ་ཆགས་རྒྱུའི་དོན་དུ་རྟོན་པ་བཞིའི་རྣམ་བཞག་ཤེས་དགོས། རྒྱལ་བའི་གསུང་རབ་ལ་སློབ་གཉེར་བྱེད་པ་ཡིན་ནའང་རེད། ག་འདྲ་ཞིག་གི་ཐོག་ལ་སློབ་གཉེར་བྱེད་པ་ཡིན་ནའང་། རྟོན་པ་བཞིའི་རྣམ་བཞག་དེ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ང་ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་སུ་ལམ་རིམ་པ་ཟེར་བའི་ངའི་གྲོགས་པོ་ཞིག་ཡོད། གྲྭ་པ་ཧ་ཅང་ཡག་པོ་ཞིག་ཡོད། དཔེ་ཆ་ཡང་མཁས་པ་རེད། ཉམས་ལེན་པའང་རེད། དེ་ནས་རྩོམ་ཡང་མཁས་པ་རེད། ང་གཉིས་རྩོམ་གྱི་ཐོག་ནས་ཕན་ཚུན་དོན་དག་ཡོད་མིན་ཅི་རིགས་ཐོག་དགག་པ་རྒྱག་རེས་བྱས་མྱོང། ང་ཚོ་བློ་གསལ་གླིང་ནང་ཆོས་རྭ་འགྲིམས་སྐབས་སྙན་ངག་རྩོམ་མཁན་ཉུང་ཉུང་རེད། ལམ་རིམ་པས་ཡི་གེ་ཞིག་གི་ནང་། དྲང་སྲོང་ཆེན་པོས་འགྲོ་བ་བཞི་པོ་དང་།། རྟོན་པ་བཞི་ཡི་བྱེ་བྲག་འབྱེད་གསུངས་པ།། སྔ་སོར་སྣང་ལ་མ་ངེས་ཉིད་གྱུར་ཀྱང་།། ད་ནི་དོན་འགྱུར་ཐེ་ཚོམ་ཙམ་ཞིག་སྐྱེས།། ཞེས་ཁོ་རང་གི་གནས་སྟངས་ཤིག་བྲིས་འདུག དེ་ངས་བདེན་པ་རེད་འདུག་བསམས་པ་ཞིག་བྱུང་། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པའི་བསམ་ཚུལ་ངེས་ཅན་ཞིག་མེད་ན། ཉམས་ཞིབ་བྱེད་རྒྱུའི་བློ་དེ་ནུས་ལྡན་ཞིག་ཡོང་གི་མ་རེད། གང་ཟག་ཁྱད་པར་ཅན་ཞིག་གིས་མིན་པ་ཞིག་ལ་ཡིན་གསུངས་པ་ཡིན་ནའང་རེད། ཡིན་པ་ཞིག་ལ་མིན་གསུངས་པ་ཡིན་ནའང་རེད། གང་ཟག་གི་གཟི་བརྗིད་ཀྱི་དབང་གིས་ང་ཚོས་དགག་སྒྲུབ་བྱེད་རྒྱུའི་ནུས་པ་དང་རྩལ་དེ་བཅག་རྒྱུའི་ཉེན་ཁ་ཡོད། དེས་ན་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པའི་བསམ་ཚུལ་ཡོང་དགོས་པ་དེ་ཉམས་ཞིབ་བྱེད་མཁན་གྱི་བསམ་བློའི་ཁྱད་ཆོས་དང་པོ་དེ་རེད། ཆོས་དེ་ཚིག་ལ་མི་རྟོན་པར་དོན་ལ་རྟོན་དགོས། ང་ཚོའི་ནང་པའི་གཞུང་གི་འགྲོ་སྟངས་ལྟར་ན། སྒྲ་དོན་དངོས་དབང་གི་འབྲེལ་བ་གང་ཡང་མེད་པར། སྒྲ་རྟོག་སེལ་བའི་དབང་གིས་འཇུག་པར་བརྟེན། ངེས་པར་དུ་འཇུག་ཡུལ་གྱི་དོན་ལ་དཔྱད་པ་བྱེད་དགོས་པ་རེད་མ་གཏོགས། རིག་བྱེད་མཐའ་པ་བཞིན་སྒྲ་དེ་ཧ་ཅང་རྩ་ཆེན་པོར་བརྩི་བ་དང་། རིགས་པ་ཅན་པ་བཞིན་སྒྲ་དོན་དངོས་དབང་གི་འབྲེལ་བ་ཡོད་པ་མི་བརྩི་བར་བརྟེན། ཚིག་གི་བརྗོད་བྱ་ག་འདྲ་ཞིག་ཡིན་ནའང། དེའི་སྒྲ་ཇི་བཞིན་དུ་ཆ་མ་བཞག་པར་དེའི་དངོས་ཡོད་གནས་ཚུལ་བལྟ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དོན་ལའང་དྲང་དོན་དང་ངེས་དོན་གཉིས་རེད། སེམས་ཙམ་པ་མན་ཆད་ཀྱིས་དྲང་ངེས་ཀྱི་དབྱེ་བ་ཕྱེ་སྟངས་ཐ་དད་རེད་ལ། དབུ་མ་པ་ཡན་ཆད་ཀྱིས་དྲང་ངེས་དབྱེ་བ་ཕྱེ་སྟངས་ཐ་དད་རེད། གང་ལྟར་རང་ཉིད་ཀྱིས་གྲུབ་མཐའ་ག་འདྲ་ཞིག་ཟིན་ནའང་། གྲུབ་མཐའ་དེའི་རྣམ་བཞག་དང་མཐུན་པར་ངེས་དོན་ལ་བསྟུན་དགོས་པ་མ་གཏོགས། དྲང་དོན་གྱི་གནས་ཚུལ་དེ་གཞག་དགོས་བྱུང་ན་གཞག་ཐུབ་པ་དང་། དགག་པ་བརྒྱབ་དགོས་བྱུང་ན་རྒྱག་ཐུབ་པའི་བསམ་བློ་ཞིག་དགོས། རྣམ་ཤེས་ལ་མི་རྟོན་པར་ཡེ་ཤེས་ལ་རྟོན་ཟེར་བ་དེའང་ངེས་དོན་རྙེད་པའི་དོན་དེ་འཕགས་པའི་ཡེ་ཤེས་ཀྱིས་གང་གཟིགས་པར་ཆ་བཞག་པ་ལས། རྗེས་དཔག་ཚད་མའི་ངོ་བོར་གྱུར་པ་དང་། རྟོག་པའི་ངོ་བོར་གྱུར་པའི་བློ་ཞིག་ལ་ཆ་མི་བཞག་པ་དགོས། བོད་ཀྱི་དཔེ་ཆ་ཁ་ཤས་ནང་དབང་ཤེས་ལ་མི་རྟོན་ཡིད་ཤེས་ལ་རྟོན་ཟེར་བ་ཡོང་གི་འདུག འོན་ཀྱང་མདོ་སྡེ་དགོངས་འགྲེལ་ནང་དེ་འདྲ་མེད། རྟོན་པ་བཞིའི་རྣམ་བཞག་བཤད་སྐབས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཟེར་བའི་ཚབ་ཏུ་དབང་ཤེས་ལ་མི་རྟོན་ཡིད་ཤེས་ལ་རྟོན་ཞེས་བྲིས་པའི་དཔེ་ཆ་ཁ་ཤས་འདུག གཅིག་བྱས་ན་མ་དག་པ་ཡིན་རྒྱུ་རེད། གཅིག་བྱས་ན་དེ་ལའང་འགྲེལ་པ་བརྒྱབ་རྒྱུ་ཞིག་ཡོད་སྲིད། དེས་ན་རྟོན་པ་བཞིའི་རྣམ་བཞག་མ་ནོར་བ་ཤེས་ནས་ཉམས་ཞིབ་བྱེད་སྐབས། རྟོན་བཞིའི་འཇུག་ལྡོག་མ་ནོར་བ་ཞིག་བྱུང་ན་ཉམས་ཞིབ་དེ་ཡང་དག་པ་ཞིག་ཡོང་རྒྱུ་རེད། རྟོན་བཞིའི་འཇུག་ལྡོག་མ་ནོར་བའི་བསམ་བློ་ཡོད་པའི་ཐོག་ལ་ལག་ཆ་ནི་རིགས་པ་དེ་རེད། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་ནམ་རྒྱུན་ཡོངས་གྲགས་དྲངས་པའི་ལུང་གི་ཚིག་དེ་བོད་ལ་བསྒྱུར་བའི་མདོའི་ནང་རྙེད་ཀྱི་མེད། འོན་ཀྱང་ཚིག་དེ་དང་ཕྲན་བུ་མི་འདྲ་བ་ཞིག་རྒྱུད་ཀྱི་ནང་ཐོབ་ཀྱི་ཡོད། ང་ཚོས་ཡོངས་གྲགས་དྲང་ས་དེ་སློབ་དཔོན་ཀམལ་ཤཱི་ལའི་དེ་ཁ་ཉིད་བསྡུས་པའི་འགྲེལ་ཆེན་རེད། དེའི་ནང་མགོ་དེར་མདོ་ལས་ཞེས་པ་ལས། རྒྱུད་ལས་ཞེས་གསུངས་མི་འདུག དེའི་ནང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ཞེས་བསྲེགས་བཅད་བརྡར་གསུམ་དེ་མངོན་སུམ་ཚད་མ་དང་། དངོས་སྟོབས་རིགས་པ། ཡིད་ཆེས་རིགས་པ་བཅས་གསུམ་གྱི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་དེ་རེད། མཐོང་བ་མངོན་གྱུར་བསྟན་པའི་གནས་ལ་མངོན་སུམ་ཚད་མས་ཞིབ་འཇུག་བྱས་ནས་གནོད་པ་འདུག་དང་མི་འདུག་བལྟ་རྒྱུ་རེད། ཅུང་ཟད་ལྐོག་གྱུར་བསྟན་པའི་གནས་ལ་དངོས་སྟོབས་རྗེས་དཔག་གི་སྒོ་ནས་དཔྱད་རྒྱུ་རེད། ཤིན་ཏུ་ལྐོག་གྱུར་བསྟན་པའི་གནས་ལ་ཡིད་ཆེས་རྗེས་དཔག་གིས་དཔྱད་རྒྱུ་རེད། ཡིད་ཆེས་རྗེས་དཔག་ཞེས་པ་དེ་ལུང་ལ་སྐྱབས་སུ་མི་འཛིན་པ་དེ་ཤེས་དགོས། མང་པོ་ཞིག་གིས་ཡིད་ཆེས་རྗེས་དཔག་ཟེར་དུས་ལུང་དྲངས་ན་འགྲིག་པ་ཞིག་གསུང་གི་འདུག དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། ཞེས་ལུང་དྲངས་ནའང་། སྦྱིན་པ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་ལ་བརྟེན་ནས་བདེ་འགྲོར་སྐྱེ་བ་དེ་ལུང་གིས་བསྒྲུབ་ཀྱི་མེད། ཡིན་ནའང་ལུང་དེ་འཁྲུལ་བ་མེད་པ་སྒྲུབ་པའི་རྟགས་དེ་ལ་ཡིད་ཆེས་ཀྱི་རྟགས་ཟེར་གྱི་ཡོད། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་དངོས་སྟོབས་ཀྱི་རྟགས་དེ་དང་གཅིག་པ་བཀོད་རྗེས། ལུང་གིས་བསྟན་བྱ་སླུ་བ་མེད་པ་བསྒྲུབས་པའི་ཐོག་ནས་ཤིན་ཏུ་ལྐོག་གྱུར་གྱི་གནས་ལ་དཔྱོད་པའི་འགྲོ་སྟངས་དེ་རེད། དེས་ན་༧སྐྱབས་མགོན་རིན་པོ་ཆེས་སྔགས་རིམ་ཆེན་མོའི་ལུང་། དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག།། རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ།། ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི།། བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ།། ཅེས་པ་དེ་དྲངས་ཏེ་རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ཞེས་གསུངས་པ་མ་གཏོགས། རྣམ་དག་ལུང་གིས་བློ་གྲོས་མིག་སྦྱོངས་ཞེས་གསུངས་མི་འདུག་ཅེས་ཡང་ཡང་གསུང་གི་ཡོད། དེ་ནི་ཧ་ཅང་གལ་ཆེན་པོ་རེད། དངོས་སྟོབས་ཀྱི་རིགས་པ་དང་ཡིད་ཆེས་ཀྱི་རིགས་པའི་སྒོ་ནས་ཚད་མའི་ཡུལ་གཏན་ལ་ཕབ་སྟངས་དེ་ངེས་པར་དུ་ཤེས་དགོས། ཅུང་ཟད་ལྐོག་གྱུར་བསྒྲུབ་པ་ལ་དངོས་སྟོབས་ཀྱི་རྟགས་དང་། ཤིན་ཏུ་ལྐོག་གྱུར་བསྒྲུབ་པ་ལ་ཡིད་ཆེས་ཀྱི་རྟགས་བཅས་དབྱེ་བ་ཕྱེ་སྟངས་ཤིག་དང་། ཡང་ན་འབྲས་རྟགས་དང་། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་བཅས་ནི་རྟགས་ཀྱི་ངོ་བོའི་ཐོག་ནས་དབྱེ་བ་ཕྱེ་སྟངས། དེ་མིན་དངོས་སྟོབས་ཀྱི་རྟགས་དང་། གྲགས་པའི་རྟགས། ཡིད་ཆེས་ཀྱི་རྟགས་བཅས་སུ་དབྱེ་བ་ཕྱེ་སྟངས་ཀྱང་ཡོད། གང་ལྟར་བསྲེགས་བཅད་བརྡར་གསུམ་ནི་གསུམ་པོ་དེ་དག་ལས་གང་དུ་སྦྱར་ནའང་། རིགས་པའི་ལམ་ནས་ཡང་ཡང་བརྟག་དཔྱད་ཀྱིས་འགྲོ་དགོས་རྒྱུ་དེ་རེད། དེ་ནི་ཉམས་ཞིབ་བྱེད་པའི་ཐབས་ལམ་མེད་དུ་མི་རུང་བ་རེད། དོན་དག་གཅིག་དེ་རེད།
ཐབས་ལམ་གཉིས་པ་རིགས་པའི་བཞིའི་རྣམ་བཞག་དེ་རེད། གོང་དུ་ཞུས་པ་བཞིན། རྗེ་རིན་པོ་ཆེས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། ཞེས་རིགས་པ་བཞི་ནི། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་རེད། གོ་རིམ་དེ་མདོ་སྡེ་དགོངས་འགྲེལ་དང་བྱང་ས་ནས་གསུངས་པ་བཞིན་རེད། ཡིན་ནའང་བོད་པའི་དཔེ་ཆ་མང་པོའི་ནང་གོ་རིམ་འཁྲུགས་པ་སོགས་ཡོང་གི་འདུག ལྟོས་པའི་རིགས་པ་ནི་རིགས་པ་ཐམས་ཅད་ཀྱི་ནང་ནས་གཙོ་ཆེ་ཤོས་རེད། རྗེ་རིན་པོ་ཆེས། ཁྱེད་ཀྱིས་ཇི་སྙེད་བཀའ་བསྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག།། ཅེས་གསུངས་པ་བཞིན། སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་གཡས་སྐོར་གཡོན་སྐོར་གང་བྱས་ནའང་། རྩལ་འདོན་ས་དེ་རྟེན་འབྲེལ་དང་རྟེན་འབྲེལ་གྱི་རྟགས་ཀྱི་རྣམ་བཞག་དེ་རེད། ལྟོས་པའི་རིགས་པ་དེ་ག་ལེར་དེད་པ་ཡིན་ན། མཐའ་མ་འབབ་ས་དེ་རྟེན་འབྲེལ་གྱི་རིགས་པའམ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཞག་དེ་རེད། ལྟོས་པའི་རིགས་པ་དེ་རྒྱུ་རྐྱེན་གྱིས་ལྟོས་པའི་རིགས་པ་དང་། གདགས་པས་ལྟོས་པའི་རིགས་པ་ཞེས་ནང་ཚན་གཉིས་སུ་ཕྱེ་ཞིང་། དེ་མང་ཆེ་བ་ཕུང་སོགས་ཀྱི་ཆོས་ལ་སྦྱར་ནས་གསུངས་ཡོད། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་སོགས་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མིན་པ་དང་། འཇིག་རྟེན་བྱེད་པ་པོས་ཀྱང་བསྐྲུན་པ་མ་ཡིན་པར། རང་དང་མཐུན་པའི་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ལས་བྱུང་བ་ཞེས་རྒྱུ་ཡིས་འབྲས་བུ་སྐྱེད་པའི་འགྲོ་སྟངས་ཤིག་ཡོད། དེའི་ཐོག་ནས་རྒྱུ་ལ་ཉམས་ཞིབ་བྱས་ནས་འབྲས་བུའི་གནས་སྟངས་ཤེས་རྒྱུ་དང་། རྒྱུའི་གནས་བབ་དབང་གིས་འབྲས་བུ་ཇི་འདྲ་ཞིག་ཡོང་བ་ཚོད་དཔག་ཐུབ་པ་བཅས་རྒྱུ་རྐྱེན་ལ་ལྟོས་པར་བརྟེན། རྒྱུ་རྐྱེན་གྱིས་ལྟོས་པའི་རིགས་པ་རེད། གདགས་པས་ལྟོས་པའི་རིགས་པ་ནི་མིང་དང་ཐ་སྙད་སོགས་ཀྱང་རྒྱུ་མེད་རྐྱེན་མེད་ལ་བཏགས་པ་མིན་པར། དཔེར་ན། བརླན་ཞིང་གཤེར་བ་ལ་ཆུ་དང་། ཚ་ཞིང་སྲེག་པ་ལ་མེ། སྲ་ཞིང་འཐས་པ་ལ་ས། གཟུགས་སུ་རུང་བ་ལ་གཟུགས་ཀྱི་ཕུང་པོའམ། ཡང་ན་མིག་ཤེས་ཀྱིས་གཟུང་བྱ་ལ་གཟུགས་ཞེས་པའི་ཐ་སྙད་བཏགས་པ་རེད། དེ་གཉིས་པོ་ལྟོས་པའི་རིགས་པའི་ཐོག་ནས་ལྟ་སྟངས་རེད།
བྱ་བ་བྱེད་པའི་རིགས་པ་ནི་ཚང་མར་དམིགས་བསལ་གྱི་བྱ་བ་རེ་ཡོད་པ་དེའི་ཐོག་ནས་གནས་ཚུལ་ཞིབ་ཚགས་ཤེས་རྒྱུར་ཁྱད་པར་ཡོད། དཔེར་ན། མིག་གིས་གཟུགས་འཛིན་པ་དང་། རྣ་བས་སྒྲ་ཐོས་པ། སྣས་དྲི་ཚོར་བ། ལྕེས་རོ་མྱོང་བ། ལུས་ཀྱིས་རེག་བྱ་མྱོང་བ། ཡིད་ཀྱི་རྣམ་པར་ཤེས་པས་ཆོས་ཀྱི་ཁམས་ཤེས་པ་བཅས་རེད། རྒྱུས་འབྲས་བུ་བསྐྱེད་པ་ཙམ་དུ་མ་ཟད། དེ་དང་མཉམ་དུ་འབྲས་བུ་མི་རྟག་པའང་བསྐྱེད་ལ། འབྲས་བུ་འཇིག་པའང་བསྐྱེད། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དངོས་པོ་ཚང་མར་རང་རང་སོ་སོའི་དམིགས་བསལ་གྱི་བྱ་བ་ཞིག་ཡོད། དཔེར་ན་ང་ཚོ་མིའི་གཟུགས་པོའི་ནང་རྡུལ་རྫས་བརྒྱད་ཆ་ཚང་ཡོད། རྡུལ་རྫས་བརྒྱད་པོ་སོ་སོས་རྟག་ཏུ་བྱ་བ་བྱེད་ཀྱི་ཡོད། བྱ་བ་བྱེད་པའི་རྣམ་བཞག་དེ་ལ་བརྟེན་ནས་ལུས་ཀྱི་ཁམས་མཉམ་པ་དང་མི་མཉམ་པ་སོགས་ཡོང་གི་ཡོད།
འཐད་པ་སྒྲུབ་པའི་རིགས་པ་ནི་རྟགས་བསལ་གཏོང་བ་དང་རྒྱུ་མཚན་བཀོད་ནས་བྱེད་རྒྱུ་དེ་རེད། དངོས་སྟོབས་ཀྱི་རྟགས་དང་། གྲགས་པའི་རྟགས། ཡིད་ཆེས་ཀྱི་རྟགས་ག་འདྲ་ཞིག་ཡིན་ནའང་། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་སྟངས་ལ་འཐད་སྒྲུབ་ཀྱི་རིགས་པ་ཟེར།
ཆོས་ཉིད་ཀྱི་རིགས་པ་ནི་གནས་ལུགས་གང་ཡིན་པ་མཐར་འབབ་ས་དེ་རེད། དཔེར་ན། གཟུགས་ཀྱི་ཆོས་ཉིད་གཟུགས་སུ་རུང་བ་ཙམ་དང་། སྒྲ་ཡི་ཆོས་ཉིད་མཉན་བྱ་ཡིན་པ་ཙམ་རེད། གཟུགས་གཟུགས་སུ་རུང་བ་དང་། སྒྲ་མཉན་བྱ་ཡིན་པ་ནི་ཆོས་ཉིད་རེད། དེའི་དངོས་པོའི་གཤིས་ལུགས་དེ་རང་རེད་ཅེས་བཤད་པ་མ་གཏོགས། དེ་ལ་རྒྱུ་མཚན་གཞན་པ་གང་ཡང་བཤད་རྒྱུ་མེད། ཆོས་ཉིད་ཀྱི་རིགས་པ་ཞེས་དེ་ལ་ཟེར།
མིག་གིས་གཟུགས་དང་འདུས་ཏེ་རེག་པ་ལས་གཟུགས་མཐོང་བའི་སྣང་བ་ཞིག་བྱུང་ནས་དེ་ནས་དེའི་ཚོར་བ་དང་འདུ་ཤེས་སྐྱེ་སྟངས་དང་། དེ་ལ་བརྟེན་ནས་ལས་བསགས་སྟངས་དང་འབྲས་བུ་མྱོང་སྟངས། གང་ལྟར་ཕུང་པོ་ལྔའི་བྱེད་པ་ལ་བལྟས་ནས་ལས་དང་འབྲས་བུའི་རྣམ་བཞག་རྒྱས་པ་ཤེར་ཕྱིན་གྱི་མདོ་སོགས་སུ་ཡང་ཡང་ཡོང་གི་ཡོད། དེ་ཚོ་མང་ཆེ་བ་ལྟོས་པའི་རིགས་པ་ནས་མགོ་འཛུགས་ཀྱིས་དེ་ནས་བྱ་བ་བྱེད་པའི་རིགས་པ་དང་། དེ་ནས་འཐད་པ་སྒྲུབ་པའི་རིགས་པ། མཐར་ཆོས་ཉིད་ཀྱི་རིགས་པ་རེད། དཔེར་ན། ཕུང་པོ་ལྔའི་གནས་སྟངས་ལ་ཉམས་ཞིབ་བྱེད་ན། ཕུང་པོ་ལྔ་དེ་རྒྱུ་གང་ལས་བྱུང་བ་དང་། ཐ་སྙད་ཇི་ལྟར་གདགས་པ། དེའི་དབང་གིས་ཕུང་པོའི་ངོ་བོ་རགས་པ་ཙམ་ཞིག་བློ་ལ་ཟིན་པ་དེས་བྱ་བ་གང་དང་གང་བྱེད་པ། དེ་ལ་བརྟེན་ནས་ལས་གང་བསགས་པ། ལས་དེས་བག་ཆགས་གང་དུ་བཞག་པ། དེས་འབྲས་བུ་གང་སྨིན་པ་བཅས་ནི་བྱ་བ་བྱེད་པའི་རིགས་པ་རེད། བྱ་བ་བྱེད་པའི་རིགས་པ་དང་ལྟོས་པའི་རིགས་པ་གཉིས་ཀའི་གྲུབ་དོན་ལ་འཐད་པ་སྒྲུབ་པའི་རིགས་པས་གནོད་ཀྱི་འདུག་གམ་མི་འདུག གང་ལྟར་འཐད་སྒྲུབ་ཀྱི་རིགས་པས་དགག་གི་འདུག ཡང་ན་བཞག་གི་འདུག གལ་ཏེ་འཐད་པ་སྒྲུབ་པའི་རིགས་པས་བཀག་ན། དང་པོ་གཉིས་དེས་ཕན་མ་ཐོགས་པ་རེད། གལ་ཏེ་ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་གཉིས་ཀྱིས་གང་རྙེད་པའི་དོན་དེ་ལ་འཐད་པ་སྒྲུབ་པའི་རིགས་པས་གནོད་པ་མེད་ན། དེ་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་ཐུབ་པ་ཞིག་རེད། འདིའི་ཆོས་ཉིད་འདི་འདྲ་ཞིག་རེད་འདུག འདིའི་ཆོས་ཉིད་འདི་འདྲ་ཞིག་རེད་མི་འདུག་ཅེས་ཐག་གཅད་ཆོག དེས་ན་རིགས་པ་བཞིའི་བང་རིམ་འགྲོ་སྟངས་དེ་འདྲ་ཞིག་རེད་བསམ་གྱི་འདུག ཚུལ་གསུམ་གྱི་རིགས་པ་དང་རིགས་པ་རྣམ་པ་བཞི་མཉམ་དུ་བསྡོམས་ནས་བརྟག་དཔྱད་བྱས་པའི་གྲུབ་དོན་རྙེད་པ་དེ་བདེན་པའི་གནས་ལུགས་རེད་མ་གཏོགས། གཞན་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མེད་སྐྱེས་བུར་མི་རུང་ཞེས་རྗེ་རིན་པོ་ཆེས་ཐག་བཅད་ནས་གསུངས་པ་བཞིན་རེད། དེ་འདྲའི་ཐབས་ལམ་གྱི་ཐོག་ནས་གནས་ཚུལ་ཡང་དག་པ་ཞིག་རྙེད་ན། དེའི་ཐོག་ཆ་བཞག་ཆོག་པ་དང་། དེའི་རྙེད་དོན་དེ་བདེན་པའི་དངོས་པོ་ལ་བཞག་ཆོག དེའི་རྙེད་དོན་དེ་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་ཅིག་ཆགས་རྒྱུ་རེད། དེ་སྤྱིར་བཏང་ཉམས་ཞིབ་བྱེད་སྟངས་ཀྱི་འགྲོ་སྟངས་ཤིག་རེད།
རིག་པའི་གཞུང་ལུགས་ཡིག་ཐོག་ཏུ་འཁོད་པའི་བཀའ་དང་བསྟན་བཅོས་དེ་ཚོ་ང་ཚོའི་གཞི་རྩ་དེ་རེད། དེ་ཚོ་ཉམས་ཞིབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེ་ཆ་ཉམས་ཞིབ་བྱེད་རྒྱུ་དེ་སྔོན་མ་མེད་པ་མ་རེད། དཔེར་ན་ས་སྐྱ་པཎ་ཆེན་ཡབ་སྲས་དང་། བཀའ་བརྒྱུད་པའི་སྔོན་བྱོན་མཁས་པ་ཁག། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། རྗེ་ཡབ་སྲས་སོགས་ཀྱིས་ཕྱག་དཔེ་དེ་ཚོ་ལ་ཧ་ལས་པའི་དག་ཐེར་དང་ཞུ་དག་གནང་ཡོད། ལྷག་པར་དུ་ལོ་ཆེན་རིན་བཟང་པོས་རྒྱ་སྐད་ལས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཚང་མ་རྒྱ་དཔེ་དང་བསྡུར་ནས་བསྐྱར་ཞིབ་གནང་སྟེ་རྒྱ་དཔེ་མ་ཐོབ་པ་རྣམས་བཏོན་པ་རེད། ལོ་ཙཱ་བ་རིན་ཆེན་བཟང་པོ་ཧ་ཅང་བློ་ཁོག་ཆེན་པོ་རེད་བསམ་གྱི་འདུག དེ་འདྲའི་དཔེ་ཆ་ཞུ་དག་གཏང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེ་ཆ་ཞུ་དག་གཏོང་སྟངས་དེ་དཔེ་མང་པོ་བསྡུར་ནས་ཞུ་དག་གཏང་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་དེའི་འགྲེལ་པ་ཁག་དང་བསྟུན་ནས་ཞུ་དག་གཏང་རྒྱུ། གལ་ཏེ་སྐད་ཡིག་གཞན་ནས་བསྒྱུར་བ་ཡིན་ན། གང་ནས་བསྒྱུར་སའི་སྐད་ཡིག་དེ་ལ་བསྐྱར་དུ་ཁུངས་གཏུགས་ནས་ཞུ་དག་གཏང་རྒྱུ་བཅས་རེད། དཔེ་ཆ་མང་པོ་དཔེ་བསྡུར་བྱེད་རྒྱུ་དེ་སྔོན་མ་བོད་ལ་མེད་པ་མ་རེད། འོན་ཀྱང་བར་ལམ་ཞིག་ནས་ཉམས་པ་རེད། དེང་སང་བོད་ནས་བཀའ་འགྱུར་དང་བསྟན་འགྱུར་ཚང་མ་དཔེ་བསྡུར་བྱས་ནས་པར་བརྒྱབས་འདུག བསྟན་པའི་ཞབས་འདེགས་དང་མི་རིགས་ཀྱི་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབས་པ་རེད་བསམ་གྱི་འདུག ཡིན་ནའང་ལས་ཀ་ཆེན་པོ་དེ་འདྲ་བྱེད་དུས་དེའི་ནང་ཕྲན་བུ་ནོར་འཁྲུལ་དང་ཞན་ཆ་ལྷག་པ་ཡོང་སྲིད། དེ་ནི་མ་འོངས་པའི་མི་རབས་ཚོས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། དཔེ་ཆ་ཞུ་དག་ཡག་པོ་མ་བཏང་ན། དཔེ་ཆ་ལ་བརྟེན་ནས་ནོར་བ་མང་པོ་ཡོང་སྲིད། ལྷག་པར་དུ་རྒྱ་སྐད་ནས་བསྒྱུར་བའི་དཔེ་ཆེ་དེ་ཚོ་ཞུ་དག་ཡག་པོ་མ་བཏང་ན། གོ་བ་ཆེན་པོ་ནོར་རྒྱུའི་ཉེན་ཁ་ཡོད། སྤྱིར་བཏང་མ་རྟོགས་པ་ཙམ་མིན་པར་ལོག་པར་རྟོགས་པ་ཆེན་པོ་ཡོང་སྲིད། བོད་ནང་དཔེ་ཆ་བསྒྱུར་བ་དེ་ཚོའི་ནང་ལའང་བར་མཚམས་ཤིག་ནས་ལེགས་སྦྱར་གྱི་གཞུང་དང་མཚུངས་བསྡུར་བྱེད་རྒྱུ་དེ་ཇེ་ཉུང་དུ་ཕྱིན་པ་མ་ཟད། ལེགས་སྦྱར་ཤེས་མཁན་ཡང་ཇེ་ཉུང་དུ་ཕྱིན་པའི་དབང་གིས་མ་དག་པ་མང་པོ་སླེབས་ཡོད་ཚོད་འདུག དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མའི་ནང་རྒྱ་དཔེ་ལ་བལྟས་ནས་བོད་པས་ནོར་བ་མང་པོ་ཐེར་འདོན་གནང་འདུག། བཀའ་འགྱུར་དང་བསྟན་འགྱུར་ཚང་མ་སྐད་ཡིག་གཞན་ནས་བསྒྱུར་བ་ཤ་སྟག་རེད། དེ་ཚོའི་ནང་དག་དང་མ་དག་ནི་བསྒྱུར་ཡུལ་གྱི་གཞུང་ལ་བལྟ་རྒྱུ་རེད། ལེགས་སྦྱར་ནས་བསྒྱུར་བ་ཡིན་ན་ལེགས་སྦྱར་གྱི་དཔེ་ལ་བལྟ་རྒྱུ་དང་། རྒྱ་སྐད་ནས་བསྒྱུར་བ་ཡིན་ན་རྒྱ་སྐད་ཀྱི་དཔེ་ལ་བལྟ་རྒྱུ་རེད། པཱ་ལི་ནས་བསྒྱུར་བ་ཡིན་ན་པཱ་ལིའི་དཔེ་ལ་བལྟས་ནས་ཞུ་དག་གནང་དགོས་རྒྱུ་དེ་དེང་རབས་ཀྱི་ཞིབ་འཇུག་བྱེད་སྟངས་ཀྱི་ཁྱད་ཆོས་ངེས་ཅན་ཞིག་རེད་ལ། ང་ཚོར་ངེས་པར་དུ་དགོས་པ་ཞིག་ཀྱང་རེད། ང་བཀའ་ཤག་ནང་ཡོད་སྐབས་ྋསྐྱབས་མགོན་རིན་པོ་ཆེས་གནང་རྒྱུའི་འཇམ་དཔལ་མཚན་བརྗོད་ཀྱི་དཔེ་ཆ་པར་སྐྲུན་བྱེད་སྐབས་དོ་སྣང་བྱུང་སོང་། ནམ་རྒྱུན་འཆར་ཅན་འདོན་རྒྱུའི་འཇམ་དཔལ་མཚན་བརྗོད་ཀྱི་ཕྱག་དཔེ་ནང་དུའང་རྒྱ་དཔེ་དང་མ་བསྡུར་བ་ཡིན་ན། མ་དག་པ་མང་པོ་ལྷག་འདུག དཔེར་ན། རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་།། ཞེས་པར། རྡོ་རྗེ་དྲག་པོ་རྡོ་རྗེའི་སྙིང་།། ཞེས་ནོར་འདུག འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ།། ཞེས་པར། འཇམ་དབྱངས་ཆེན་པོ་དགྲ་ཆེ་བ།། ཞེས་ནོར་འདུག ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན།། ཞེས་པར། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།། ཞེས་ནོར་འདུག དེ་བཞིན་སྤྱོད་འཇུག་ནང་། མོ་ཚོགས་འདི་དག་ཅི་ལས་འབྱུང་།། ཞེས་པར། མེ་ཚོགས་འདི་དག་ཅི་ལས་འབྱུང་།། ཞེས་ནོར་འདུག དེ་འདྲའི་དཔེ་ཆ་མ་དག་པ་ཞིག་ལ་གཞི་རྩ་བཅོལ་ནས་བསམ་བློ་བཏང་བ་ཡིན་ནའང་རེད། འགྲེལ་པ་བརྒྱབ་པ་ཡིན་ནའང་རེད། ཏག་ཏག་ཡོང་ཐབས་མེད། དེས་ན་དཔེ་ཆ་ཞུ་དག་གཏང་རྒྱུ་དང་། དཔེ་ཆ་མཛད་པ་པོའི་བྱུང་རབས་ཡག་པོ་ཞིག་ཤེས་རྒྱུ། བྱུང་རབས་སྤྱིར་བཏང་ཙམ་མ་ཡིན་པར། དེ་དུས་ཚོད་ག་དུས་ཡིན་པ་དང་། ཁོང་གི་བླ་མ་སུ་ཡིན་པ། སློབ་མ་སུ་ཡིན་པ་བཅས་ཤེས་དགོས། དེ་མ་བྱུང་བ་ཡིན་ན། དཔེ་ཆ་མང་པོ་ཞིག་གི་ཐོག་ལ་ཞིབ་ཚགས་པོས་ཞིབ་འཇུག་བྱེད་རྒྱུར་ཁྱད་པར་རྒྱུག་གི་རེད། ས་སྐྱ་པཎྜི་ཏ་དང་རྗེ་རིན་པོ་ཆེས་རྒྱ་གཞུང་ཚང་མ་ལ་ཧ་ཅང་དག་ཐེར་དང་ཞིབ་འཇུག་གནང་ཡོད། ང་ཚོས་ཀྱང་ད་དུང་དེ་ཚོ་ངེས་པར་དུ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་འདྲ་བྱེད་ཐུབ་ན་དེ་ནས་སྲོལ་རྒྱུན་གྱི་ཞིབ་འཇུག་བྱེད་སྟངས་ཆ་ཚང་བ་ཞིག་ཡོང་རྒྱུ་རེད། མཇུག་མཆན་དང་། གཤམ་མཆན། ལུང་འདྲེན་བཙལ་རྒྱུའི་རིགས་དེ་ང་ཚོས་མི་ཐུབ་པ་གང་ཡང་མེད། དེ་ཚོ་བྱས་པ་ཡིན་ན། ཕྱི་མིས་ལྟ་བའི་སྐབས་སུ་འདི་ཡག་པོ་བྱུང་འདུག་བསམ་གྱི་རེད། ངས་ནམ་རྒྱུན་ནུབ་ཕྱོགས་པའི་གྲོགས་པོ་ཁ་ཤས་ལ་ཀུ་རེའི་ཚུལ་དུ་“ཁྱེད་ཚོ་མཆན་གྱི་མཁས་པ་རེད། མཇུག་མཆན་དང་འོག་མཆན་སོགས་ཡོད་ན། དེའི་རྩོམ་ཡིག་དེ་ཡག་པོ་དང་མཁས་པ་ལ་བརྩི་གི་འདུག འོན་ཀྱང་ང་ཚོ་གཞུང་གི་མཁས་པ་རེད་”ཅེས་བཤད་མྱོང་། གལ་ཏེ་ཁོང་ཚོས་མཆན་གྱི་མཁས་པ་ལ་མཐོང་ཆེན་སྤྲད་ན་ང་ཚོར་མཆན་བརྒྱབ་རྒྱུ་མེད་པ་མ་རེད། ལམ་རིམ་མཆན་བཞི་སྦྲགས་ལ་མཆན་བཞི་ཡོད། རྒྱག་སྟངས་དེ་དཔེ་ཡག་པོ་རེད། མཆིམས་མཛོད་ལ་གཟིགས་ན་མཆན་གྱིས་ཁེངས་ཡོད། མཆིམས་མཛོད་ཀྱི་རྩ་ཚིག་གང་ཡིན་པ་དང་། མཆིམས་མཛོད་ཀྱི་མཆན་གང་ཡིན། མཆན་དཀྱུས་ལ་ཤོར་བའི་སྐད་ཆ་མང་པོ་ཡོད་རེད། མཆན་དེ་ཚོ་འོག་མཆན་དང་མཇུག་མཆན་ལ་བསྒྱུར་བ་ཡིན་ན། མཆན་དཀྱུས་ལ་ཤོར་བའི་ཉེན་ཁ་དེ་མེད། དེ་འདྲའི་ཙིག་ཙིག་གི་བྱེད་སྟངས་དེ་ཚོ་ང་ཚོས་བྱེད་མ་ཤེས་པ་དང་། བྱེད་མ་ཐུབ་པ་གང་ཡང་མེད། རྩ་བའི་གཞུང་དེ་ཡག་པོ་ཕྱིན་ན་གཞན་རྣམས་སླ་པོ་རེད། ང་ཚོ་ནང་པའི་མཁས་པ་ཁ་ཤས་གཙང་ཆུ་ལྟ་བུ་ཆུ་བོ་ཆེན་པོ་ནས་ཐར་ཡང་ཡུར་ཆུ་ལྟ་བུ་ཆུ་བོ་ཆུང་ངུ་ནས་མ་ཐར་བ་དེ་འདྲ་འདུག སྤྱིར་བཏང་གི་ཤེས་བྱའི་ཐོག་ནས་མིག་ཕྱེ་སྟེ་བལྟས་ན་མ་ཐུབ་པ་གང་ཡང་མེད། དེ་ཚོ་དམིགས་བསལ་ཟབ་ཅིང་རྒྱ་ཆེ་བའི་གནས་ཚུལ་གང་ཡང་མིན། དེས་ན་ང་ཚོས་དེ་ཚོ་མཉམ་དུ་གནང་བ་ཡིན་ན། མང་པོ་ལ་ཕན་ཐོགས་ཡོང་རྒྱུ་རེད། ད་དུས་ཚོད་མང་པོ་ཕྱིན་འདུག འདི་གར་གཞག་རྒྱུ་ཡིན། ཐུགས་རྗེ་ཆེ།།