བོད་ཡིག་དང་ཨུར་རྡུ་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་དབུ་འབྱེད་གནང་བ།

༄༅།། ༢༠༡༤ ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་དི་ལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ཁང་ (India International Centre) གི་ཚོགས་ཆེན་ཁང་དུ་བོད་ཡིག་དང་ཨུར་རྡུ་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་ཅིང་། Delhi 6སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་དམིགས་བསལ་སྐུ་མགྲོན་ཞིག་གི་ཚུལ་དུ་ཕེབས་ཡོད་པ་མ་ཟད། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། རྒྱ་རི་རིན་པོ་ཆེ། ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ལགས། དིལླཱིའི་ཁ་ཆེའི་མཁས་དབང་མུཕ་ཏི་མོ་ཧ་མ་ད། (Dr. Mufti Mohammad) རྒྱ་གར་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ་པར་ཝེ་ཛ་དེ་ཝན། (Parvez Dewan) རྒྱ་གར་ཁ་ཆེའི་རིག་གཞུང་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཇཱ་ནབ་སཕ་དར་ཁཱན། (Janab Safdar H. Khan) དེ་བཞིན་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་སོགས་བོད་དང་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་ཕེབས་ཡོད་འདུག

Delhi 2ད་རེས་འགྲེམས་སྟོན་བྱས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་རི་མོ་དེ་དག་ནི་རྒྱ་གར་ཁ་ཆེའི་ཨུར་རྡུ་ཡིག་གཟུགས་ལ་མཁས་པ་སྒྱུ་རྩལ་བ་ཨ་ནི་སི་སི་དྷི་ཁི་ (Anis Siddiqui) དང་། བོད་པའི་ཡིག་གཟུགས་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་གཉིས་ཀྱིས་བྲིས་པ་ཞིག་དང་། བོད་ཡིག་སྒྱུ་རྩལ་ནང་མར་མེའི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་སྐུ་བརྙན། རླུང་རྟ། ཆོས་དར། གུ་རུའི་སྐུ་བརྙན་སོགས་ཡིག་གཟུགས་ཀྱི་སྒྱུ་རྩལ་ལམ་ནས་བྲིས་པའི་རི་མོ་གྲངས་ ༢༦ ཙམ་འགྲེམས་སྟོན་བྱས་ཡོད་འདུག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་སྒོའི་སྐབས་གསུང་བཤད་གནང་བ་མ་ཟད། མཛད་སྒོ་གྲུབ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཡིག་གཟུགས་ཀྱི་སྒྱུ་རྩལ་དེ་སྐད་ཡིག་གི་སྒྱུ་རྩལ་ལ་ཧ་ཅང་དགོས་མཁོ་ཆེ་བའི་སྒྱུ་རྩལ་ཞིག་ཡིན་པ་དང་། སྤྱིར་སྟངས་ཡི་གེ་ཞེས་པ་དེ་སྒྲའི་ངོ་བོ་ལ་གནས་པ། ཡིག་གཟུགས་ཞེས་པ་དེ་གཟུགས་དངོས་པོ་ལ་གནས་པ། གཟུགས་དང་སྒྲ་གཉིས་མཉམ་དུ་ཚོགས་པའི་སྐབས་ལ་དེའི་ནང་ཤེས་པ་དེ་དགོས་མཁོ་ཡོད་པ། ཤེས་པ་ལ་བརྟེན་ནས་ལུས་དང་ངག་གཉིས་པོ་དེ་མཉམ་དུ་གནས་ཐུབ་པ། ལུས་ངག་ཡིད་གསུམ་ཚོགས་པ་ལ་བརྟེན་ནས་སྐྱེ་བོའམ་གང་ཟག་ཅེས་པའི་ཐ་སྙད་འདོགས་པ་དེ་ཡོང་གི་ཡོད་པ། དེས་ན་ཡིག་གཟུགས་ཀྱི་སྒྱུ་རྩལ་དེ་གལ་ཆེན་པོ་ཡིན་པ་དང་། ཡིག་གཟུགས་ཀྱི་སྒྱུ་རྩལ་དེ་མ་གནས་ན། སྐད་ཡིག་གི་རིག་གཞུང་དེ་ཡང་གནས་མི་ཐུབ་པར་བརྟེན། དེ་འཛིན་སྐྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་འདུག