བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་མཇུག་བསྡོམས་གསུང་བཤད།

ཞར་བྱུང་ལ་དེ་རིང་གྲོས་ཚོགས་འདི་དང༌། ལྷག་པར་དུ་འདས་པའི་ཉི་མ་གཅིག་གཉིས་ནང་སྤྱི་འཐུས་རྣམ་པས་བགྲོ་གླེང་ཐོག་བཀའ་བསྡུར་གནང་སྟངས་དེ་ཚིག་འདྲ་མིན་སྣ་ཚོགས་བེད་སྤྱོད་བཏང་བ་དང༌། སྐབས་དང་གྲོས་གཞིར་འབྲེལ་བ་མེད་པ་དེ་ཚོར་ཤུགས་ཆེན་པོས་བཏང་འཛིན་ཞུས་མེད། གང་ཡིན་ཞེ་ན། འདི་ཚོགས་དུས་མཐའ་མ་དེ་ཡིན་སྟབས། ཚང་མར་ཉམས་མྱོང་ཡོད་པ་དང་ཧ་ཅང་གི་བཏང་འཛིན་བྱས་ཏེ་ཡར་རྒྱས་འགྲོ་རྒྱུ་ཁག་པོ་ཡིན་གྱི་རེད་སྙམ་པ་དང༌། ལྷག་པར་དུ་ཐུགས་འདོད་གང་ཡོད་པ་དེ་གསུང་ས་བྱུང་ན་ཐུགས་ཚིམས་པོ་འདྲ་པོ་ཞིག་ཡོང་གི་མེད་དམ་དྲན་བྱུང༌། དེར་བརྟེན་གུ་ཡངས་པོ་བྱས་ཏེ་ཕྱིན་པ་ཡིན། ད་ལྟ་ལས་རིམ་ལྷག་པ་དེ་ནི་ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་དེ་རེད། དེ་ནི་ཏོག་ཙམ་རིང་པོ་ཡོད། གང་ལགས་ཤེ་ན། ཁ་སང་སྔོན་མ་ནས་གང་ཉུང་ཉུང་བཤད་པ་དེའི་གུན་གསབ་ལྟ་བུ་ཞིག་ཀྱང་ཡིན། དེ་བཞིན་ཁ་སང་བཞུགས་མོལ་ཚོགས་འདུའི་ནང་དུའང་ཚོགས་གཙོས་སྐད་ཆ་ཤོད་ཀྱི་མི་འདུག བཤད་དགོས་ཀྱི་རེད་ཅེས་གསུངས་སྐབས། ངས་གོ་སྐབས་སླེབས་ན་རིང་པོ་ཞེ་དྲགས་བཤད་ཀྱི་ཡིན་ཞེས་ཞུས་ཡོད། ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུང་བཤད་དེ་ལ་ཉེན་ཁའང་ཏོག་ཙམ་ཡོད་རེད། གང་ལགས་ཤེ་ན། དེའི་མཇུག་ཏུ་གྲོལ་འགྲོ་རྒྱུ་ཞིག་ཡིན་སྟབས། སྤྱི་འཐུས་རྣམ་པའི་ཐུགས་ལ་མ་འཐད་པ་དང༌། ལན་རྒྱག་དགོས་པ་དེ་འདྲ་ཡོད་ན་ལྷག་བསྡད་ཀྱི་རེད། འོན་ཀྱང་དེ་མ་འོངས་པར་སྤྱི་ཚོགས་ནང་བརྒྱུད་ལམ་ཐོག་ནས་གསུངས་ནའང་འགྲིག་གི་རེད། ད་རེས་ཚོགས་གཙོས་གསུང་བཤད་ཀྱི་དོན་དག་སྙིང་པོ་ལྟ་བུ་ནི་ངེད་རང་གི་ལས་འགན་མ་གྲུབ་པ་དེ་དག་གི་སྐོར་ལ་བཟོད་གསོལ་ཞུ་རྒྱུ་ཡིན། དེས་ན་ངོས་ནས་བཟོད་གསོལ་གྱི་ཚུལ་དུ་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུང་བཤད་འགོ་ཚུགས་ཀྱི་ཡིན།

བཟོད་གསོལ།
མི་ལོ་ཆིག་སྟོང་བཞི་བརྒྱ་བརྒལ་བའི་སྔོན་བདག་ཉིད་ཆེན་པོ་སུ་ཁ་ར་ཏིས་ ྔྣཏྲཔྱཎྤྟཔྲཁྲིམས་ཁང་དུ་བཟོད་གསོལ་གྱི་གླེང་མོལ་རིང་པོ་ཞིག་གནང་བ་དེང་སྐབས་ནུབ་ཕྱོགས་པའི་ལྟ་གྲུབ་པ་རྣམས་ཀྱི་བསྟན་བཅོས་གྲགས་ཅན་ཞིག་ཏུ་བརྩི་བ་དེ་དང་མཚུངས་པར་ངས་ཀྱང་གཞིས་བྱེས་བོད་མི་མང་ཚོགས་ལ་བཟོད་གསོལ་གྱི་གླེང་མོལ་རིང་ཙམ་ཞིག་གྲོས་ཚོགས་འདིའི་བརྒྱུད་ནས་ཞུ་རྒྱུའི་སེམས་ཐག་བཅད་པ་ཡིན། གྲོས་ཚོགས་འདི་ནི་ཁྲིམས་མཐུན་བོད་གཞུང་གི་སྒྲིག་འཛུགས་མཐོ་ཤོས་ཁྲིམས་བཟོ་དང་འཛིན་སྐྱོང་ལྷན་རྒྱས་སུ་ཡོད་པ་ཞིག་ཡིན་སྟབས། བོད་མི་མང་ཚོགས་ཀྱི་སྐུ་ཚབ་མཚོན་ཐུབ་པ་ཞིག་ཡིན་པ་དང༌། ཁྱེད་རྣམས་ཀྱི་བརྒྱུད་ནས་མ་གཏོགས་བོད་མི་མང་ལ་བཟོད་པ་གསོལ་བའི་བརྒྱུད་ལམ་གཞན་ང་ལ་རྙེད་ཐབས་མེད། ངའི་བཟོད་གསོལ་གྱི་གླེང་མོལ་འདི་ད་ལྟ་ཚོགས་ཁང་འདིར་བཞུགས་པའི་བཀུར་འོས་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྣམ་པས་གསལ་པོ་མཁྱེན་རྟོགས་ཐུབ་པ་ཞིག་ཡོང་རེ་དཀའ་ནའང༌། ལོ་རྒྱུས་ཡིག་ཚང་དུ་འཁོད་པ་ཞིག་བྱུང་ན་འབྱུང་འགྱུར་མི་རབས་ཚོས་གོ་རྟོགས་དང་ཡི་རངས་བྱེད་ཐུབ་སྲིད་པའི་རེ་བ་ཞིག་སེམས་ལ་གནས་པ་དེ་ཉིད་ཚིམ་པར་བྱ་བའི་ཆེད་དུ་ངོས་ཀྱི་བརྗོད་ཚིག་དང་ཁྱེད་རྣམ་པའི་རྩ་ཆེའི་དུས་ཚོད་འགྲོ་གྲོན་གཏོང་བ་ལ་བློ་ཁོག་བསྐྱེད་པ་ཡིན། ངེད་རང་གི་ཁ་སྟབས་ནི་སུ་ཁ་ར་ཏི་དང་བསྡུར་ན་ཉི་མ་དང་མེ་འཁྱེར། རྒྱ་མཚོ་དང་ཆུ་ཐིགས་བཞིན་དུ་གྱུར་པས་མཚུངས་བསྡུར་བྱ་ཐབས་མེད་ཅིང་བྱ་འདོད་ཀྱང་མེད་ལ། ངའི་གཏམ་ཉོག་འདི་སུ་ཁ་ར་ཏིའི་བཟོད་གསོལ་དང་མཚུངས་པའི་བརྗོད་བྱ་ལྡན་པའི་རྩོམ་ཡིག་ཅིག་ཏུ་འགྱུར་རྒྱུའི་རེ་བ་ནི་དེ་བས་ཀྱང་ག་ལ་ཡོད། སུ་ཁ་ར་ཏི་ལྟར་ང་ལ་དངོས་སུ་ནག་ཉེས་འཛུགས་མཁན་ཡང་མ་བྱུང་ཞིང༌། ཁྲིམས་ཁང་གི་ནང་དུ་ནག་ཉེས་དག་སེལ་ཞུ་བའི་ཆེད་དུ་ལངས་བསྡད་པ་ཞིག་ཀྱང་མིན་ཡང༌། ད་དུང་ང་དང་སུ་ཁ་ར་ཏི་གཉིས་དབར་བརྗོད་དུ་འོས་པའི་མཚུངས་ཆོས་ཁ་ཤས་ཤིག་མཐོང༌། སུ་ཁ་ར་ཏིར་ནག་ཉེས་འཛུགས་མཁན་ཚོས་ བྱབྱཁོ་ཁ་བདེ་དྲགས་པས་ཁོའི་སྐད་ཆ་ལ་མགོ་འཁོར་ཉེན་ཡོད་པས། དྭོགས་ཟོན་བྱེད་དགོས་བྱབྱ ཞེས་ལབ་པར། སུ་ཁ་ར་ཏིས་ བྱབྱང་ཁ་བདེ་པོ་ཞིག་མིན་པ་ནི་ངའི་མཆུ་ཏོ་གཡོ་འགུལ་མཐོང་བ་ཙམ་གྱིས་ཤེས་ཐུབ། འོན་ཀྱང་བདེན་པའི་གནས་ལུགས་བརྗོད་པ་ལ་ཁ་བདེ་པོ་ཞེས་ལབ་པ་ཡིན་ན་ནི་ཁྱེད་ཚོ་བདེན་པ་རེད།བྱབྱ ཅེས་གསུངས་པ་རེད། དེ་དང་མཚུངས་པར་ང་ལ་དངོས་སུ་ཁོའི་ཁ་ལ་མ་ཉན་མགོ་སྐོར་ཐེབས་ཉེན་ཡོད་ཅེས་གསུང་མཁན་ཞིག་བྱུང་ཡོད་མིན་ལ་མ་ལྟོས་པར་འདས་པའི་ལོ་བཅུའི་རིང་རང་གི་བསམ་ངོ་ལ་ལྟོས་ཏེ་བདེན་པའི་གནས་ཚུལ་ཇི་སྙེད་ཅིག་ཡང་ཡང་གྲོས་ཚོགས་ཀྱིས་གཙོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཤད་མཁན་ཁ་ན་ན་དང༌། ཉན་མཁན་རྣ་བ་ཚ་ཚ་བར་ཞུས་པ་དེ་དག་སུ་ལའང་ཐུགས་འགུལ་ཐེབས་པ་ཞིག་དང༌། འགྱུར་བ་འགྲོ་བ་ཞིག་བྱུང་མ་སོང་བ་དེ་ནི་ང་རང་གི་འཁུར་དུ་འཁྲི་བའི་ལས་འགན་མ་གྲུབ་པའི་ནག་ཉེས་ཆེན་པོ་ཞིག་ཡིན་པས་མང་ཚོགས་ལ་བཟོད་གསོལ་མི་ཞུ་ཐབས་མེད་ཆགས་ཡོད་པས། ད་རེས་གཡོ་ཟོལ་སྤངས་པའི་ལྷག་བསམ་རྣམ་དག་གིས་སྙིང་ཐག་པ་ནས་བཟོད་གསོལ་ཞུ་རྒྱུའི་འདུན་པ་ཤུགས་ཆེ་ཞིག་བྱུང༌། ཡིན་ནའང་གོང་ཞུས་ལྟར་བཟོད་གསོལ་ཞུ་ཡུལ་མང་ཚོགས་ཀྱིས་མཁྱེན་རྟོགས་ཐུབ་པའི་ཚིག་བརྗོད་ཅིག་ཞུ་ཐུབ་པའི་ནུས་པ་ནི་དེ་རིང་ཡང་ང་ལ་མི་འདུག སུ་ཁ་ར་ཏིའི་བཟོད་གསོལ་དུ་ བྱབྱངས་ཁྲིམས་ཁང་གི་སྐད་མ་ཤེས་པའི་དབང་གིས་ཁྲིམས་དཔོན་རྣམས་ཀྱི་སྙན་ལ་འཇུག་པའི་བརྗོད་ཚིག་ཅིག་ཞུ་མ་ཐུབ་ནའང་གསར་བུ་གློ་བུར་བ་ཞིག་ཡིན་པ་ལ་དགོངས་ནས་གུ་ཡངས་གནང་རོགས་གནང་བྱབྱ ཞེས་ཞུས་པ་དང་མཚུངས་པར་ངས་ཀྱང་ཁྱེད་རྣམ་པར་ངའི་བཟོད་གསོལ་གྱི་ཞུ་ཚིག་དེ་དག་དགོངས་བདེ་གསན་བདེ་ཞིག་མ་བྱུང་ནའང༌། ང་ལ་དུས་ཚོད་ཀྱི་སྔོན་ལ་རྒྱུགས་འགྲོ་བའི་བླུན་པོ་སྤྱི་བརྟོལ་ཅན་ཞིག་ཡིན་པར་ཆ་བཞག་སྟེ་དགོངས་འགལ་མེད་པར་གུ་ཡངས་གནང་རོགས་གནང་ཞུ་རྒྱུ་ཡིན།
སྔ་མོ་ནས་རང་གི་གོམས་གཤིས་དང་ལྟ་སྤྱོད་གང་གི་ཆ་ནས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་ཐུགས་ཕན་གསོས་པའི་ཞབས་འདེགས་ཞུ་མི་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། ཕྲན་ལ་གཞུང་ཞབས་སུ་བསྐོ་བཞག་ནམ་བྱུང་ལ་ཨུ་ཚུགས་མཐར་སྐྱེལ་གྱིས་དགོངས་པ་ཞུས་ཏེ་རང་གི་འཇོན་ཚོད་དཔག་ཚོད་གཞི་རིམ་སློབ་གྲྭ་ཁག་ཏུ་ཆོས་དགེ་དང༌། སློབ་སྤྱི། མཐོ་སློབ་ཀྱི་ངེས་སྟོན་པ་སོགས་ྋགོང་ས་མཆོག་གི་བཀའ་དགོངས་དང་བསྟུན་བོད་མིའི་ཞབས་ཞུར་དམིགས་ཏེ་རང་ནུས་གང་ལྕོགས་ཞུས་ཁུལ་དེ་ལྟར་ཡང༌། ཕྱི་ལོ་ ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་གྲོལ་འཕྲལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་དུ་བཅར་དགོས་ཀྱི་བཀའ་ཕེབས་སྐབས། སྐབས་དེར་བར་བརྒལ་བཀའ་བློན་གྱི་འོས་གཞིར་ཐོན་པ་ནས་དགོངས་པ་ཞུས་རྐྱེན་ྋགོང་ས་ཆེན་པོའི་ལྷ་དགོངས་འཁྲུག་གཞི་བྱུང་མེད་དམ་སྙམ་པའི་འཇིགས་གནོངས་དབང་གིས་དྭང་ལེན་མ་ཞུས་མཐུ་མེད་བྱུང་ཞིང༌། ལར་ནས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་ནི་འབྲི་རྩོམ་གྱི་བྱ་བ་ཞིག་ཡིན་སྟབས། ཞབས་ཞུ་འགྲུབ་ཙམ་ཡོང་བའི་གདེང་ཚོད་ཅིག་ཀྱང་ཡོད་པ་བཅས་ལ་བརྟེན། རྡ་རམ་ས་ལའི་དཀྱིལ་འཁོར་གྱི་རྭ་བའི་ནང་མི་འདོད་བཞིན་དུ་ཐོག་མར་ཚུད་སྟངས་དེ་འདྲ་ཞིག་རེད། ལོ་དེར་མདོ་སྟོད་དང་དགེ་ལུགས་སྤྱི་འཐུས་ཀྱི་འོས་གཞི་ཁག་ནས་སྐབས་སྔོན་མ་རིམ་བྱུང་བཞིན་སྤོབས་པ་ཆེན་པོས་ཕྱིར་འཐེན་ཞུས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་སྐབས་བཅུ་གཅིག་པའི་གྲོས་ཚོགས་སུ་འབུལ་བ་དང་ཆབས་ཅིག་རྡ་སའི་རྭ་བ་ནས་ཐར་རྒྱུའི་རེ་སེམས་ཤིག་བཅངས་པ་ཡིན། འོན་ཀྱང་སྟབས་ཉེས་པ་ཞིག་ལ་གློ་བུར་ཐད་བསྐོས་སྤྱི་འཐུས་གྲས་འགྲོ་དགོས་བཀའ་ལྕི་ཕེབས་པར་གྱེན་ལྡོག་ཞུ་ནུས་བྲལ་བས་མ་ཚད། བསམ་བློའི་ཟུར་ཞིག་ཏུ་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཞིག་གྲོས་ཚོགས་སུ་ཡོད་ན་བཅའ་ཁྲིམས་ཐོག་བགྲོ་གླེང་གནང་སྐབས་རྒྱབ་ལྗོངས་བྱུང་རྐྱེན་རྒྱུ་མཚན་གསལ་བཤད་ཞུ་རྒྱུར་ཐུགས་ཕན་གསོས་པའི་རེ་བ་ཞིག་ཀྱང་བྱུང༌། ཚོགས་གཙོའི་འོས་འདེམས་ཀྱི་འོས་གཞིར་ཐོན་ནའང་ཕྱིར་འཐེན་བྱ་རྒྱུའི་རང་དབང་ཡོད་སྟབས། སྤྱི་འཐུས་ཤིག་ཞུ་རྒྱུར་ལོ་རེར་དུས་གཉིས་རེ་ལས་ཚོགས་བཅར་མ་དགོས་པས་དེ་ཙམ་ཉེན་ཚབས་ཆེ་བ་མི་འདུག་སྙམ་ནས་ཐད་བསྐོས་སྤྱི་འཐུས་སུ་དམ་འབུལ་ཞུས་ཏེ་བསམ་བཞིན་རྟ་བབས་བོང་ཞོན་ཞུས་པ་ཡིན། དེ་རྗེས་གྲོས་ཚོགས་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་དོན་གནང་སྐབས་བར་བརྒལ་འཕྲལ་སེལ་ཚོགས་གཙོར་སྤྱི་མོས་ཀྱིས་བྱེད་དགོས་གསུངས་པ་ལྟར་མ་ཞུ་ཚད་བྲལ་བྱུང་བ་དང༌། དེ་རྗེས་ཚོགས་གཙོའི་དངོས་གཞི་འོས་འདེམས་སྐབས་འོས་བསྡུ་མ་དགོས་པར་སྤྱི་འཐུས་ཚང་མས་སྤྱི་མོས་ཀྱིས་བཀའ་ནན་ཕེབས་པ་ལྡོག་བློས་མ་བཟོད་པར་ཚོགས་གཙོའི་འགན་ཁུར་ཞུ་དགོས་བྱུང་བ་དེ་དག་ནི་རང་བཞིན་གྱིས་གཅིག་མཇུག་གཉིས་མཐུད་དུ་བྱུང་བའི་ལྡོག་མེད་ཀྱི་གནས་ཚུལ་ཞིག་ཡིན་སྟབས་བློ་འགྱོད་ཆེན་པོ་མི་འདུག འོན་ཀྱང་སྐབས་བཅུ་གཉིས་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིར་བསྡད་པ་དང༌། དེ་རྗེས་སླར་ཡང་ཚོགས་གཙོར་སྤྱི་མོས་བྱུང་སྐབས་ངོས་ལེན་ཞུས་པ་བཅས་ནི། གཞི་རྐང་བྱ་དཀའ་བྱེད་གཏད་ཀྱི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིག་ཡོད་མོད། དངོས་དོན་ཉམས་མྱོང་ཡོད་བཞིན་དུ་ད་དུང་བསྐྱར་ལྡབ་ནོར་འཁྲུལ་བྱས་པ་ནི་མིག་ལྡན་གཡང་མཆོངས་ཀྱི་ངང་ཚུལ་ཞིག་བྱུང་སོང་བས། ད་ཆ་བློ་འགྱོད་ཧ་ཅང་ཆེ་ཡང་ཕྱིས་དྲགས་འདུག བྱུང་རིམ་འདི་དག་སྤྱི་འཐུས་རྙིང་པ་ཕལ་མོ་ཆེས་མཁྱེན་གསལ་རེད། དེ་གསར་པ་རེ་ཟུང་གིས་མཁྱེན་གྱི་མེད་ན་མཁྱེན་རྟོགས་ཡོང་ཆེད་དང༌། གཙོ་བོ་ལོ་རྒྱུས་ཀྱི་ཡིག་ཚང་དུ་གནས་ཆེད་ཞུས་པ་ཡིན།
ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐུགས་བསྐྱེད་རླབས་པོ་ཆེ་ཞིག་ཡོད་ནའང༌། བོད་དུ་རྒྱ་དམར་གྱི་བཙན་དབང་གིས་རྐྱེན་པས་ཐུགས་བཞེད་མ་གྲུབ། བཙན་བྱོལ་དུ་ཕེབས་མ་ཐག་ནས་བོད་མི་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བཞིན་དུ་བྱམས་བརྩེའི་སྒོ་ནས་ཨུ་ཚུགས་མཐའ་བསྐྱལ་ལྟ་བུས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་སྐབས་དང་པོ་གསར་འཛུགས་བསྐྱངས་པ་ནས་བཟུང་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཤིག་མི་ལོ་བཅུ་ཕྲག་གསུམ་ཙམ་རིང་མཛད་ནའང་གྲུབ་འབྲས་ཐུགས་འདོད་ཁེངས་པ་ཞིག་མ་བྱུང་བའི་ཐོག རིག་པའི་གཞུང་ལུགས་དང་ལྟ་གྲུབ་ངེས་ཅན་མེད་པའི་འཛིན་སྐྱོང་གི་རྒྱུན་སྲོལ་ཞིག་རིམ་པས་ཚུགས་པ་འགྱུར་བ་གཏོང་དཀའ་ཙམ་གྱུར་པ་དང༌། གཞན་ཡང་ཡོངས་གྲགས་དང་ཡོངས་གྲགས་མིན་པའི་གནས་ཚུལ་ངེས་ཅན་འགའ་ཤས་ཀྱིས་རྐྱེན་པས་བཙན་བྱོལ་བོད་གཞུང་གི་གནས་སྟངས་ལ་གཞི་རིམ་གྱི་འགྱུར་བ་ཆེ་ཙམ་ཞིག་མ་བཏང་ཐབས་མེད་ཡིན་པའི་དགོངས་ཚུལ་བྱུང་བ་ལྟར། ྋགོང་ས་ཆེན་པོས་ཕྱི་ལོ་ ༡༩༩༠ ལོའི་དམིགས་བསལ་ཚོགས་ཆེན་ཐོག་སྐབས་དེའི་བཀའ་ཤག་དང་སྐབས་བཅུ་པའི་སྤྱི་འཐུས་ཕྱིར་བསྡུ། བར་བརྒལ་གྱི་བཀའ་ཤག་འོས་འདེམས། སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཏེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་འོས་བསྡུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བཅས་ས་ཆོད་ཆེ་ལ་གཟི་བརྗིད་ལྡན་པའི་ཐག་ཆོད་རླབས་ཆེན་འདི་དག་མཛད་སྐབས་ང་རང་ཡང་བློ་སྤོབས་དང་སེམས་ཤུགས་འཕར་བ་མ་ཟད། སྐབས་དེར་མང་ཚོགས་ཀྱི་ཁྲོད་དུའང་ཆབ་སྲིད་ཀྱི་གོ་རྟོགས་དང༌། དོ་སྣང་གི་གནས་ཚད་གང་ལེགས་ཡོད་པའི་སྣང་བ་ཞིག་ཀྱང་བྱུང་བས་ངས་ཀྱང་འབད་རྩོལ་ཞིག་བྱེད་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ནང་ཞབས་འདེགས་གང་འཚམས་ཞུ་ཐུབ་པའི་དུས་ཚོད་ཅིག་སྨིན་ནམ་སྙམ་པའི་བསམ་ཚུལ་ཞིག་བྱུང་བ་དེ་འཁྲུལ་སྣང་ཁོ་ན་ཡིན་པ་ཧ་གོ་དུས་ཧ་ལོག་ཚར་འདུག
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་བོད་མིའི་ཆབ་སྲིད་མང་གཙོའི་རིང་ལུགས་ཡང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་འབད་རྩོལ་མུ་མཐུད་ལན་དགུ་ཆད་མཐུད་ཀྱི་ཚུལ་དུ་གནང་དགོས་པའི་དམིགས་ཡུལ་ཉག་ཅིག་ནི་བོད་དོན་བདེན་མཐའ་གསལ་ཐབས་དང༌། བདེན་མཐའ་གསལ་རྗེས་བོད་ཀྱི་ཆབ་སྲིད་བོད་མི་རང་ཉིད་ཀྱིས་སྲ་བརྟན་ལྷིང་འཇགས་སུ་སྐྱོང་ཐུབ་པའི་གོ་སྒྲིག་མཛད་རྒྱུ་དེ་ཉིད་ཡིན་ཞིང༌། དེ་ཡང་རྒྱལ་སྤྱིའི་ནང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ལ་མཚན་མཐོང་དང་ཆ་འཇོག་ཡོང་བར་མང་གཙོའི་ལམ་སྲོལ་ཚད་ལྡན་ཅན་གྱི་སྲིད་གཞུང་ཞིག་མེད་དུ་མི་རུང་བ་མ་ཟད། རྒྱ་དམར་གྱིས་བོད་ཀྱི་སྲིད་གཞུང་རྙིང་པ་རོ་ལངས་རྒྱག་རྒྱུའི་རེ་ངན་ཡོད་ལུགས་ཀྱི་ལོག་པའི་དྲིལ་བསྒྲགས་ལའང་དངོས་ཐོག་ར་འཕྲོད་ཀྱི་ལན་འདེབས་ཤིག་ངེས་པར་དུ་དགོས་པ་དང༌། མ་འོངས་བོད་ཀྱི་ཆབ་སྲིད་བོད་མི་རང་ཉིད་ཀྱིས་སྐྱོང་བའི་གོ་སྐབས་ཤིག་བྱུང་མཚམས་ཀྱང་མང་གཙོ་ཚད་ལྡན་གྱི་ལམ་སྲོལ་ཞིག་མ་བཅང་ན། དེང་རབས་ཀྱི་འཇིག་རྟེན་འདིའི་ནང་ངོས་འཛིན་ཡོང་ཐབས་མེད་པ་མ་ཟད། བོད་མི་མང་ཚོགས་ཀྱི་མངོན་འདོད་ཀྱང་སྒྲུབ་མི་ཐུབ་པ་ཡིན་པས། དེ་འདྲའི་ལམ་སྲོལ་ཞིག་ད་ལྟ་ནས་ལག་བསྟར་གྱིས་ཉམས་མྱོང་མ་བསགས་ན་གློ་བུར་ཞིག་ཏུ་ཡོང་ཐབས་དཀའ་བ་བཅས་གཟིགས་ནས་བོད་མི་མང་ཚོགས་ཀྱི་བསམ་སྤྱོད་ཀྱི་གནས་ཚད་དང་མཐུན་མིན་ལ་མ་ལྟོས་པར་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་ལག་ལེན་འཁེལ་ཐབས་ལ་འབད་བརྩོན་མཛད་པ་རེད། དེའི་ཆེད་དུ་མང་གཙོའི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཁག་ནས་བྱུང་བའི་གཞི་རྩའི་དགོས་མཁོ་དང་ཡན་ལག་ཆ་ཚང་ཞིང༌། བོད་མི་སྤྱི་དང༌། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་འཚམས་ཤིང༌། དེའི་དམིགས་བསལ་གྱི་དགོས་མཁོ་རྣམས་ཚང་བའི་བཅའ་ཁྲིམས་ཤིག་གཏན་ལ་ཕབ་རྒྱུའི་ཟིན་བྲིས་བཀྲིན་བསྩལ་ཅིང༌། དེའི་གཞི་རིམ་གྱི་ལྟ་གྲུབ་འཚེ་མེད་ཞི་བ་དང༌། ཆོས་ལུགས་རིས་མེད། དམག་འཐབ་སྤོང་བ་བཅས་ལ་གཞི་བཅོལ་བའི་རང་དབང་མང་གཙོ་སྤྱི་ཚོགས་བདེ་དོན་ལ་དམིགས་པ་ཞིག་ཡིན་ནའང༌། དངོས་སུ་གཏན་ལ་ཕབ་སྐབས་འཚེ་མེད་ཞི་བ་དང༌། དམག་འཐབ་སྤོང་བའི་ཆ་རྐྱེན་བཞག་ཐུབ་ཙམ་ཞིག་བྱུང་ཡང༌། ཆོས་ལུགས་རིས་མེད་ཀྱི་ཆ་རྐྱེན་འཇོག་ཐབས་སྤྱི་འཐུས་རྣམས་ཀྱི་ཐུགས་བློ་བསྒྱུར་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་མ་ཐུབ་པ་དེ་ང་རང་སྤྱི་འཐུས་ཤིག་ཡིན་པ་དང་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཞིག་ཡིན་པའི་ལས་འགན་མ་གྲུབ་པ་དང་པོ་དེ་ཡིན་པས་དེ་ནས་བཟོད་གསོལ་ཞུ་བའི་འགོ་འཛུགས་དགོས་པ་ཡིན། འོན་ཀྱང་སྟབས་ལེགས་པ་ཞིག་ལ་བཅའ་ཁྲིམས་དོན་ཚན་གསུམ་པའི་ཆོས་ལུགས་རིས་མེད་ཀྱི་ཚིག་དེ་ཆོས་སྲིད་ཟུང་འབྲེལ་དུ་བསྒྱུར་བ་ཙམ་ལས་བཅའ་ཁྲིམས་རྩ་བའི་སྒྲོམ་གཞི་ཆོས་ལུགས་རིས་མེད་ཀྱི་ལྟ་བར་བརྟེན་པ་དེ་འགྱུར་བ་མ་ཕྱིན་པ་དང༌། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་དམག་འཐབ་སྤོང་བའི་ཆ་རྐྱེན་བཅའ་ཁྲིམས་སུ་ཚུད་ཐུབ་པ་དེས་མཐའ་གཅིག་ཏུ་ཕམ་ཉེས་མ་བྱུང་བའི་བློ་སྤོབས་ཀྱིས་མུ་མཐུད་སྤྱི་འཐུས་སུ་ཞབས་འདེགས་ཞུ་བའི་འདུན་པ་མ་བརླགས་ཙམ་ཞིག་བྱུང༌།
མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ཕྲ་མ་ཚུགས་ན་སྲིད་གཞུང་བཟང་པོ་ཞིག་མི་ཡོང་ཞིང༌། སྲིད་གཞུང་བཟང་པོ་ཞིག་མ་བྱུང་ན་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ནའང༌། རང་གི་ཡུལ་མིའི་མངོན་འདོད་སྒྲུབ་མི་ཐུབ་ན་རང་ཅག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་བཙན་འོག་ནས་རང་དབང་སླར་གསོའི་ཐབས་ཤེས་བྱེད་དགོས་པའི་མི་རིགས་ཤིག་ལ་སྲིད་གཞུང་བཟང་པོ་ཞིག་མེད་ན་འགྲིག་ཐབས་ག་ལ་ཡོད། དེ་ལ་དགོངས་ནས་ྋགོང་ས་ཆེན་པོས་བཙན་བྱོལ་བོད་མིའི་སྲིད་གཞུང་དེ་བཟང་པོ་ཞིག་ཡོང་བའི་ཆེད་དུ་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཕྱག་ལེན་གནང་རྒྱུ་ཐུགས་ཐག་བཅད་པ་ཞིག་རེད། མང་གཙོའི་བཅའ་ཁྲིམས་ཀྱི་མཐར་ཐུག་བསྒྲུབ་བྱའི་དམིགས་ཡུལ་ནི་བོད་ཀྱི་ཡུལ་མི་ཡོངས་ལ་དྲང་བདེན་དང་འདྲ་མཉམ་གྱི་ཆབ་སྲིད་ཀྱི་རང་དབང་འཐོབ་པར་བྱེད་རྒྱུ་དེ་ཡིན་ཞིང༌། དེའི་ཆེད་དུ་གང་ཟག་སོ་སོའི་རང་འཚམས་ཀྱིས་ཐག་གཅོད་བྱེད་ས་མེད་པའི་ཁྲིམས་ལུགས་ཀྱི་དབང་སྒྱུར་ཚད་ལྡན་ཞིག་འཛུགས་ཐུབ་པ་བྱེད་དགོས་རྒྱུ་བཅས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་ཁྲིམས་ལུགས་ལྟར་བཀོད་བསྒྲིགས་བྱས་པའི་བཙན་བྱོལ་བོད་གཞུང་སྤྱི་དང༌། ཁྱད་པར་འཛིན་སྐྱོང་དང༌། ཁྲིམས་ལུགས་དབང་འཛིན་གཉིས་ཀས་གང་ལ་འགན་ཁུར་དགོས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ཡིན་ནའང༌། འདས་པའི་ལོ་བཅུའི་རིང་ལས་འགན་དེ་དག་བློ་འདོད་ཚིམས་པ་ཞིག་བསྒྲུབས་ཐུབ་པ་བྱུང་མེད། དེང་རབས་ཀྱི་འཇིག་རྟེན་འདིའི་ཐོག་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འཛིན་སྐྱོང་གི་ཁྲིམས་དང་ལམ་སྲོལ་སྤྱི་དང༌། ཁྱད་པར་དཔལ་འབྱོར་གྱི་སྒྲིག་སྲོལ་ཚད་ལྡན་ཞིག་མེད་པར་འཕྲལ་སེལ་རིང་ལུགས་ཁོ་ནས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་ཡོངས་གྲགས་མ་ཟད། ལྷག་པར་འཁྲུག་ཆ་དོད་པོའི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཕྱི་ལོ་ ༡༩༥༩ ནས་བཟུང་ཕྱི་ལོ་ ༡༩༨༩ ཐམ་པའི་བར་ལོ་ངོ་སུམ་ཅུ་ཧྲིལ་པོའི་རིང་དཀའ་རྙོག་དང་རྩོད་གླེང་དུ་མ་ཞིག་བྱུང་བ་དེ་དག་སྤྱིར་བཏང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་རླབས་ཆེན་ཞིག་གི་འོག་རང་བཞིན་གྱིས་འགྱུར་ལྡོག་སྣ་ཚོགས་ཤིག་ཡོང་རྒྱུ་གདོན་མི་ཟ་ནའང༌། འཕྲལ་རྐྱེན་གཙོ་ཆེ་ཤོས་ནི་དཔལ་འབྱོར་གྱི་འདུ་འགོད་ཕྱི་གསལ་ནང་གསལ་དག་ཕུད་ཐུབ་ངེས་ཤིག་མེད་པ་དང༌། གང་ཟག་གི་དབང་སྒྱུར་གྱིས་རྐྱེན་པས་སྐྱེ་བོ་བྱེ་བྲག་པའི་དབར་གྱི་འཁོན་འཛིན་དང༌། དེས་དྲངས་པའི་ཕྱོགས་བསྒྲིལ་གྱི་རྐྱེན་གཉིས་འབའ་ཞིག་ལས་བྱུང་བ་རེད་ཅེས་བརྗོད་ན་ཕལ་ཆེར་མི་འགྲིགས་པ་མེད་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོའི་གུར་སེར་པོའི་ལབ་གཞི་ནས་བཟུང༌། ཕྱི་ལོ་ ༡༩༨༩ ལོའི་ཉི་ཧོང་དོན་གཅོད་ཀྱི་བྱུང་རྐྱེན་བར་བློ་ཕམ་འོས་པའི་ལབ་གླེང་སྣ་ཚོགས་ཤིག་བྱུང་བ་ཚང་མ་དཔལ་འབྱོར་གྱི་འདུ་འགོད་རྩིས་དག་ཁམས་དྭངས་ཀྱི་ལམ་སྲོལ་མེད་པའི་ཉེར་ལེན་ལ་ཐུག་ཅིང༌། དེ་བཞིན་ཆོལ་ཁ་ཆོས་ལུགས་དང་སྡེ་རིས་ལུང་ཚན་ལ་བསྙད་པའི་རྙོག་ཁྲ་མཐའ་དག་ཕུགས་རྩད་བཅད་ན་གང་ཟག་བྱེ་བྲག་པ་རེ་ཟུང་དབར་གྱི་འཁོན་རྩོད་རང་ཉིད་སྒེར་གྱིས་ཁ་གཏད་མ་ཆོག་སྐབས་སྤྱི་ཚོགས་དང་སྲིད་གཞུང་གི་ནང་འཁྱེར་ཡོང་བ་ཞིག་ལས་མ་འདས་པ་ཞིག་མངོན་སྟབས། འབྱུང་འགྱུར་བོད་མིའི་སྤྱི་ཚོགས་དང་བཙན་བྱོལ་སྲིད་གཞུང་གླེང་མེད་ལྷིང་འཇགས་ཤིག་ཡོང་རྒྱུའི་ཆེད་བྱུང་རྐྱེན་རེ་རེར་བདའ་དེད་བརྩད་གཅོད་ཀྱིས་ཕན་ཐོགས་ཆུང་བས་སྔོན་བྱུང་ཅམ་བཞག་དང༌། འབྱུང་འགྱུར་ཁྲིམས་ཀྱི་ལམ་སྲོལ་བརྟན་ཚུགས་ཐུབ་པ་ཞིག་བྱེད་རྒྱུ་དེ་ཐབས་ལམ་ཉག་ཅིག་ཏུ་མཐོང་ནས་བོད་མིའི་སྤྱི་ཚོགས་ནང་སྔོན་བྱུང་གི་ཉམས་མྱོང་ལ་གཞི་རྩར་བཅོལ་ཏེ་བཅའ་ཁྲིམས་དང་ཁྲིམས་ལུགས་སྒྲིག་གཞི་ཞིབ་ཕྲ་ཚད་ཐུབ་ཅིག་བཟོས་པ་ཡིན་ན་སྲིད་གཞུང་གི་འཛིན་སྐྱོང་དང༌། སྤྱི་ཚོགས་ཀྱི་གནས་སྟངས་གཉིས་ཐད་ནས་ཉིན་མཚན་བརྗེས་པ་ལྟ་བུའི་བཟང་ཕྱོགས་ཀྱི་འགྱུར་བ་མིག་མཐོང་ལག་ཟིན་ཞིག་ཡོང་ཐུབ་རྒྱུའི་རེ་བ་བྱས་ཏེ་བཅའ་ཁྲིམས་ཀྱིས་མཚོན་ཁྲིམས་ཡིག་དང་སྒྲིག་གཞི་རྣམ་གྲངས་མང་པོ་ཞིག་རིམ་པས་གཏན་འབེབས་བྱ་རྒྱུའི་ལས་རིམ་ཐོག་ཧ་ལམ་ཕྲན་རང་མི་གཅིག་ལག་གཅིག་ལྟ་བུས་ཅི་ཐུབ་གང་ཐུབ་ཀྱིས་འབད་བརྩོན་ཧུར་ཐག་བྱས་ཁུལ་བྱས་ཀྱང༌། མཐའ་དོན་དངོས་སུ་དེ་དག་གཏན་ལ་ཕབ་སྟེ་ལག་ལེན་ལ་བཀལ་བའི་སྐབས་ནུས་ཐོན་གནད་སྨིན་ཞིག་ད་བར་བྱུང་མ་སོང༌། གནའ་བོའི་བོད་མིའི་གཏམ་དཔེར་ བྱབྱབཀའ་ཤོག་གི་རྒྱབ་ལ་མི་ཤུགས་དགོས་བྱབྱ ཟེར་བའི་དོན་དེ་ད་གཟོད་གཞི་ནས་ངེས་པ་རྙེད་པ་ཞིག་བྱུང༌། གྲོས་ཚོགས་དང་འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་གང་ཟག་བྱེ་བྲག་པ་སོ་སོའི་རྒྱུད་ལ་ཁྲིམས་དང་སྒྲིག་གཞི་རྩི་སྲུང་བྱ་འདོད་ཀྱི་རང་བྱུང་གཤིས་ཀྱི་འདུན་པ་ཞིག་མེད་ན་ཁྲིམས་ལུགས་དང་སྒྲིག་གཞི་ཡིག་ཐོག་ཏུ་ཡོད་པ་ཙམ་གྱིས་གང་ཡང་མི་ཕན་པའི་གནས་ཚུལ་དེ་ཧ་གོ་དུས་ཧ་ལོག་ཚར་འདུག ངའི་བསམ་པར་སྲིད་གཞུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་ལམ་སྟོན་ཕྲ་ཞིབ་ཅིག་བྱུང་ན་ལས་ཀྱི་སྣེ་མོ་བ་ཚོར་ལས་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་ཧ་ཅང་སྟབས་བདེ་རུ་ཕྱིན་ཏེ་ལས་དོན་གང་ཅིའི་ཐོག་ལས་སླ་རུ་འགྲོ་བའི་མཐུན་རྐྱེན་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་དང༌། དེ་ལ་བརྟེན་ནས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱི་སེམས་ཤུགས་དང་ལས་ཤུགས་གཉིས་ཀ་འཕེལ་རྒྱུ་རེད་སྙམ་པ་ཞིག་བྱུང་ཡང༌། ལས་བྱེད་པ་མང་པོས་ཁྲིམས་དང་སྒྲིག་གཞི་ནི་ལས་དོན་བྱེད་སྟབས་བདེ་བའི་མཐུན་རྐྱེན་ཞིག་མ་ཡིན་པར་རྐང་པ་དང་ལག་པ་བསྡམས་བཞག་པ་ལྟ་བུའི་འགལ་རྐྱེན་ཞིག་གི་ཚོར་སྣང་བྱུང་སོང་བ་དེ་ནི་ལྟ་བདུད་དུ་བབས་པའམ། སྨན་དུག་ཏུ་སོང་བ་ལྟ་བུའི་ངང་ཚུལ་ཧ་ལས་དགོས་པ་ཞིག་བྱུང༌། ཉམས་མྱོང་དེ་དག་ལ་བརྟེན་ནས་སླར་ཡང་གྲོས་ཚོགས་སུ་འཛིན་སྐྱོང་འགན་འཛིན་རྣམ་པར་སླད་ཕྱིན་ཁྲིམས་ལུགས་སྒྲིག་གཞི་གང་ཡང་མི་དགོས་པ་ཕྱིར་བསྡུ་བྱེད་ན་ག་འདྲ་འདུག་ཅེས་དྲི་བའང་ཞུས་མྱོང་ཞིང༌། དེ་སྐབས་ཚང་མས་ཁྲིམས་དང་སྒྲིག་གཞི་དགོས་གལ་ཆེ་ལུགས་གསུངས་ཏེ་རང་སོར་གནས་པ་རེད། སྤྱིར་འཇིག་རྟེན་འདིར་ཁྲིམས་མེད་སྒྲིག་མེད་ཀྱི་ལམ་སྲོལ་རྐྱརྣཎཔྱཏྲདཕྲཞེས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ཀྱང་ཡོད་མོད། དེ་ཡང་ལྟ་གྲུབ་ཅིག་ཡིན་པས་བོད་མིས་ལག་ལེན་བསྟར་མདོག་ཁ་པོ་མི་འདུག ཧ་ཅང་ངོ་གནོང་དགོས་པ་ཞིག་ལ། སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་གྱི་མཛད་སྒོའི་ཉིན་ྋགོང་ས་ཆེན་པོར་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་འདོན་རྒྱུའི་ལས་འགན་དེ་སྟབས་མ་ལེགས་པ་ཞིག་གིས་ཕྲན་ལ་བབས་པ་ན་ཧམ་པ་དང་སྤོབས་ཆེན་པོའི་ཐོག་ནས་དེ་རིང་གི་ཉིན་མོ་འདི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་དུ་འཕོ་བའི་དུས་ཚོད་ཅིག་ཡིན་ཞེས་ཞུས་ཡོད་ཀྱང༌། དོན་ངོ་མར་འདས་པའི་ལོ་ཧྲིལ་པོ་བཅུའི་ནང་ཁྲིམས་ལུགས་ཀྱི་དབང་སྒྱུར་ཡང་དག་པ་ཞིག་ཕྲ་ཚུགས་རྒྱུའི་ཚབ་ཏུ་ཁྲིམས་དང་སྒྲིག་གཞི་ཕལ་ཆེ་བ་སྒེར་གྱི་འཁོན་འཛིན་གྱི་བརྣག་སེམས་ཀྱི་སྐབས་ལུང་དྲང་རྒྱུ་དང༌། སྒེར་གྱི་ངོ་ཤེས་རྒྱབ་གཉེར་བྱེད་དུས་སྦས་ནས་བཞག་རྒྱུའམ་མཐོང་བཞིན་ཁྱད་གསོད་བྱེད་རྒྱུ་ཞིག་ཏུ་ཆགས་འདུག་པ་འདི་སྙིགས་མའི་སྐྱེ་བོའི་ངང་ཚུལ་ལ་ཡིད་འབྱུང་སྐྱེ་བའི་རྒྱུ་ཙམ་ཞིག་ལས་ཕན་ཐོགས་གཞན་གང་ཡང་བྱུང་མ་སོང༌། གཞན་ཕར་བཞག་དམིགས་བཀར་སྔོན་རྩིས་འབུལ་ཕྱོགས་ཐད་སྤྱི་འཐུས་ཆེད་འཛུགས་ཚོགས་ཆུང་གི་རྒྱུ་མཚན་ལྡན་པའི་རྒྱབ་གཉེར་ཁག་ཀྱང་གཏན་འབེབས་ལག་བསྟར་མ་ཐུབ་པ་དེ་ནི་ཚོགས་གཙོ་རང་ཉིད་མཚོན་པའི་གྲོས་ཚོགས་ཀྱི་ནུས་ཤུགས་ཇི་ཙམ་ཞན་པ་དང༌། རྙིང་ཞེན་མཁྲེགས་བཟུང་དང་སྡིགས་རའི་ནུས་ཤུགས་ཇི་ཙམ་ཆེ་བའི་དངོས་རྟགས་དེ་ལས་ལྷག་པ་ཞིག་ག་ན་ཡོད། མང་གཙོའི་ལེགས་བྱང་མེད་པའི་སྤྱི་ཚོགས་ཀྱི་ནང་མང་གཙོ་བཙན་ཐབས་སུ་བསྐྲུན་པའི་ཐབས་ཤེས་མེད་པ་དེ་ཧ་གོ་དུས་ཧ་ལོག་ཚར་འདུག
ངས་སྤྱི་འཐུས་དང༌། དེའི་ཚོགས་གཙོའི་ལས་ཁུར་བླངས་པའི་མིང་གནས་རྗེས་འབྲེལ་གྱིས་ཁུར་དུ་བབས་པའི་ལས་འགན་ཚུལ་བཞིན་བསྒྲུབས་མ་ཐུབ་པའི་རྒྱུ་རྐྱེན་མང་དག་ཅིག་ཡོད་པའི་ནང་གཙོ་ཆེ་བ་གཉིས་བཟོད་གསོལ་གྱི་གླེང་མོལ་འདིའི་ནང་ཞུ་འདོད་བྱུང༌། དང་པོ་ནི། ཕྲན་གྱི་ཐོག་མར་ལས་ཁུར་དུ་ཞུགས་སྐབས་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཇི་ཡིན་ཚོད་མི་ཐིག་པ་ཆེན་པོ་ཞིག་བྱུང་འདུག སྐབས་དེར་ང་རང་གི་བསམ་ཚུལ་ལ།
༡། བོད་མི་སྤྱི་དང༌། ཁྱད་པར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་མཐོང་སྣང་དུ་ཆབ་སྲིད་ཀྱི་གོ་རྟོགས་ཆུང་ཞིང་སྐྱོན་ཆུང་ཙག་སྣ་ཚོགས་ཤིག་ཡོད་ནའང་འགག་ལ་ཐུག་ན་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ཐུབ་མཁན་ཤ་སྟག་ཡིན་པ་དང༌།
༢། ྋགོང་ས་ཆེན་པོའི་ཅི་གསུང་བཀའ་སྒྲུབ་ཞུ་མཁན་ཤ་སྟག་ཡིན་པ།
༣།བོད་མི་ན་གཞོན་སྤྱི་དང༌། ཁྱད་པར་དེང་རབས་ཀྱི་སློབ་སྦྱོང་ཐོན་པ་རྣམས་རྙིང་ཞེན་དང་ཕྱོགས་རིས་མེད་ཅིང༌། དེང་རབས་ཀྱི་བསམ་ཚུལ་དང་ལྡན་པ་ཞིག་ཡིན་པའི་ཡིད་ཆེས་བྱས་པ་ཡིན།
འོན་ཀྱང་སྲིད་གཞུང་གི་ལས་དོན་ཐོག་དངོས་སུ་ཞུགས་ཏེ་མཉམ་གཤིབ་བྱེད་སྐབས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལས་སོ་སོའི་ཆོལ་ཁ་ཆོས་ལུགས་དང༌། ཡང་ན་རང་ངམ་རང་གི་དགའ་ཕྱོགས་ཀྱི་གང་ཟག་བྱེ་བྲག་པའི་ཁེ་ཕན་རྩ་ཆེ་བར་རྩི་མཁན་མང་པོ་ཡོད་པ་དང༌། ྋགོང་ས་མཆོག་གི་བཀའ་དང་རང་གི་འདོད་ཕྱོགས་མི་མཐུན་པ་ཞིག་བྱུང་ན་རབ་ལ་ྋགོང་ས་མཆོག་གི་བཀའ་དགོངས་རང་འདོད་དང་མཐུན་པར་འཁྱོག་བཤད་བྱ་ཐབས་བྱེད་རྒྱུ་དང༌། སྡུག་ན་དངོས་སུ་རྩིས་མེད་ཞུས་ཏེ་མཚན་སྨོད་ཀྱང་ཞུ་མཁན་ཡོད་པ་དང༌། ན་གཞོན་སློབ་ཐོན་པ་རྣམས་ཀྱི་ནང་དུའང་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་མཚོན་པའི་རྙིང་ཞེན་དམ་པོ་ཡོད་མཁན་མང་པོ་ཡོད་པ་བཅས་ཀྱི་གནས་ཚུལ་ར་འཕྲོད་བྱུང་སྐབས་སྔོན་མའི་ང་རང་གི་ཡིད་ཆེས་དེ་ཚོད་མ་ཐིག་པ་ཞིག་ཡིན་པ་ཧ་གོ་དུས་ཧ་ལོག་ཚར་འདུག གཉིས་པ་ནི་གོ་བརྡ་འཕྲོད་དཀའ་བའི་གནས་ཚུལ་དེ་རེད། བདེན་དོན་ལ་བརྟེན་པའི་གནས་ལུགས་རིགས་པ་དང་རྒྱུ་མཚན་དུ་མའི་སྒོ་ནས་གསལ་བཤད་ཇི་ཙམ་ཞུས་ཀྱང༌། མང་ཆེ་བ་ཞིག་ལ་ཧ་ཅང་གོ་བརྡ་འཕྲོད་དཀའ་བ་དང༌། ཡང་གཞན་དག་མང་པོར་གོ་བརྡ་འཕྲོད་ཀྱང་དགོས་དབང་གིས་གོ་བརྡ་མ་འཕྲོད་པའི་ཚུལ་བཟུང་སྟེ་བཞུགས་པ་དང༌། ཡང་འགའ་རེས་གོ་བརྡ་འཕྲོད་མིན་ལ་མ་ལྟོས་པར་སྙན་རྒྱབ་ཀྱི་ལྟག་པ་ལྟ་བུར་སྣང་མེད་བཏང་སྙོམས་སུ་བཞག་པ་ལ་བརྟེན་ནས་བསམ་ཚུལ་སྨྲ་བརྗོད་ཐམས་ཅད་རང་བཞིན་ནུས་མེད་དུ་སོང་བའི་གནས་ཚུལ་ཞིག་བྱུང༌། རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་སྤྱི་འཐུས་དང་ཚོགས་གཙོའི་སྐབས་བབ་ཀྱི་ལས་འགན་བསྒྲུབས་མ་ཐུབ་པ་བྱུང་སོང་བ་དེ་ནི། རང་གི་ཚོད་དཔག་གི་ནུས་པ་དམན་པ་དང༌། གོ་བརྡ་སྤྲོད་པའི་སྨྲ་བརྗོད་ཀྱི་ནུས་པ་དམན་པ་གཉིས་ཁོ་ན་ལ་ཐུག་པ་ལས་གཞན་དག་སུ་ལའང་ཁག་དཀྲི་ཞུ་རྒྱུ་མེད་པས་རང་ནོངས་ངོས་ལེན་གྱིས་བཟོད་གསོལ་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་སྐབས་དེའི་བོད་མིའི་དངོས་ཡོད་ཀྱི་གནས་ཚུལ་ལ་ལྟོས་ཏེ་སྲིད་དོན་གྱི་ཚོགས་པ་དུ་མ་ཅན་གྱི་མང་གཙོའི་ལམ་སྲོལ་ཞིག་ཏུ་བཟོས་མེད་ནའང་རིམ་གྱིས་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ཡོང་བ་ལ་སྲིད་དོན་གྱི་ཚོགས་པ་དུ་མ་ཅན་ཞིག་གི་ལམ་དུ་རིམ་གྱིས་འགྲོ་དགོས་པ་ནི་མང་གཙོའི་རིང་ལུགས་ཁས་ལེན་བྱས་རྗེས་ཁ་འདོད་ནས་ཁ་སྤུ་མི་འདོད་པ་བྱེད་ཐབས་མེད་པ་ཞིག་རེད། འོན་ཀྱང་འདས་པའི་ལོ་བཅུའི་རིང་ཁྲིམས་མཐུན་སྒྲིག་འཛུགས་བྱས་པའི་སྲིད་དོན་གྱི་ཚོགས་པ་དུ་མ་ཡོང་ཐབས་བྱེད་རྒྱུ་ཕར་བཞག བྱུང་བ་ལ་ངོས་ལེན་མི་དགོས་པའི་ཐབས་ཤེས་བྱེད་པ་ནི་མང་གཙོའི་ལེགས་བྱང་གི་དྲི་ཙམ་མེད་པའི་རང་རྟགས་བསྟན་པ་ཙམ་མ་ཟད། སྲིད་དོན་གྱི་ཚོགས་པ་མིན་པའི་ཡུལ་ལུང་ཚོགས་སྐྱིད་ཁག་གི་གནོན་ཤུགས་སྤྱི་འཐུས་རྣམ་པ་ཚོའི་སྟེང་ཇི་ཙམ་ཡོད་པའང་གསལ་པོར་མཚོན་ནུས་པ་ཞིག་རེད།
བོད་མིའི་ཆབ་སྲིད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་རྒྱུ་ཁས་ལེན་བྱས་པ་ནས་བཟུང༌། བཙན་བྱོལ་གཞུང་གིས་ཁ་ཞེ་མེད་པའི་འཚེ་བ་སྤོང་ཐབས་ཤིག་བྱེད་དགོས་རྒྱུ་དེ་གཞི་རྩའི་ལས་འགན་ཞིག་ཡིན་པ་དང༌། དམག་འཐབ་ཙམ་མིན་པར་གཞན་ལ་དངོས་ཤུགས་ནས་གནོད་པའི་ལས་དོན་ཡོངས་རྫོགས་འཚེ་བ་ཡིན་ཞིང༌། ལྷག་པར་དེང་རབས་ཀྱི་སྤྱི་ཚོགས་འདིར་དཔལ་འབྱོར་འདུ་འགོད་ཀྱི་ལམ་སྲོལ་ཕལ་ཆེ་བ་འཚེ་བ་དང་མ་འདྲེས་པ་དཀོན་ཞིང༌། གཞི་རྒྱ་ཆེ་བའི་མགྲོན་ཁང་དང་ཟ་ཁང་རྣམས་སུ་ནི་ཉིན་ལྟར་དངོས་སུ་སྲོག་ཆགས་བརྒྱ་ཕྲག་དུ་མ་བསད་དགོས་པ་དང༌། དེ་ལས་གཞན་པའི་བཟོ་ཚོང་གི་ལས་དོན་ལྟ་བུའང་བཤུ་གཞོག་དང་ལྐོག་རྔན། ཁྲལ་རྐུ་དང་ནག་ཚོང་སོགས་ཁྲིམས་འགལ་དང་མི་དགེ་བའི་བྱ་བ་སྣ་ཚོགས་ཤིག་ཤུགས་མ་ཐུབ་ཀྱིས་མ་བྱེད་ཐབས་མེད་ཡིན་པའི་གནས་ཚུལ་ཚང་མས་མཁྱེན་གསལ་ཡིན་སྟབས། ཕྱོགས་བཅུའི་ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོས་དབུ་ཁྲིད་པའི་སྲིད་གཞུང་གིས་བཟོ་ཚོང་གིས་མཚོན་པའི་དཔལ་འབྱོར་འདུ་འགོད་ཀྱི་ལས་རིགས་རྣམས། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཞེས་པའི་དགོངས་དོན་ལ་བསམ་གཞིགས་ཀྱིས་ཐད་ཀར་འཛིན་སྐྱོང་མ་དགོས་པར་རིམ་བཞིན་སྒེར་བདག་ཏུ་བསྒྱུར་ཏེ་གཞུང་གི་མ་འཛུགས་རྣམས་རིམ་པས་གྱོང་གུན་ཡོང་དྭོགས་མེད་པའི་དངུལ་ཁང་དང་མ་རྩའི་ལས་རིགས་ཁག་ཏུ་བཅོལ་འཇུག་གནང་ན་སྙམ་པ་དང༌། འཚེ་བ་དང་སྡིག་པའི་བསམ་བློ་མ་བཏང་བར་ཆོས་མེད་རིང་ལུགས་པའི་བསམ་ཚུལ་ཞིག་གི་ཐོག་ནས་བལྟས་ནའང་དཔལ་འབྱོར་གྱི་འདུ་འགོད་ནི་ཁེ་བཟང་གི་ཆེད་དུ་བྱེད་པ་མ་གཏོགས་གྱོང་གུན་གྱི་ཆེད་དུ་བྱེད་སྲོལ་མེད་ངེས་ཀྱང༌། བཙན་བྱོལ་གཞུང་གི་འདས་པའི་ལོ་བཞི་བཅུའི་རིང་གི་འདུ་འགོད་ཀྱི་ལས་དོན་ཡོངས་རྫོགས་ལ་ཕྱི་མིག་ཅིག་བལྟས་ན་ལྕགས་བཟོ་དང་ཤོག་བཟོ་ལྟ་བུའི་བཟོ་ལས་ཆེ་རིགས་སྦོ་ལུགས་པ་རྣམས་མ་བརྩིས་པར་དེ་མིན་གྱི་ད་ཡོད་ཀྱི་དཔལ་འབྱོར་སྡེ་ཚན་རྣམས་ལ་ཆ་མཚོན་ནའང་གྱོང་གུན་ཤ་སྟག་མ་གཏོགས་ཁེ་བཟང་ནམ་ཡང་མ་བྱུང་བས་ས་རིས་ཐང་གསལ་དེ་ལྟར་ཡང༌། ད་དུང་ཡང་ལོ་ནས་ལོ་བསྟུད་སྡེ་ཚན་གསར་གཏོད་སྤེལ་རྐྱང་ལས་གཞུང་དངུལ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་མ་འཛུགས་ཐེབས་སྦྱར་གནང་ཐབས་ཀྱི་འབོད་བསྐུལ་ཞུས་མ་ཐུབ་པ་དེ་ནི་ང་རང་གི་ཁ་སྟབས་ཤིན་ཏུ་དམན་པའི་རང་རྟགས་དངོས་གསལ་ཞིག་མིན་ན་ཅི་ཡིན། འགའ་ཤས་ཀྱིས་དཔལ་འབྱོར་སྡེ་ཚན་རྣམས་སུ་གྱོང་གུན་ཆགས་པ་ཡོད་ཀྱང་སྡེ་ཚན་འགའ་ཤས་ཁེ་འབབ་ཧ་ཅང་ཆེ་བས་གཞུང་ལ་ཐུགས་ཕན་གསོས་པ་བྱུང་ཡོད་དགོངས་སྲིད་ནའང༌། ཚང་མས་མཁྱེན་དགོས་པ་ཞིག་ལ་དཔལ་འབྱོར་སྡེ་ཚན་ཡོངས་རྫོགས་ཀྱི་ཁེ་གྱོང་བསྡོམས་རྩིས་བྱེད་སྐབས་ད་ཕན་མི་ལོ་བཞི་བཅུའི་རིང་གཙང་ཁེའི་འབབ་དངུལ་ཁང་གི་འཆར་ཅན་སྐྱེད་ཁའི་འབབ་ཐོབ་ལོངས་པ་ལོ་རེ་ཟུང་ལས་ཡོང་མ་མྱོང་བ་རྩིས་ཁྲའི་ཐོག་ནས་རྭ་འཕྲོད་གསལ་པོ་ཡོད། གཞུང་གི་མ་དངུལ་དེ་དག་ད་བར་དངུལ་ཁང་དུ་སྐྱེད་བཅོལ་བྱས་ཡོད་ན་ཐོབ་ངེས་པའི་སྐྱེད་འབབ་ནས་གྱོང་གུན་སྡོམ་འབོར་ཇི་ཙམ་ཐོབ་ཡོད་རོབ་རྩིས་བཏོན་པ་ཡིན་ན་ཚང་མ་ཧ་ལས་དགོས་པ་ཤིག་ཡོད་པ་དེ་ཁོ་བོས་ཚོད་དཔག་གིས་ཞུས་པ་མིན་པར་ཨང་རྩིས་ཀྱི་ཐོག་ནས་རྭ་འཕྲོད་ཐུབ་པའི་བདེན་དོན་ཞིག་ཡིན་པ་མ་ཟད། འདིར་ཡོད་ཚང་མས་གསལ་པོ་མཁྱེན་བཞིན་པའི་གནས་ཚུལ་ཞིག་ཀྱང་རེད། སྡིག་པ་དང་ཁྲིམས་འགལ་ལ་མ་འཛེམས་ཀྱང༌། དཔལ་འབྱོར་གྱི་གྱོང་གུན་ལའང་མ་འཛེམས་པར་ད་དུང་མུ་མཐུད་དཔལ་འབྱོར་གྱི་སྡེ་ཚན་ཁག་རྒྱུན་འཛིན་དང་གསར་འཛུགས་གནང་བཞིན་པ་འདིའི་དགོས་དམིགས་ནི་གཞུང་གི་མ་དངུལ་བེད་སྤྱོད་ཀྱི་ཐོག་ནས་མི་སྒེར་གང་འཚམས་ཤིག་གི་འཚོ་བ་རྫིག་མཆོར་གྱི་ངང་བསྐྱལ་རྒྱུ་དེ་ཙམ་མ་གཏོགས་ངས་ནི་མཐོང་མ་ཐུབ། སྤྱི་འཐུས་ཚོགས་གཙོའི་ཁུར་འགན་གྱི་ཆ་ནས་བཙན་བྱོལ་གཞུང་གི་ཁ་ན་མ་ཐོ་བའི་ལས་རིགས་འདི་དག་གི་དཀར་མིན་ལས་ཀྱི་བགོ་སྐལ་དེ་ང་རང་ལའང་བབས་ཀྱི་ཡོད་པ་དེ་གསལ་པོ་ཤེས་ཀྱི་ཡོད་ཅིང༌། དེ་ནི་ཁྱེད་རྣམ་པར་བཟོད་གསོལ་ཞུས་པ་ཙམ་གྱིས་ཀྱང་དག་ཐབས་ག་ལ་ཡོད།
དེ་བཞིན་བཅའ་ཁྲིམས་གཏན་འབེབས་གྲུབ་རྗེས་བཙན་བྱོལ་གཞུང་དང་འབྲེལ་བ་ཡོད་པའི་དཔུང་སྡེ་སྒྲིག་འཛུགས་དམག་སྦྱོང་དགོས་རིགས་རྣམས་རིམ་པས་བདེ་འཇགས་ལས་བྱེད་དང་ཁྲིམས་སྲུང་སྐོར་རྒྱག་པའི་སྦྱོང་བདར་གྱི་ངོ་བོར་བསྒྱུར་དགོས་པའི་ཐག་གཅོད་བྱུང་ཡོད་ནའང༌། དེ་དག་ད་བར་ལག་ལེན་དངོས་སུ་འཁེལ་ཐབས་འབད་རྩོལ་མ་ཐུབ་པ་དེའི་ནག་ཉེས་ཀྱི་ཆ་ཤས་ཀྱང་སྤྱི་འཐུས་ཚོགས་གཙོར་བབས་ཀྱི་ཡོད་པ་གདོན་མི་ཟ།
སྤྱི་འཐུས་སྐབས་ ༡༡ པ་དང་ ༡༢ པའི་ལས་རྒྱུན་གཉིས་ཀྱི་རིང་ཕྲན་ཚོགས་གཙོ་སྒེར་དང༌། སྤྱི་འཐུས་རྒྱུན་ལས། ཡང་ན་སྤྱི་འཐུས་ལྷན་ཚོགས་བཅས་ལ་དམིགས་ཀྱིས་བཀར་ནས་བསྐུར་བའི་ལས་འགན་ཇི་སྙེད་ཅིག་བསྒྲུབས་མ་ཐུབ་པ་རྣམས་ཀྱི་ནང་ནས་དཔེ་མཚོན་འགའ་ཞིག་མིང་བཏོན་ཞུ་ན། གཞུང་གི་ཆབ་སྲིད་ཀྱི་ལས་འགུལ་ཆེད་ཆེས་མཐོའི་གསང་བའི་ཚོགས་ཆུང་ཚོགས་གཙོའི་འགོ་ཁྲིད་འོག་ཟུར་འཛུགས་བྱ་རྒྱུ་གྲོས་ཚོགས་ཀྱིས་ཐག་བཅད་པ་དང༌། མ་འོངས་བོད་ཀྱི་འཆར་འགོད་ལས་གཞི་ཚོགས་གཙོའི་ལམ་སྟོན་འོག་བྱ་རྒྱུར་ཐག་བཅད་པ་དང༌། རྒྱ་གར་གཞུང་མང་དང་འབྲེལ་མཐུད་ཀྱིས་མཚོན་པའི་རྒྱ་གར་ནང་ཁུལ་གྱི་ལས་འགུལ་རྣམས་གྲོས་ཚོགས་ཀྱི་གཟིགས་སྐྱོང་འོག་གནང་རྒྱུ་བྱས་པ་དང༌། རྒྱལ་ཡོངས་གྲོས་ཚོགས་ཁག་གི་བོད་དོན་ཚོགས་ཆེན་གྲོས་ཚོགས་ཀྱི་གོ་སྒྲིག་འོག་ཚོགས་རྒྱུ་བྱས་པ་དང༌། ྋགོང་ས་མཆོག་གི་སྐུ་དཔར་དང་གསུང་རྩོམ་ཁག་གི་འདྲ་བཤུས་བདག་དབང་དང་བསྡུ་གསོག་བདག་ཉེར་ཁང་གསར་འཛུགས་བྱ་རྒྱུ་ཚོགས་གཙོའི་ལམ་སྟོན་འོག་བྱེད་རྒྱུར་ངེས་པ་དང༌། ས་གནས་གཞུང་དང་མཉམ་འབྲེལ་གྱིས་རྡ་སའི་གྲོང་སྡེ་ཡར་རྒྱས་ཀྱི་ཆེད་གཞི་རྒྱ་ཆེ་བའི་འཆར་གཞི་དང་འཛུགས་སྐྲུན་སྡེ་ཚན་ཟུར་འཛུགས་བྱ་རྒྱུའི་ལས་འཆར་དང༌། རྡ་སའི་ཁུལ་བོད་མིའི་མི་འབོར་ཉུང་དུ་གཏོང་ཆེད་དགོས་ངེས་ཀྱི་ལས་འཆར་ལག་བསྟར་བྱ་འཆར་སོགས་དང༌། དེ་བཞིན་སྤྱི་འཐུས་ཀྱི་ཚོགས་ཆུང་ཁག་ཁུངས་མ་འཁྱོལ་བ། ལས་འབོར་ཉམས་ཞིབ་ཚོགས་ཆུང༌། ཤེས་རིག་ཚོགས་ཆུང༌། མང་ཚོགས་རྩིས་ཞིབ་ཚོགས་ཆུང་སོགས་དང༌། ཁྲིམས་བཟོའི་ལས་དོན་ཁུངས་མ་འཁྱོལ་བ། སྲིད་དོན་ཚོགས་པ་ཁག་ངོས་ལེན་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་དང༌། བོད་རྒྱལ་ཡོངས་ལ་དཔེ་མཛོད་དང༌། འགྲེམས་སྟོན། ཡིག་ཆ་བདག་གཉེར་ཁང་བཅས་ཀྱི་ཁྲིམས་གཞི། བོད་རྒྱལ་ཡོངས་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་སོགས་དུ་མ་ཡོད། གོང་གསལ་ལས་དོན་རྣམ་གྲངས་མང་པོ་ཞིག་འགོ་འཛུགས་ཙམ་ལས་མཇུག་མ་འཁྱོང་བ་དང༌། འགའ་ཤས་འགོ་འཛུགས་ཙམ་ཡང་མ་ཐུབ་པར་བྱུང་འདུག་པ་དེ་དག་གཡས་ཁག་གཡོན་དཀྲི་བྱས་ཏེ་རྒྱུ་མཚན་ལྟར་སྣང་རེ་བཤད་ན་བོད་ཀྱི་གཏམ་དཔེར། བཤད་རྒྱུ་ཕ་བསད་ཀྱི་བུ་ལའང་ཡོད་ཟེར་བ་ལྟར་བཤད་རྒྱུ་ཡོད་མོད། དངོས་དོན་ཚོགས་གཙོ་རང་ཉིད་ཀྱི་ནུས་པ་དང་སྙིང་སྟོབས་ཀྱིས་མ་འདེང་བ་ཁོ་ན་ཡིན་པར་ངོས་ལེན་ཞུས་ཏེ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་ཡིན། སྐབས་བཅུ་གཉིས་པའི་སྤྱི་འཐུས་འོས་བསྡུའི་སྐབས་རང་གི་ཆོས་ལུགས་རིས་མེད་ཀྱི་ལྟ་བར་གཞི་བཅོལ་ཏེ་ཆོས་ལུགས་ཁོངས་མ་བསྡད་པར་ཆོལ་ཁའི་ཁོངས་བསྡད་ཁུལ་བྱས་ཀྱང༌། མདོ་སྟོད་སྤྱི་འཐུས་ཀྱི་ས་མིག་གཅིག་བཀག་པ་ཙམ་ལས་མདོ་སྟོད་སྤྱི་འཐུས་ཀྱི་ལས་འགན་གང་ཡང་མ་གྲུབ་པ་མ་ཟད། སྤྱི་འཐུས་ཕྱག་རོགས་ཚོའི་ལས་དོན་སྒྲུབ་ཕྱོགས་ལ་བར་ཆད་གཏོང་མཁན་ཡིན་པ་ལྟ་བུའི་ཚོར་སྣང་ཞིག་བྱུང༌། དཔེར་ན་ཆུ་སྒང་ཤོག་ཁག་གཉིས་གཅིག་མཐུན་བྱ་རྒྱུའི་ཆེད་མདོ་སྟོད་སྤྱི་འཐུས་བཅུས་སྣེ་ཁྲིད་དེ་ནོར་གླིང་དུ་ཆོས་བརྒྱུད་བླ་ཆེན་ཁག་གི་སྐུ་ཚབ་དང་བཅས་ཚོགས་འདུ་ཉིན་བསྟུད་མར་ཚོགས་པའི་མཐའ་མར་ཐག་གཅོད་བྱ་རྒྱུའི་འཆར་གཞི་ཉེ་ཆར་དངོས་སུ་ལག་ལེན་བསྟར་བ་དང་ཁྱད་པར་གང་ཡང་མེད་པ་ཞིག་ལ་ཕྱི་དྲོ་སྤྱི་འཐུས་བཅུ་པོ་མོས་མཐུན་བྱུང་རུང༌། སང་ཉིན་ཆ་ཚང་འགྱུར་བ་ཐེབས་ཏེ་བཞག་སོ་གང་ཡང་མེད་པར་ལས་དོན་འཕྲོ་ཅན་དུ་ལུས་པ་དང༌། དེའི་རྗེས་བསྐྱར་འཛོམས་ཡང་འཛོམས་ཀྱིས་དོན་གནད་དེ་རང་གླེང་མོལ་བྱས་ཀྱང༌། དོན་དུ་ལག་ལེན་ལ་ཆེད་གཉེར་གྱིས་བཀལ་དུ་མ་བཅུག་པ་དེ་ཡང་མདོ་སྟོད་སྤྱི་འཐུས་བཅུའི་ནང་ཕྲན་ཡང་ཚུད་པ་དེས་ལན་པ་ཡིན་པར་ཧ་གོ་དུས་ཧ་ལོག་ཚར་འདུག
གོང་དུ་ལས་དོན་མ་གྲུབ་པའི་རྣམ་གྲངས་ཧ་ཅང་མང་པོ་ཞིག་བགྲངས་པ་དེ་ཚོའི་ནང་ནས་ཁ་ཤས་སྡིག་པ་མིག་བཙུམས་ཀྱིས་ཨུ་ཚུགས་དང་གནོན་ཤུགས་སྤྲད་ན་གྲུབ་ངེས་པ་མཐོང་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་མང་གཙོའི་གོམས་གཤིས་དང་ལེགས་བྱང་བཟང་པོ་ཞིག་སྤེལ་ཐབས་དང༌། ལྷག་པར་དུ་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞིར་བཟུང་ཕྱག་ལས་གནང་མཁན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཡོངས་རྫོགས་གོ་བསྡུར་དང་སྤྱི་མོས་མང་མོས་ལྟར་འགྲོ་རྒྱུ་མ་གཏོགས་རྒྱུ་མཚན་དང་དགོས་གལ་ཡོད་པ་ཙམ་ལ་བརྟེན་ནས་མི་རེ་ཟུང་གིས་དབང་ཤེད་བྱེད་པའི་ལམ་མི་འཇགས་པའི་ཆེད་གལ་གནད་ཆེ་བའི་ལས་དོན་འཐུས་ཤོར་ཕྱིན་པ་མང་པོ་བྱུང་སོང་ཡང༌། ཕྲན་གྱི་བསམ་ཚུལ་དང་སྤྱོད་ཚུལ་དེ་དག་གིས་མང་གཙོའི་ལམ་སྲོལ་གྱི་སྲོལ་རྒྱུན་བཟང་པོ་འཛུགས་རྒྱུར་ཕན་ཐོགས་མེད་པ་ཧ་གོ་དུས་ཧ་ལོག་ཚར་འདུག
སྐབས་རེ་ནི་མིའི་མཐུན་རྐྱེན་དང་རང་ཉིད་ཀྱི་དུས་ཚོད་བཏང་བ་མ་ཐུབ་པ་བཅས་ཀྱི་དབང་གིས་ལས་དོན་གལ་ཆེ་མ་གྲུབ་པའང་ཡོང་འདུག་པ་དཔེར་ན། སྐབས་བཅུ་གཅིག་པའི་གྲོས་ཚོགས་དབུ་ཚུགས་པ་ནས་བཟུང་གྲོས་ཚོགས་ཀྱི་ལས་རིམ་རྣམས་ཡིག་ཐོག་ཏུ་འགོད་ཐུབ་པའི་རེ་བས་ཕི་ཌི་རིཀ་ནོའུ་མན་ཐེབས་རྩའི་བརྒྱུད་འགྲོ་གྲོན་མཐུན་རྐྱེན་ཐོབ་ཀྱང༌། ཞུ་དག་གཏོང་མཁན་རྩོམ་སྒྲིག་པ་ཚད་ལྡན་ཞིག་མ་རྙེད་པའི་དབང་གིས་ད་བར་རེ་འདོད་བཞིན་མ་གྲུབ་པ་འདི་ལ་ང་རང་བློ་ཕམ་ཆེ་ཤོས་ཤིག་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པ་དང༌། མང་ཚོགས་ལ་དགོངས་སེལ་ཞུ་དགོས་པའི་དོན་གནད་ཆེ་བ་ཞིག་ཡིན། སྐབས་བཅུ་གསུམ་པའི་ཚོགས་གཙོས་ལས་དོན་འདི་བསྒྲུབས་གནང་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དང་དེ་འབྲེལ་གྱི་ཁང་ཁུངས་གཞན་ཁག་སྤྱི་སྲོལ་དང་མཐུན་པ་ཞིག་བཟོ་རྒྱུའི་འདུན་པ་ཡང་ཡང་བྱུང་ཡང་ལག་བསྟར་མ་ཐུབ་པར་བློ་ཕམ་ཡོད། དེ་ལྟར་གོང་ཞུས་ཀྱི་གནས་ཚུལ་རྣམས་ལ་གཞིགས་ན་མི་ལོ་ཧྲིལ་པོ་བཅུ་ཙམ་དོན་མེད་ཆུད་ཟོས་སུ་སོང་བ་ལྟ་བུའི་བློ་ཕམ་གྱི་རང་བཞིན་འདིའི་ནང་ནས་རང་གི་རང་ལ་སེམས་གསོ་གཏོང་བ་ལྟ་བུས་ལྟ་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་བ་ཡིན་ན། གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ནི་གྲོས་ཚོགས་ཀྱི་གཙོ་སྐྱོང་བྱེད་རྒྱུ་དང༌། ཚོགས་འདུའི་ལས་རིམ་རྣམས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མཐུན་པར་དུས་ཐོག་ཏུ་ཟིན་པ་བྱ་རྒྱུ་དང༌། གྲོས་ཚོགས་ནང་སྒྲིག་ནོན་བྱ་རྒྱུ། གྲོས་ཚོགས་དང་གྲོས་ཚོགས་ཀྱི་ཚོགས་མིའི་ཁེ་དབང་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་སྟབས། སྐབས་བཅུ་གཅིག་པའི་ཚོགས་དུས་གཉིས་པ་ནས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་ཐུབ་པ་དང༌། དེ་ནས་བཟུང་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀའི་ཚོགས་དུས་ཡོངས་རྫོགས་ཀྱི་སྐབས་བབ་ཀྱི་ལས་རིམ་རྣམས་དུས་ཐོག་ཏུ་ཟིན་པ་དང༌། སྤྱི་སྲོལ་དང་མཐུན་པའི་གྲོས་ཚོགས་ཀྱི་སྒྲིག་འཛུགས་དང་མཚན་མཐོང་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་འཐུས་ཤོར་མེད་པར་བྱུང་བ་མ་ཟད། ལོ་བཅུའི་རིང་ལབ་རྒྱུ་གླེང་རྒྱུ་ཚབས་ཆེ་བ་གང་ཡང་མ་བྱུང་བ་དེའི་ཐོག་ནས་ཚོགས་གཙོའི་ལས་དོན་གྲུབ་པའི་དགའ་སྒོམ་ཆོག་ཤེས་བྱེད་དགོས་གསུང་མཁན་ཡང་མང་དག་ཅིག་ཡོང་གི་འདུག་པ་དེ་ཡང་ཕྱོགས་གཅིག་ནས་བདེན་པ་ལྟ་བུ་ཞིག་ཀྱང་རེད། རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་ཚོགས་གཙོའི་ལས་འགན་དེ་ཙམ་གྱིས་ཡིད་ཚིམས་པ་བྱེད་ཆོག་ངེས་ཀྱང༌། རང་རེའི་བཙན་བྱོལ་བའི་གནས་བབས་སྤྱི་དང༌། ལྷག་པར་དུ་ྋགོང་ས་ཆེན་པོའི་ཐུགས་རེ་དང་མཐུན་པའི་མང་གཙོའི་འཕེལ་རིམ་མདུན་བསྐྱོད་མ་ཐུབ་པའི་གནས་ཚུལ་ལ་བལྟས་ན་དེ་ཙམ་གྱིས་བློ་ཁ་ཚིམས་ཏེ་སྡོད་ཐབས་མེད་པ་མ་ཟད། རང་གི་ནུས་པ་དང་དུས་ཚོད་ཀྱི་འགྲོ་གྲོན་ལ་བལྟས་ནའང་དེ་ཙམ་གྱིས་འདོད་ཚིམས་བྱེད་རྒྱུ་དཀའ་བ་ཞིག་རེད། ལབ་རྒྱུ་གླེང་རྒྱུ་མེད་ཙམ་ཞིག་ནི་ལས་ཀ་སྣ་གཅིག་ཀྱང་མ་བྱས་པར་ཤག་སྦུག་ཏུ་འཛུལ་བསྡད་ནའང་ཡོང་ཐུབ་པ་ཞིག་ཡིན་པས་དེ་ནི་ལས་དོན་གྲུབ་འབྲས་དང་མིའི་འཇོན་ཐང་ཞིག་ག་ནས་ཡིན།
ཕྲན་རང་ཉིད་ཀྱི་བྱུང་བ་ལ་གཞིགས་ཏེ་བློ་འཚབ་ཆེན་པོ་ཡོང་གཞི་ཞིག་ནི་རང་ཉིད་སྤྱི་འཐུས་སྐབས་བཅུ་གཅིག་དང་བཅུ་གཉིས་པ་གཉིས་ཀར་ཚོགས་གཙོའི་འོས་བསྡུ་མ་དགོས་པར་སྤྱི་མོས་ཀྱི་ཐོག་ནས་འདེམས་ཐོན་བྱུང་བའི་ཚོགས་གཙོ་ཞིག་ཡིན་པ་མ་ཟད། རྒྱུན་དུ་སྤྱི་འཐུས་ཚང་མས་གུས་ཞབས་དང་བརྩེ་གདུང་ཆ་འཇོག་གཞན་ལས་ལྷག་པ་གནང་སའི་གང་ཟག་ཅིག་ཡིན་ནའང༌། ལས་དོན་ཐོག་གྲུབ་འབྲས་མ་ཐོན་པ་འདི་ལ་དཔགས་ན་སྤྱི་མོས་མེད་པར་མང་མོས་ཙམ་གྱིས་འོས་ཐོན་བྱུང་བའི་ཚོགས་གཙོ་ཞིག་ཡིན་ན། ལས་དོན་བསྒྲུབ་རྒྱུའི་ཇི་ཙམ་དཀའ་ཚེགས་ཡོད་སྙམ་པའི་སེམས་ཚོར་བྱུང་ཞིང༌། ཡང་དེའི་ལྡོག་ཕྱོགས་ནས་བསམ་ན་ཕྲན་ལ་སྤྱི་མོས་ཡོད་བཞིན་དུ་ལས་དོན་གྱི་ཐད་ནུས་པ་མ་ཐོན་པ་ནི་རང་གི་འཇོན་ཐང་མེད་པ་ཁོ་ནའི་ལན་སྙམ་པའི་ཞུམ་པའང་ཡོང་གི་འདུག འདས་པའི་མི་ལོ་བཅུའི་རིང་ཚོགས་གཙོ་གཉིས་རྒྱུན་ལས་སུ་སྤྱི་འཐུས་རྣམ་པས་བཀོད་མངགས་ལྟར་མཉམ་ཞུགས་བྱས་ཏེ་ལས་དོན་བྱ་དགོས་བྱུང་སྐབས་མཉམ་འདུས་ཀྱི་ལས་འགན་འཁྱེར་དགོས་པས་རང་གི་འདོད་པར་གཏན་ནས་མ་བབས་པའི་ཐག་ཆོད་མང་པོ་ཞིག་མང་མོས་ཀྱི་འོག་ཁས་ལེན་བྱ་དགོས་བྱུང་བ་མ་ཟད། སྐབས་རེ་དེ་འདྲའི་ཐག་ཆོད་རྣམས་ཀྱི་ལས་དོན་ལག་བསྟར་བྱེད་རྒྱུ་ཚོགས་གཙོ་རང་ཉིད་ཀྱི་སྟེང་དུ་བབས་པའང་ཡོང་འདུག་པ་དེ་དག་གི་ཚེ་བསམ་བློའི་ནང་མི་བདེ་བ་ཤུགས་ཆེ་ཞིག་བྱུང་དང་ཡོང་བཞིན་ཡང༌། མང་གཙོའི་རིང་ལུགས་ལ་ཡིད་སྨོན་དམ་བཅའ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་སྡིག་པ་མིག་བཙུམས་བྱེད་དགོས་པ་འདིའང་ལས་སླ་པོ་ཞིག་རྩ་བ་ནས་མ་རེད་ལ། ཉམས་མྱོང་འདི་ཐོག་ནས་བཀའ་ཤག་ལ་སོགས་པའི་སྒྲིག་འཛུགས་གཞན་དག་གི་ནང་མཉམ་འདུས་ཀྱི་ཐུགས་འགན་བཞེས་མཁན་ཚོར་ཡང་སྐུ་ངལ་ཇི་ཙམ་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག གནད་འགག་མེད་པའི་དཔེ་མཚོན་ཆུང་ངུ་ཞིག་ཞུ་ན། གྲོས་ཚོགས་དང་རྒྱུན་ལས་ནས་བཙན་བྱོལ་གཞུང་གི་ལས་ཁུངས་ཁག་ལ་རྒྱས་སྤྲོས་བྱ་རྒྱུར་དགག་བྱ་དང་སྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་དངོས་ཡོད་ཀྱི་དགོས་མཁོ་ལས་ལྷག་པའི་སྣུམ་འཁོར་རྫིག་པོ་མང་པོ་གཟིགས་རྒྱུ་ལ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་དགག་བྱ་གནང་གི་ཡོད་པ་མ་ཟད། ངེད་རང་སྒེར་གྱི་ངོས་ནས་རྒྱས་སྤྲོས་དེ་རིགས་ལ་མོས་མཐུན་ནམ་ཡང་མེད་མཁན་ཞིག་ཡིན་པས་སྤྱི་འཐུས་ལྷན་ཁང་ལ་གཏན་འཇགས་སྣུམ་འཁོར་དང་ཁ་ལོ་པ་དགོས་གལ་མེད་པའི་བསམ་ཚུལ་བཅང་མཁན་ཞིག་ཡིན། འོན་ཀྱང་སྤྱི་འཐུས་རྒྱུན་ལས་ནས་སྣུམ་འཁོར་གཅིག་གིས་མ་ཚིམས་པར་ཆེ་ཆུང་གཉིས་དགོས་པའི་དགོངས་ཚུལ་ཡང་ཡང་བྱུང་བ་འདས་པའི་སྔོན་རྩིས་གཉིས་ཀྱི་ནང་བཀག་ཐུབ་ཙམ་བྱུང་ཡང༌། འདི་ལོའི་སྔོན་རྩིས་བཟོ་འགོད་སྐབས་རང་ཉིད་ས་གནས་སུ་མེད་པའི་རྐྱེན་གྱིས་སྣུམ་འཁོར་འཕར་མ་ཞིག་གཟིགས་རྒྱུའི་ཐག་ཆོད་གནང་སྟེ་སྔོན་རྩིས་སུ་བཀོད་པར་བཀའ་ཤག་ནས་ཀྱང་ཀ་ཀོར་སྤུ་ཙམ་མེད་པར་རྒྱབ་གཉེར་གནང་འདུག གནས་ཚུལ་འདི་རིགས་རང་གི་བསམ་ཚུལ་དང་ཤིན་ཏུ་མི་མཐུན་པ་ཞིག་ཡིན་བཞིན་དུ་རྒྱུན་ལས་ཀྱི་ཐག་ཆོད་ལ་མཉམ་འདུས་ཀྱི་འགན་ཁུར་འོག་རང་གི་འདོད་བློར་བབས་མིན་ལ་མ་ལྟོས་པར་གྲོས་ཚོགས་ཀྱི་ཕྱི་ནང་གང་དུའང་རྒྱབ་སྐྱོར་མི་བྱེད་མཐུ་མེད་རེད། ཉམས་མྱོང་འདི་དག་གི་ཐོག་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་དམ་ཆོས་འདུལ་བར་དགེ་སློང་གི་དགེ་འདུན་གྱི་ཐག་ཆོད་ཐམས་ཅད་མཐའ་གཅིག་ཏུ་སྤྱི་མོས་དགོས་པའི་གདམས་ངག་བསྩལ་བའི་དགོངས་དོན་ལ་ཡིད་ཆེས་གཏིང་ཟབ་རྙེད་པ་ཞིག་བྱུང༌།
མདོ་དོན་ཕྲན་གྱི་ཚོགས་གཙོའི་ལས་འགན་མཐའ་འཁྱོལ་ཙམ་བྱུང་བ་དེ་ནི་སྐབས་སྔ་རྗེས་གཉིས་ཀྱི་ཚོགས་གཙོ་གཞོན་པ་རྣམ་གཉིས་ཀྱི་བཀྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། སྤྱི་འཐུས་རྣམ་པ་དང་མང་ཚོགས་ཀྱི་ནང་ནས་སྤྱི་འཐུས་སྐབས་ ༡༡ དང་ ༡༢ པའི་ཚོགས་གཙོའི་ལས་དོན་ཐོག་བསྔགས་བརྗོད་དང་གཟེངས་བསྟོད་ཡོད་ཚེ་དེ་དག་ཆ་ཚང་སྐབས་བཅུ་གཅིག་པའི་ཚོགས་གཞོན་བྱ་དུར་བཟང་པོ་མཆོག་དང༌། སྐབས་བཅུ་གཉིས་པའི་ཚོགས་གཞོན་ཐུབ་བསྟན་ལུང་རིགས་མཆོག་རྣམ་གཉིས་ལ་འགྲོ་དགོས། ཁོང་གཉིས་དང་མཉམ་དུ་ལོ་ལྔ་རེར་ཚོགས་གཙོའི་ལས་འགན་ཞུས་པའི་རིང་ཉིན་གཅིག་ཀྱང་བསམ་ཚུལ་མ་མཐུན་པའི་དཀའ་ངལ་མ་བྱུང་ཞིང༌། མཉམ་འདུས་ཀྱི་འགན་ཁུར་ཐོག་བྱ་དཀའ་བྱེད་གཏད་སྣ་གཅིག་ཀྱང་མ་བྱུང༌། ཁོང་གཉིས་ཀྱི་རྒྱུན་ལྡན་གྱི་རྒྱབ་སྐྱོར་དང༌། མཐུན་འགྱུར། མཉམ་རུབ་བཅས་ཀྱི་བཀྲིན་ནི་བརྗེད་ཐབས་མེད་པ་ཞིག་ཡིན། སྤྱི་འཐུས་འགའ་རེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཡག་པོ་ཡོད་པ་དང༌། གྲོས་ཚོགས་ནང་ལས་རིམ་ཚད་ལྡན་འགྲོ་གི་ཡོད་པའི་སྤོབས་པ་དང་བསྔགས་བརྗོད་གནང་མཁན་ཡོང་གི་འདུག་ཀྱང༌། ཚང་མས་ཐུགས་དྲན་གསོ་དགོས་པ་ཞིག་ལ། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྐབས་བཅུ་གཅིག་པའི་ཚོགས་དུས་གཉིས་པར་གཏན་ལ་ཕབ་པ་ནས་བཟུང་ད་ལྟའི་བར་བསྐྱར་བཅོས་དང་གསར་སྣོན་གཅིག་ཀྱང་བྱུང་མེད་ཅིང༌། འདས་པའི་ལོ་བཅུའི་ཉམས་མྱོང་ལ་གཞི་བཅོལ་ཏེ་ལེགས་བཅོས་དང༌། ཡར་རྒྱས། གསར་སྣོན་ཇི་འདྲ་ཞིག་དགོས་ཀྱི་འདུག་ཅེས་དགོངས་པ་བཞེས་མཁན་དང་བཀའ་བསྡུར་གནང་མཁན་བྱུང་མ་སོང༌། སྒྲིག་གཞི་འདི་ཐོག་མར་ས་བོན་ལྟ་བུ་ཞིག་གཏན་ལ་ཕབ་པ་དེའི་ཐོག་ཚོགས་དུས་རེ་རེ་བཞིན་སྤྱི་འཐུས་རྣམ་པའི་ཉམས་མྱོང་དང་དགོངས་འཆར་ལ་བརྟེན་ནས་ཡར་རྒྱས་ཆེན་པོ་འགྲོ་རྒྱུའི་རེ་བ་བྱས་ཡོད་རུང༌། དེ་འདྲ་མ་བྱུང་བ་ནི་བོད་མིའི་སྤྱི་ཚོགས་ནང་སྔར་ལམ་ད་འཇགས་དང༌། སྟབས་བདེའི་རིང་ལུགས་ཀྱི་བག་ཆགས་མཐུག་པོ་ཞིག་ཡོད་པ་དེ་མཚོན་གྱི་མེད་དམ་སྙམ།
ཚོགས་གཙོའི་ངོས་ནས་སྤོབས་པ་བྱས་ཆོག་པའི་གནས་ཚུལ་གཅིག་ཡོད་པ་ནི་ཚོགས་གཙོས་གྲོས་ཚོགས་གཙོ་སྐྱོང་བྱེད་པའི་སྐབས་བར་གནས་དང་ཕྱོགས་བསྒྲིལ་སྤངས་པའི་ལྟ་སྤྱོད་གཉིས་ལྡན་ཞིག་དགོས་པ་དེ་ལག་ལེན་ཚད་ལྡན་བསྟར་ཏེ་འབྱུང་འགྱུར་གྱི་ཚོགས་གཙོ་རྣམ་པས་ཀྱང་རྒྱུན་འཛིན་གནང་དགོས་པའི་སྲོལ་རྒྱུན་ཞིག་གཏོད་ཡོད་བསམ་གྱི་ཡོད། གཞུང་འབྲེལ་དང་སྤྱི་འཐུས་སྒེར་གྱི་གྲོས་འཆར་དང་དྲི་བ་ཁག་ངོས་ལེན་ཞུ་ཕྱོགས། བང་རིམ་སྒྲིག་ཕྱོགས། ལྷག་པར་དུ་གྲོས་ཚོགས་ནང་གི་བགྲོ་གླེང་གི་སྐབས་དོན་གནད་ཇི་འདྲ་ཞིག་ཡིན་རུང༌། ཚོགས་འདུའི་གཙོ་སྐྱོང་བྱེད་བཞིན་པའི་ཚོགས་གཙོའི་ངོས་ནས་དོན་གནད་དེའི་ཐོག་རྒྱབ་སྐྱོར་དང་དགག་བྱའི་རྣམ་འགྱུར་སྤུ་ཙམ་ཡང་མི་འཐོན་པ་ཞིག་བྱེད་རྒྱུ་དེ་གཏམ་བཤད་གང་ཡང་མི་དགོས་པའི་རིགས་ལ་དེ་ཙམ་དཀའ་བ་མིན་ཡང༌། ཚོགས་གཙོའི་ངོས་ནས་འགྲེལ་བརྗོད་དང་གསལ་བཤད་བྱེད་དགོས་ཀྱི་དོན་གནད་ཁག་གི་ཐོག་དེ་འདྲའི་རྣམ་འགྱུར་མི་འཐོན་པ་བྱེད་རྒྱུ་དེ་ཡིད་གཟབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་རེད། དེའི་ཐོག་ཁོ་བོས་ནོར་འཁྲུལ་སོང་བ་ཞིག་རང་ངོས་ནས་མེད་བསམ་པ་ཡིན། དོན་གནད་འགའ་ཞིག་གི་ཐོག་རྒྱབ་སྐྱོར་དང་དགག་བྱའི་བསམ་འཆར་འདོན་དགོས་ངེས་བྱུང་རིགས་ཁག་ལ་ཚོགས་འདུའི་གཙོ་སྐྱོང་མ་བྱས་པར་རང་ཉིད་ཀྱི་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོག་ནས་ཞུས་པ་དང༌། དེ་འདྲ་ཞུ་རྒྱུའི་ལམ་སྲོལ་གསར་པ་ཞིག་ཀྱང་གྲོས་ཚོགས་འདིའི་ནང་གཏོད་ཡོད།
འདས་པའི་མི་ལོ་བཅུའི་ནང་སྤྱི་འཐུས་སྐབས་གཉིས་ཀྱི་ཚོགས་དུས་ཉེར་གཉིས་རིང་བྱུང་བའི་མངར་མོ་དང་སྐྱུར་མོའི་ཉམས་མྱོང་ཐམས་ཅད་ད་ལྟ་ཚོགས་ཐེངས་གཅིག་གི་ནང་ཞུ་ཐུབ་རེ་བྲལ་ཡང༌། གོང་དུ་ཞུས་པ་དེ་ཚོ་དཔེ་མཚོན་ཙམ་དང་ཁ་ཟིན་སྤུ་ཟིན་གྱི་ཚུལ་དུ་ཞུས་པ་ཞིག་ཡིན། མདོར་བསྡུས་ན། སྤྱི་འཐུས་ཚོགས་གཙོའི་ལས་ཁུར་ཞུ་སྐབས་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་བསྐྱལ་བའི་ཁོ་བོའི་མི་ཚེའི་རིང་ཕྲན་ལ་རྒྱབ་སྐྱོར་བསྔགས་བརྗོད་གནང་མཁན་དང༌། དགག་བྱ་སྐྱོན་བརྗོད་གནང་མཁན་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་ཚོ་ཚང་མ་རང་ངོས་ནས་འདྲ་མཉམ་བཏང་སྙོམས་ཀྱི་འདུ་ཤེས་ལས་དགའ་སྡུག་གི་དབྱེ་བ་བྱེད་དགོས་པའི་རྒྱུ་མཚན་མེད། འོན་ཀྱང་བློ་ཕམ་གྱི་གནས་ཚུལ་གཅིག་ཞུ་འདོད་བྱུང་བ་དེ་གང་ལགས་ཤེ་ན། ཕྲན་ལ་བསྔགས་བརྗོད་རྒྱབ་སྐྱོར་གནང་མཁན་ཚོས་སོ་སོའི་རྣམ་རྟོག་གིས་སྒྲོ་བཏགས་པའི་ཡོན་ཏན་དངོས་དོན་དུ་ང་རང་ལ་མེད་པ་རྣམས་བརྗོད་པ་ཤ་སྟག་ཅིག་རེད། དེ་དང་མཚུངས་པར་སྐྱོན་བརྗོད་དང་དགག་བྱ་གནང་མཁན་ཚོས་ཀྱང་དངོས་དོན་ང་རང་ལ་མེད་པའི་སྐྱོན་དང་ངས་མ་བྱས་པའི་ནོར་འཛོལ་སྒྲོ་བཏགས་བྱས་ཏེ་བརྗོད་པ་ཤས་ཆེ་བ་ཞིག་ཡོང་གི་འདུག་པ་དེ་ལ་བརྟེན་ནས་ངའི་རང་བཞིན་གྱི་གནས་སྟངས་ཇི་མ་ཇི་བཞིན་ཐུགས་ངོ་མཁྱེན་མཁན་ཧ་ཅང་དཀོན་པའི་གནས་ཚུལ་འདིའི་ཐོག་ནས་གྲོགས་མེད་གཅིག་པུའི་ཚོར་སྣང་ཞིག་ཡང་ཡང་ཡོང་གི་འདུག ལྷག་པར་དུ་ཁོ་བོ་ལ་དགག་བྱ་དང་རྒྱབ་སྐྱོར་གནང་མཁན་སུ་ཡིན་རུང་ཟམ་གདོང་བླ་མ་གང་ཟག་སྒེར་དང༌། དེས་བྱས་པའི་ལས་དོན་ཆུང་ཙག་འགྲིགས་དང་མ་འགྲིགས་ཀྱི་སྐོར་ཤ་སྟག་མ་གཏོགས། ཁོ་བོས་སྤྱི་ཚོགས་དང༌། ཆབ་སྲིད། དཔལ་འབྱོར། འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་བསམ་ཞིབ་བྱས་པའི་ལྟ་བ་དང་གྲུབ་མཐའི་གནས་ཚུལ་དང་དམ་བཅའ་སོགས་ཀྱི་ཐོག་དགག་སྒྲུབ་གནང་རྒྱུ་ཕར་བཞག ཐུགས་སྣང་ཙམ་ཡང་གནང་མཁན་བོད་མིའི་སྤྱི་ཚོགས་ནང་ཧ་ཅང་དཀོན་པོ་ཞིག་བྱུང་བ་དེ་ནི་རང་ཉིད་བསོད་སྡེ་དམན་པའི་འབྲས་བུ་ཞིག་ཡིན་པ་བརྗོད་མ་དགོས་ཤིང༌། དེའི་གནས་ཚུལ་ནི་གྲོས་ཚོགས་དང་རྒྱུན་ལས་གཉིས་ཀའི་ནང་དུའང་ཡོང་བཞིན་པ་འདི་ཡིད་སྐྱོ་བ་བྱུང་ཞེས་ཞུ་རྒྱུ་ཡིན། ད་ལྟའི་རང་རེའི་སྤྱི་ཚོགས་ནང་སོ་སོའི་མཐོང་ཕྱོགས་དང་བསམ་ཚུལ་གྱི་ཕྱོགས་ཞེན་མཁྲེགས་བཟུང་སྔོན་ལ་བྱས་ནས་དེའི་སྒྲུབ་བྱེད་ཀྱི་རྒྱུ་མཚན་རྗེས་ནས་འཚོལ་བའི་གོམས་གཤིས་ཤིག་འདུག་པ་དེ་མ་སྤངས་ཀྱི་བར་དུ་སྤྱི་ཚོགས་ཀྱི་ཆིག་བསྒྲིལ་དང་མང་གཙོའི་འཕེལ་རིམ་ཡང་དག་པ་ཞིག་ཡོང་མི་ཐུབ་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཕྱོགས་འཛིན་བྲལ་བའི་གུ་ཡངས་ཀྱི་རྣམ་དཔྱོད་ཀྱིས་ཡང་དག་པའི་རྒྱུ་མཚན་ལ་བརྟེན་ནས་གྲུབ་དོན་ལྟ་བ་འཛིན་པ་དང༌། རྒྱུ་མཚན་དང་མི་ལྡན་པ་མཐོང་ཚེ་རང་གི་ལྟ་བ་འདོར་ནུས་པའི་ལེགས་བྱང་ཞིག་བྱུང་བ་དེའི་ཚེ་དབང་རྣོན་རིགས་པའི་རྗེས་འབྲངས་ཀྱི་སྤྱི་ཚོགས་ཤིག་ཡོང་རྒྱུ་དང༌། གཞི་ནས་འཚེ་བ་མེད་པའི་སྤྱི་ཚོགས་དང༌། བོད་མི་མང་པོས་རྩ་དོན་གལ་ཆེར་བརྩི་བའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེའང་གཅིག་བྱས་ན་ཡོང་རྒྱུའི་རེ་བ་ཡོད་པ་ཞིག་ཡིན་སྲིད་ཀྱང༌། ང་ཚོ་ཚང་མས་རང་གིས་རང་ལ་ཞུ་དག་ཅིག་གནང་ན་དེ་འདྲའི་ལེགས་བྱང་གི་ཆེད་དུ་ང་ཚོའི་འདོད་པ་དང་རྩོལ་བ་བྱེད་ཀྱི་ཡོད་དང་མེད་མཁྱེན་གྱི་རེད་བསམ་གྱི་འདུག དེ་དག་ནི་འཕྲོས་དོན་ཙམ་ཞིག་ཡིན། དོན་སྙིང་འདས་པའི་ལོ་བཅུའི་རིང་སྐབས་གཉིས་ཀའི་ཚོགས་མི་ཡོངས་རྫོགས་ཀྱིས་ཕྲན་ལ་ཐུགས་བརྩེ་དང༌། གུས་བཀུར། རྒྱབ་སྐྱོར། མཐུན་ལམ་བླ་མེད་གནང་བ་དེ་ལ་ངས་སྤྱི་འཐུས་དང༌། བཀའ་བློན་མི་རེ་ངོ་རེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྐབས་བཅུ་གཉིས་པའི་ཚོགས་དུས་དྲུག་པ་ཙམ་ནས་བཟུང་ཚོགས་གཙོའི་ལས་ཁུར་ནས་དགོངས་ཞུ་བྱ་རྒྱུའི་འདུན་པ་ཡང་ཡང་བྱུང་ཡང་སྤྱི་འཐུས་ཡོངས་རྫོགས་ཀྱི་བརྩེ་གདུང་དང་དགོངས་ཚུལ་ལ་བསྟུན་ཏེ་ད་བར་དགོངས་པ་ཞུ་ཕོད་མ་བྱུང་ཞིང༌། ད་ཆ་ཚོགས་དུས་ཡོངས་རྫོགས་བཟང་མཐའ་ཁྱོལ་ཐུབ་པ་དེས་རང་ཉིད་ཀྱང་འདོད་བློ་ཚིམས་པ་ཞིག་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་གི་ཚེ་འདི་ཐུགས་ཕན་གསོས་མིན་ལ་མ་ལྟོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྲི་ཞུ་དང༌། བོད་མི་མང་གི་ཞབས་འདེགས་ཆེད་གཏོང་རྒྱུར་བློ་ཐག་བཅད་ཟིན་པ་ཞིག་ཡིན་སྟབས། མི་ཚེ་ལྷག་མ་ཇི་ཡོད་བོད་མི་མང་ཚོགས་ཀྱི་དོན་དུ་གཏོང་རྒྱུ་ཞིག་མ་གཏོགས། རང་དོན་སོས་དལ་དུ་བསྡད་རྒྱུའི་བསམ་ཚུལ་མེད་ངེས་ཡིན། འོན་ཀྱང་ཞབས་འདེགས་ཞུ་ཕྱོགས་ནི་སྲིད་གཞུང་གི་སྒྲིག་འཛུགས་ཤིག་གི་ནང་མིང་དང་གོ་གནས་བླངས་ཏེ་ཞུ་བ་དང༌། སྤྱི་ཚོགས་ནང་བོད་ཀྱི་ཡུལ་མི་ཕལ་པ་སྤྱི་འགྲེ་སྤྱི་མཚུངས་ཤིག་བྱས་ནས་ཞུ་བ་གཉིས་ལ་ཁྱད་པར་གང་ཡང་མེད་པ་མ་ཟད། ང་ལྟ་བུ་སྒྲིག་འཛུགས་ནང་མཐུན་བསྒྲིགས་མཉམ་འདུས་ཀྱི་ཐོག་ནས་ལས་ཁུར་ཞུ་རྒྱུའི་ནུས་པ་དང་གཤིས་ཀ་མེད་མཁན་དེ་ཚོས་སྒྲིག་འཛུགས་སུ་ཞུགས་པ་ལས་རང་དང་ལྟ་སྤྱོད་མཐུན་པ་མི་ཉུང་ཤས་དང་མཉམ་ཡུལ་མི་བྱེ་བྲག་པ་ཞིག་གི་གནས་བབས་ཀྱི་ཐོག་ནས་ཞབས་འདེགས་ཞུ་རྒྱུ་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཆེ་བར་མཐོང་སྟེ་སྐབས་བཅུ་གསུམ་པའི་སྤྱི་འཐུས་འོས་གཞི་ནས་ཕྱིར་འཐེན་ཞུས་པ་དང༌། སྒྲིག་འཛུགས་ཁག་གི་མིང་གནས་དང་འགན་ཁུར་ཚང་མ་ནས་རིམ་བཞིན་ཕྱིར་འཐེན་ཞུས་དང་ཞུ་བཞིན་པ་ཡིན། དེ་ནི་རང་གི་ལས་འགན་ནས་གཡོལ་བ་དང༌། བོད་མིའི་ཞབས་འདེགས་ཞུ་རྒྱུ་ནས་ཕྱིར་འཐེན་བྱས་པ་རྩ་བ་ནས་མིན། བར་སྐབས་ཤིག་ནས་གྲོས་ཚོགས་ཀྱི་ཕྱི་ནང་གཉིས་ཀར་མང་པོ་ཞིག་གིས་ཕྲན་ལ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་མུ་མཐུད་ཞབས་འདེགས་ཞུ་དགོས་པའི་རེ་འདུན་དང་དགོངས་འཆར་གནང་མཁན་བྱུང་སོང་བ་ཚང་མར་ངས་གོ་སྐབས་འདི་བླངས་ཏེ་ནན་ཏན་སྙན་སྒྲོན་ཞུ་རྒྱུ་ཞིག་ལ། འདས་པའི་མི་ལོ་བཅུའི་རིང་དོན་ཕན་ཡོད་པའི་ལས་དོན་གང་ཡང་བསྒྲུབས་མ་ཐུབ་པའི་མི་ཞིག་ད་དུང་ལོ་ཁ་ཤས་སྒྲིག་འཛུགས་ནང་བསྡད་ཀྱང་ལས་དོན་གང་ཡང་འགྲུབ་རེ་བྲལ་བ་མངོན་སུམ་ཚད་གྲུབ་ཡིན་པ་མ་ཟད། ཕྲན་ལ་ཡོན་ཏན་དང་ནུས་པ་ཅུང་ཟད་ཡོད་པ་གཟིགས་མཁན་ཞིག་ཡིན་ན་ནུས་པ་དེ་བེད་སྤྱོད་གཏོང་སྟངས་མ་ནོར་བ་ཞིག་གི་ཐོག་ནས་གཏོང་གནང་མཛད་ན་ཕན་ཐོགས་ཆེ་བ་ཡོད་པ་དེ་མཁྱེན་དགོས་པ་དང༌། རྒྱུ་མཚན་དེ་ལ་བརྟེན་ནས་ང་ལ་ཡང་བསྐྱར་སྲིད་གཞུང་གི་སྒྲིག་འཛུགས་ཀྱི་ནང་མིང་གནས་ཁྱེར་ནས་སྲི་ཞུ་བསྒྲུབ་རྒྱུའི་ཐུགས་རེ་མ་གནང་རོགས་གནང་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་རྒྱུ་དང༌། སླར་ཡང་ཁོ་བོའི་ལས་འགན་མ་འགྲུབ་པ་ཐམས་ཅད་ལ་ཁྱེད་རྣམ་པ་དང༌། ཁྱེད་རྣམ་པའི་བརྒྱུད་ནས་བོད་མི་མང་ཚོགས་དང་འབྱུང་འགྱུར་གྱི་མི་རབས་ལ་སྙིང་ཐག་པ་ནས་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་ཡིན། གྲོས་ཚོགས་ཀྱི་ལས་དོན་བཏང་འཛིན་དང་འགྲེལ་བརྗོད་གཏམ་བཤད་སོགས་ཀྱི་སྐབས་བཀའ་བློན་དང་སྤྱི་འཐུས་རྣམ་པ་མང་པོའི་ཐུགས་ལ་མ་བབས་པ་དང་ཐུགས་ལ་ཕོག་པ་མང་པོ་ཞིག་བྱུང་ཡོད་པ་བཤད་མ་དགོས་པས་དེ་ཚོ་ཚང་མ་ལའང་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་ཡིན། ད་རེས་གཏམ་བཤད་འདིའི་ནང་ཞུས་པའི་དོན་གནད་རྣམས་རང་གི་བསམ་ངོ་ལ་ལྟོས་ཏེ་དངོས་བདེན་གྱི་གནས་ཚུལ་ཞིག་ཡིན་ཁུལ་ཡིན་ཡང༌། སྤྱི་འཐུས་མང་པོས་མོས་མཐུན་མེད་པའང་ཡོང་སྲིད་པ་རེད་དེ། སྟབས་མ་ལེགས་པ་ཞིག་ལ་ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་འདིའི་རྗེས་སྤྱི་འཐུས་རྣམ་པར་དགག་སྒྲུབ་ཀྱི་གསུང་བཤད་གནང་རྒྱུའི་གོ་སྐབས་མེད་པ་རེད། འོན་ཀྱང་སྤྱི་ཚོགས་དང་བརྒྱུད་ལམ་སོགས་ཀྱི་ཐོག་དགག་སྒྲུབ་གནང་རྒྱུའི་རང་དབང་ཁྱེད་རྣམ་པར་ཡོད་བཞིན་པ་རེད། སུ་ཁ་ར་ཏི་བཟོད་གསོལ་གྱི་མཐའ་བསྡོམས་སུ་ བྱབྱད་ནི་རང་ཅག་ལམ་མི་འདྲ་བ་གཉིས་སུ་འགྲོ་སྟེ། ཁྱེད་ཅག་ནི་འཚོ་བའི་ལམ་དང༌། ཁོ་བོ་ནི་འཆི་བའི་ལམ་དུ་འགྲོ། འོན་ཀྱང་མཐའ་མ་ལམ་དེ་གཉིས་གང་བཟང་བ་དེ་སུས་ཤེས་སམ་བྱབྱ ཞེས་བརྗོད་ཡོད། དེ་དང་མཚུངས་པར་རང་ཅག་ཀྱང་ད་རིང་ནས་ལམ་གཉིས་སུ་འགྲོ་བ་ལྟ་བུ་ཞིག་རེད། ཁྱེད་རྣམས་མང་ཆེ་བ་སྲིད་གཞུང་གི་སྒྲིག་འཛུགས་ཁག་གི་ལམ་དུ་ཕེབས་རྒྱུ་དང༌། ཁོ་བོ་ཡུལ་མི་དཀྱུས་མའི་ལམ་དུ་འགྲོ་རྒྱུ་ཡིན། འོན་ཀྱང་མཐའ་མ་ལམ་དེ་གཉིས་གང་བཟང་བ་ད་ལྟ་སུས་ཀྱང་བརྗོད་མི་ཐུབ་ཀྱང༌། འབྱུང་འགྱུར་ལོ་རྒྱུས་ཀྱིས་ཐག་གཅོད་བྱེད་རྒྱུ་རེད། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་མིའི་མང་གཙོའི་ལེགས་བྱང་གོང་འཐོར་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦