བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གནང་བའི་གསལ་བཤད།

༄༅།། མཆོག་ཏུ་བཀུར་བར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག ཁ་སང་ཐོག་མར་ཚོགས་དྲུང་ལས་ཁུངས་ནས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་ཚོགས་དུས་དང་པོའི་ཐོག་བཀའ་ཤག་གིས་གྲོས་ཚོགས་སུ་འབུལ་རྒྱུའི་ལས་འཆར་གང་ཡོད་བཀའ་འདྲི་ཕེབས་སྐབས། འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་མ་གཏོགས་གཞན་གང་ཡང་མེད་ཅེས་ཞུས་པ་ཡིན། དེའི་རྗེས་སུ་བཀུར་འོས་ཚོགས་གཙོ་མཆོག་ནས་བཀའ་ཤག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་དགའ་པོའི་ངང་ནས་དྭང་ལེན་ཞུས་པ་ཡིན། ཁ་སང་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག་ལ་བཀའ་ཤག་གིས་འཚམས་འདྲི་ཞུས་མེད། གང་ཡིན་ཟེར་ན། ཚོགས་གཙོ་རྣམ་གཉིས་ནས་ཉིན་གཅིག་གི་མཛད་རིམ་གཙོ་སྐྱོང་གནང་བའི་རྗེས་སུ་ཞུས་ན་ལེགས་པར་བསམས་ནས་བཞག་པ་ཡིན། བཀུར་འོས་ཚོགས་གཙོ་མཆོག་འདས་པའི་ལོ་གཉིས་དང་ཕྱེད་ཀའི་དུས་ཡུན་གྱི་ཚོགས་གཙོ་གནང་བའི་སྐབས་གྲོས་ཚོགས་སུ་གལ་འགངས་ཆེན་པོ་དང་རྙོག་འཛིངས་ཚ་པོའི་ལས་དོན་མང་པོ་ཞིག་བྱུང་བ་རེད་དེ། ཚོགས་གཙོས་བཏང་འཛིན་དང༌། ཁྲིམས་བཟོའི་ལས་དོན་ཁ་ལོ་སྒྱུར་སྟངས་ཧ་ཅང་ཡག་པོ། བརྩོན་འགྲུས་ཆེན་པོས་མཐར་བསྐྱལ་ཐུབ་པ་དེ་འདྲ་གནང་སོང༌། ཁོང་ད་རེས་བསྐྱར་དུ་སྐབས་བཅོ་ལྔ་པའི་ཚོགས་གཙོར་མང་མོས་འོས་འདེམས་བྱུང་བར་ང་དང་ངའི་ལས་རོགས་བཀའ་བློན་ཡོངས་རྫོགས་ཀྱིས་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་རྒྱུ་དང༌། ཚོགས་གཙོ་མཆོག་གིས་ཁ་སང་ཚོགས་འདུ་དབུ་འབྱེད་སྐབས་གསུངས་པ་ལྟར་གྲོས་ཚོགས་ཀྱི་བགྲོ་གླེང་དང་ཁྲིམས་བཟོའི་ལས་དོན་ཁག་གནས་ཚད་མཐོ་རུ་ཕེབས་པའི་རེ་སྨོན་ཞུ་རྒྱུ་ཡིན། དེ་བཞིན་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་ལའང་ཁ་སང་ཚོགས་ཐེངས་གཅིག་གི་བཏང་འཛིན་གནང་ཕྱོགས་མཇལ་རྒྱུའི་གོ་སྐབས་བྱུང་ཞིང༌། དེའི་སྐབས་ཐུགས་བག་ཡངས་པོའི་ཐོག་ནས་གྲོས་ཚོགས་ཀྱི་འགྲོ་སྟངས་དང་མཐུན་པའི་བཏང་འཛིན་ཧ་ཅང་ཚགས་ཚུད་པོ་གནང་སོང༌། ཚོགས་གཞོན་འོས་འདེམས་དེ་ཡང་འདེམས་ཁ་མ་ནོར་བ་བྱུང་འདུག་སྙམ་པའི་འདོད་བློ་ཁེངས་པ་བྱུང་སོང༌།

དེ་འདྲ་ཡིན་སྟབས་ཚོགས་གཞོན་མཆོག་ལའང་འཚམས་འདྲི་དང་མཛད་རིམ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ད་རེས་བྱུང་རབས་ཀྱི་འགྱུར་མཚམས་ཆེན་པོ་འདིའི་སྐབས་སུ་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམ་པའི་མཛད་ཡུན་རྫོགས་ལ་ཉེ་ནའང༌། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཕྱག་ལས་ཆ་ཚང་ལམ་ལྷོང་ངང་གནང་ཐུབ་པ་དེ་གཟི་བརྗིད་དང་ལྡན་པ་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། གཞིས་བཞུགས་བོད་མི་མཁྱེན་ལྡན་མང་པོས་ད་རེས་ཡག་པོ་བྱུང་སོང་ཞེས་བཀའ་ལན་གནང་མཁན་བྱུང༌། ཁྱོན་ཡོངས་ཀྱི་ཆ་ནས་ད་རེས་ཁྲིམས་བཟོའི་ལས་དོན་རྣམས་ཧ་ཅང་ཡག་པོ་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད། ཡིན་ནའང་ཕྱག་ལས་ཡག་པོ་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་ཞིག་ཡིན་མིན་ལ་མ་ལྟོས་པར་འགྱུར་བ་ཞིག་དང་གསར་གཏོད་ཅིག་ག་དུས་བྱུང་བ་ཡིན་ནའང་དེ་ལ་སྡེ་ཚན་གཅིག་གིས་འདོད་བློ་མ་ཁེངས་པ་དང་འགྲིག་མི་འདུག་ཅེས་ལབ་རྒྱུ་དེ་བོད་པ་ཙམ་མ་ཡིན་པར་འཇིག་རྟེན་སྤྱིའི་འགྲོ་སྟངས་ཤིག་རེད། དེ་འདྲ་ཡིན་སྟབས་ད་རེས་བདུན་ཕྲག་ཁ་ཤས་ཀྱི་རིང་དྲྭ་རྒྱ་དང་བརྒྱུད་ལམ་ཁག་གི་ནང་འགན་ཁུར་མི་དགོས་པའི་མི་ཚོས་གནས་ཚུལ་མང་པོ་ཞིག་གསུངས་དང་གསུང་བཞིན་པ་རེད་དེ། དེ་ཚོ་ཧ་ལས་ཧང་སངས་དགོས་པའི་གནས་ཚུལ་ཞིག་ཡིན་པར་མཐོང་གི་མེད། གང་འཚམས་ཤིག་ནས་ལྒང་ཕུག་ཕུ་ཤོར་བ་ནང་བཞིན་རང་བཞིན་གྱིས་ཡལ་འགྲོ་རྒྱུ་རེད།

ཡིན་ནའང་མང་ཚོགས་ཀྱི་ནང་དང༌། ལྷག་པར་བརྒྱུད་ལམ་ཁག་གི་ནང་དངོས་ཡོད་ཀྱི་གནས་ཚུལ་གཏན་ནས་མིན་པའི་གཞི་རྩ་མེད་པའི་ཐ་སྙད་དང་ཚིག་མང་པོ་བེད་སྤྱོད་བཏང་སྟེ་མི་མང་གི་མགོ་བོ་རྨོངས་སུ་འཇུག་རྒྱུའི་གནས་ཚུལ་ཁ་ཤས་ཡོང་བསྡད་ཀྱི་འདུག དེ་ཚོ་དབུ་མ་འཚོད་པར་གསུངས་པ་མ་གཏོགས་བསམ་བཞིན་ཤེས་བཞིན་དུ་བཀའ་གནང་བ་ཞིག་མིན་པའི་རེ་བ་བྱེད་ཀྱིན་ཡོད། གློག་འཕྲིན་གྱི་བརྒྱུད་ལམ་དང༌། དཔར་སྐྲུན་གྱི་བརྒྱུད་ལམ། སྲང་ལམ་བར་གྱི་བཀའ་མོལ་སོགས་གནས་ཚུལ་ཧ་ཅང་མང་པོ་འདུག

དེ་ཚོ་ཚང་མར་དོ་སྣང་བྱེད་ཐུབ་རྒྱུ་དང༌། དོ་སྣང་བྱེད་དགོས་རྒྱུ་གཉིས་ཀ་མིན་ནའང་གནད་འགག་ཆེ་བ་ཁ་ཤས་ཐོག་གོ་སྐབས་འདི་བླངས་ཏེ་འགྲེལ་བརྗོད་མདོར་བསྡུས་རེ་སྙན་གསན་ཞུ་རྒྱུའི་འདོད་པ་བྱུང༌།

སྙན་གྲགས་ཡོད་པའི་བརྒྱུད་ལམ་ཁ་ཤས་ནང་བྱབྱབཅའ་ཁྲིམས་གསར་པ་བྱབྱཞེས་པའི་ཐ་སྙད་བེད་སྤྱོད་གནང་གི་འདུག ༢༠༡༡ ཕྱི་ཟླ་༥ ཚེས་༢༩ ནས་བཅའ་ཁྲིམས་གསར་པ་གཏན་འབེབས་བྱས་པ་དང༌། དེའི་འོག་ཕྱག་ལས་འདི་དང་འདི་གནང་བ་རེད་ཅེས་གསུངས་པ་གོ་སོང༌། ང་ཚོས་བཅའ་ཁྲིམས་གསར་པ་ཞིག་གཏན་ནས་བཟོས་མེད་ལ་བཟོ་རྒྱུའི་འཆར་གཞི་ཡང་ཡོད་པ་མ་རེད། ཕྱི་ལོ་༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་ག་རང་བཅའ་ཁྲིམས་དེའི་ལེའུ་བཅུ་གཅིག་པའི་ཆ་རྐྱེན་ཁག་གི་འོག་ཁྲིམས་བཟོའི་ལམ་སྲོལ་དང་མཐུན་པར་བསྐྱར་བཅོས་གནང་བའི་བཅའ་ཁྲིམས་འདི་བཅའ་ཁྲིམས་གསར་པ་མིན་པ་མི་ཕལ་པ་ཞིག་ཡིན་ཡང་མགོ་འཚོད་ཐུབ་རྒྱུ་ཞིག་ཡིན་ན། གསར་འགོད་པ་རྣམ་པས་ངེས་པར་དུ་མཁྱེན་དགོས་ཀྱི་རེད་བསམ་གྱི་འདུག གལ་སྲིད་བཅའ་ཁྲིམས་བསྐྱར་བཅོས་འགྲོ་རིམ་བཞིན་བཅའ་ཁྲིམས་གསར་པ་ཆགས་ཀྱི་ཡོད་ན་ད་རེས་བསྐྱར་བཅོས་ཕྱིན་པ་འདི་བཅའ་ཁྲིམས་གསར་པ་ཉེར་ལྔ་པ་ཆགས་ཀྱི་རེད།

དེའི་སྔོན་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ཉེར་བཞི་ཕྱིན་ཟིན་པ་དང༌། ད་རེས་ཀྱི་བསྐྱར་བཅོས་འདི་བསྐྱར་བཅོས་ཐེངས་ཉེར་ལྔ་པ་དེ་རེད། དེ་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་ནན་པོ་བྱས་ནས་ཞུས་ན་མ་གཏོགས་རྙིང་པ་གང་ཡོད་ཟུར་དུ་བཞག་ནས་ཚང་མ་གསར་པ་ཞིག་བཟོས་ཡོད་པའི་རྣམ་འགྱུར་བསྟན་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་མཁན་འདུག་པ་དེ་ཚོ་གཅིག་བྱས་ན་དྭོགས་ཟོན་གནང་དགོས་པའི་གནས་ཚུལ་ཞིག་རེད་བསམ་གྱི་ཡོད།

དོན་ཚན་གཉིས་པ་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་གསུངས་པ་དང༌། བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་ཞལ་ནས་གསུང་མཁན་དང༌། བརྒྱུད་ལམ་ཁག་ཏུ་ཐོན་པ་དེ་འདྲ་མཐོང་ཐོས་བྱུང༌། ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་གནས་སྤོས་གནང་བའི་དགའ་ལྡན་ཕོ་བྲང་གི་གཞུང་མུ་མཐུད་རྒྱ་གར་ནང་བསྐྱར་དུ་བཀོད་བསྒྲིགས་གནང་བའི་བཙན་བྱོལ་བོད་གཞུང་འདས་པའི་ལོ་༥༢ རིང་མང་གཙོའི་འཕེལ་རིམ་ཚད་ལྡན་གྱི་ལམ་ནས་ཡར་རྒྱས་སོང་བའི་བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་གཞུང༌། ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་དབང་འཛིན་བཅས་དབང་ཚད་ཆ་བགོས་དང༌། ལྗིད་མཉམ་བཏང་འཛིན་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཡོད་ཅིང༌། ཕྱི་ལོ་༡༦༤༢ ནས་ད་ལྟའི་བར་བརྒྱུད་པ་བར་མ་ཆད་པའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་ཕྱིར་བསྡུ་རྩ་བ་ནས་གནང་ཡོད་མ་རེད།

ག་རེ་ཕྱིར་བསྡུ་གནང་འདུག་གམ། སྤྱི་འཐུས་༤༣ ལས་གྲུབ་པའི་ཁྲིམས་བཟོ་ལྷན་ཚོགས་ཞལ་ཁྲ་རིལ་རིལ་འདི་གར་བཞུགས་བཞིན་པ་རེད། ཁྲིམས་བཟོའི་ཕྱག་ལས་གནང་བཞིན་པ་རེད། ཚོགས་མི་གཅིག་ཀྱང་ཉུང་དུ་བཏང་མེད་ལ། ཁྲིམས་བཟོའི་ལས་དོན་གནང་ཕྱོགས་ཐད་འགྱུར་བ་སྤུ་ཙམ་བཏང་མེད། ད་ལྟ་ཚོགས་དུས་དང་པོ་ཚོགས་བཞིན་པ་རེད། ཚོགས་དུས་གཉིས་པའི་སྐབས་ལས་རིམ་འདི་དང་འདི་གནང་རྒྱུ་ཡིན་ཞེས་འཆར་གཞི་སྒྲིག་བཞིན་པ་རེད། ཁྲིམས་བཟོ་ལྷན་ཚོགས་ཆ་ཤས་ཙམ་ཞིག་དང་ཟུར་ཙམ་ཞིག་འགྱུར་བ་མེད་པ་དེ་ཀུན་གྱིས་གཟིགས་བཞིན་པ་འདི་རེད། འཛིན་སྐྱོང་ལ་ཆ་མཚོན་ན་གསར་བརྗེ་དང་ཡར་ཐོན་གྱི་ཐོག་ནས་འཛིན་སྐྱོང་གི་དབུ་ཁྲིད་མང་ཚོགས་ཀྱིས་སྔར་ལྷག་དོ་སྣང་གནང་སྟེ་འོས་བསྡུ་བྱས་པའི་སྐབས་གསུམ་པའི་བཀའ་ཁྲི་འོས་ཐོན་པ་དཀྱིལ་འཁོར་འདིའི་ནང་བཞུགས་བཞིན་པ་རེད། རིང་པོར་མ་ཐོགས་པར་ཕྱག་ལས་ཐུགས་འགན་བཞེས་རྒྱུ་རེད། ཐུགས་འགན་བཞེས་ཕྱོགས་དང༌། ཕྱག་ལས་གནང་ཕྱོགས། སྐུའི་དབང་ཚད་སྔ་མ་ལས་ཆེ་རུ་ཕྱིན་ཡོད་པ་མ་གཏོགས་སྣ་གཅིག་ཆུང་དུ་ཕྱིན་མེད་ལ་བསྡུས་མེད། ཁྲིམས་ལུགས་དབང་འཛིན་པར་ཆ་མཚོན་ན་དེ་སྔོན་གྱི་མཛད་འགན་དང་སྐུ་དབང་གང་ཡོད་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་གནང་དགོས་པའི་ཕྱག་ལས་དང་དབང་ཚད་འགའ་ཤས་རྩིས་སྤྲོད་གནང་ཡོད། ཕྱག་ལས་དེ་ཚོ་གནང་དང་གནང་བཞིན་པ་རེད། ཕྱི་ལོ་༢༠༡༡ ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གནས་ཡུལ་ཡོངས་སུ་རྫོགས་པར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཟབ་སྦྱོང་དང་ཁྲིམས་རྩོད་པ་གསར་སྐྲུན་གནང་རྒྱུའི་ལས་རིམ་གཞི་རྒྱ་ཆེན་པོ་རྩོམ་གནང་གི་ཡོད། དེ་ལྟར་མང་གཙོའི་ཀ་བ་གསུམ་གྱི་གནས་བབ་ལ་འགྱུར་བ་སྤུ་ཙམ་མེད་པར་ཡར་རྒྱས་ཀྱི་གོམ་བགྲོད་བསྐྱོན་བཞིན་པ་འདི་གཟིགས་བཞིན་དུ་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་གསུངས་པ་དེ་འདྲོགས་དགོས་པ་ཞིག་དང༌། རྒྱུ་མཚན་གང་གི་ཐོག་ནས་དང༌། དགོས་པ་གང་གི་ཆེད་དུ་གསུང་གི་ཡོད་དམ་སྙམ་པའི་དྭོགས་པ་མི་ཟ་ཐབས་མེད་ཆགས་ཀྱི་འདུག

དེ་འདྲ་ཡིན་སྟབས་ད་རེས་གྲོས་ཚོགས་ཀྱི་དཀྱིལ་འཁོར་འདིའི་ནང་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས་དང༌། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་ཡོད་པ་དེ་དག་གྲྭ་མ་ཉམས་གྲུ་མ་ཞིག་པ་ཡོད་པ་མ་གཏོགས་ཕྱིར་བསྡུ་ཞུས་མེད་ཅེས་ངས་བཀའ་བློན་ཁྲི་པའི་འགན་ཁུར་ཡོད་པའི་ཐོག་ནས་ཚིག་ཐག་ཆོད་པོས་སྙན་གསན་ཞུ་རྒྱུ་ཡིན།

འགྱུར་བ་གང་ཕྱིན་པ་རེད་ཅེས་གསུངས་ན་ཐ་སྙད་ཀྱི་ཆ་ཤས་ལ་འགྱུར་བ་ཞིག་ཕྱིན་པ་རེད། དེ་ཡང་ད་རེས་གསར་དུ་བྱུང་བའི་འགྱུར་བ་ཞིག་མ་ཡིན་པར་ཕྱི་ལོ་༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་དུ་ཕེབས་པའི་ཉིན་མོ་དེ་ནས་གནས་ཚང་རྒྱ་གར་གཞུང་དང་མོས་མཐུན་བྱུང་བའི་དབྱིན་སྐད་ཀྱི་མིང་ཚིག་དབུས་བོད་མིའི་སྒྲིག་འཛུགས་སམ། ཡང་ན་དབུས་བོད་མིའི་འཛིན་སྐྱོང་(Central Tibetan Administration) ཟེར་བ་དེ་རེད། ཨིན་སྐད་ཐ་སྙད་དེ་༡༩༥༩ ལོ་ནས་ད་ལྟའི་བར་ང་ཚོས་ཡོངས་གྲགས་སུ་བེད་སྤྱོད་བཏང་དང་གཏོང་བཞིན་པ་དེ་རེད། ཐ་སྙད་དེ་བོད་སྐད་ཐོག་སྒྲ་ཐད་བསྒྱུར་མ་བྱས་པར་བཙན་བྱོལ་བོད་གཞུང་ཞེས་པ་དེ་བེད་སྤྱོད་གནང་བ་རེད། ཚིག་དེ་ཨིན་སྐད་དུ་ཐད་བསྒྱུར་བྱེད་ན་Tibetan Government-in-Exile ཞེས་འབྲི་དགོས་ཀྱི་རེད། སྐབས་རེ་ཨིན་སྐད་ཐོག་དེ་འདྲ་བྲིས་ན་ཕན་ཐོགས་ཡོད་པ་དགོངས་པ་བཞེས་མཁན་ཁ་ཤས་ཀྱིས་ཚོད་བལྟ་གནང་མྱོང་བ་རེད། དཔེ་མཚོན་གཅིག་ཞུས་པ་ཡིན་ན། ཚིག་དེ་བེད་སྤྱོད་གཏོང་རྒྱུའི་ཐབས་ཤེས་གནང་བར་བརྟེན་སྤྱི་འཐུས་ལྷན་ཚོགས་དང་ཕི་ཌི་རིཀ་ནོའུ་མན་ཐེབས་རྩ་ཁང་གཉིས་མཉམ་རུབ་ཀྱི་ལས་དོན་དེ་དག་གི་མཇུག་འབྲས་གང་བྱུང་བ་སྤྱི་འཐུས་རྣམ་པས་མཁྱེན་བཞིན་པ་རེད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་རོགས་དངུལ་སྔོན་མ་ལས་བརྒྱ་ཆ་མང་པོ་ཉུང་དུ་ཕྱིན་པ་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཡང་ཐེབས་རྩ་ཁང་གིས་འགྲོ་སོང་བཏང་ནས་ཚོགས་རྒྱུ་མེད་པར་གྱུར་པ་རེད།

ད་ཕན་རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བྱིན་གྱི་འོག་ནས་ཐ་སྙད་འདྲ་མིན་ཐར་གྱི་ཡོད། ཅི་སྟེ་རྙོག་འཛིངས་བྱུང་ནའང་རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བྱིན་གྱི་འོག་ནས་སངས་ཐུབ་ཀྱི་རེད། ད་ལྟ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་གྲུབ་པའི་རྗེས་སུ་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་བ་ཡིན་ན་བྱབ་མི་འདུག་དགོངས་ཀྱི་ཡོད་པ་རེད། དོན་ལས་ཐ་སྙད་གཙོ་ཆེ་བ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ཐབས་བྱུས་ལྡན་པའི་དགོངས་པ་བཞེས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། ཐབས་བྱུས་ལྡན་པའི་དགོངས་པ་བཞེས་མཁན་ཞིག་ཡིན་ན་ཐ་སྙད་ལས་དོན་གཙོ་ཆེ་བ་གཟུང་དགོས་པ་ཞིག་རེད། རྒྱ་གར་ནང་ད་ལྟ་ང་ཚོར་ཡོད་བཞིན་པའི་དཀའ་ངལ་ཧིམཱཅལ་ཆེས་མཐོའི་ཁྲིམས་ཁང་ནང་ཡོད་པའི་ཁ་མཆུ་དང༌། རྒྱ་གར་ལྷོ་ཕྱོགས་ཀྱི་གསར་ཤོག་ཁག་གི་ནང་ཧ་ལམ་ཉིན་ལྟར་འཐོན་བཞིན་པའི་ང་ཚོར་སྐྱོན་བརྗོད་དེ་དག་ཐ་སྙད་བེད་སྤྱོད་གཏོང་སྟངས་ཀྱི་ཐབས་བྱུས་མཁས་པོ་ཞིག་གི་ཐོག་ནས་སེལ་ཐུབ་ཀྱི་ཡོད་ན། ང་ཚོས་ཐ་སྙད་རྐྱང་པར་དེ་ཙམ་གཙིགས་ཆེན་བྱེད་དགོས་པའི་རྒྱུ་མཚན་མི་འདུག

མང་གཙོའི་ཀ་བ་གསུམ་གྱི་ཆ་ཤས་མ་ཚང་བ་མེད་པའི་བཙན་བྱོལ་བོད་གཞུང་དེ་བོད་དོན་བདེན་མཐའ་མ་གསལ་བར་རྒྱ་གར་ནང་གནས་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནང་བཞིན་གཞུང་གི་ལས་ཁུངས་ཁག་ཀྱང་དེབ་སྐྱེལ་བྱས་པའི་ཚོགས་པ་རང་གི་ཐོག་ནས་བྱེད་དགོས་པའི་གནས་སྟངས་ཤིག་བྱུང་བ་ཡིན་ན་འཕྲལ་ཕུགས་རྒྱང་གསུམ་ལ་གྱོང་གུན་རླབས་ཆེན་དང་སྐུ་ངལ་ཚད་མེད་འཕྲད་རྒྱུ་ཡིན་པ་བཤད་མི་དགོས་པ་རེད། ཉེ་ཆར་ཚོགས་ཆེན་སྐབས་སྐུ་ཚབ་དོན་གཅོད་ལས་ཁུངས་ཚང་མར་དེབ་སྐྱེལ་བྱས་པའི་ཚོགས་པ་ཡོད་རེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་ཞུ་དགོས་དོན་ཡོད་མ་རེད། འགྲིགས་འགྲོ་གི་རེད་ཅེས་གསུང་མཁན་བྱུང་སོང༌། གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོར་བྱས་ནས་གཞུང་འབྲེལ་མིན་པའི་ལས་ཀ་བརྩམས་གནང་རྒྱུ་ཡིན་ན་ཏན་ཏན་འགྲོ་མདོག་ཁ་ཡང༌། ང་ཚོ་དེ་ཙམ་གྱིས་མི་ཆོག་པར་བོད་ཀྱི་རྩ་དོན་སྒྲུབ་སྐབས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པའི་གནས་བབ་ཅིག་ཡོད་དགོས་པ་གལ་ཆེན་པོ་ཡིན་པར་མཐོང་ནས་དོན་གཅོད་ཁག་ལ་སྔར་བཞིན་ྋགོང་ས་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་གནས་ཐུབ་པ་ཞིག་ྋགོང་ས་མཆོག་གི་བཀའ་ཁྲོལ་འཐོབ་ཐབས་དང༌། བཅའ་ཁྲིམས་ནང་ཆ་རྐྱེན་སྐྲུན་ཐབས་འབད་བརྩོན་ཞུས་པ་རེད། འབད་བརྩོན་དེ་ཚོའང་བཙན་བྱོལ་བོད་གཞུང་གིས་དོན་དེ་རྒྱུན་གནས་དགོས་པ་ཡིན་སྟབས་ཞུས་པ་རེད་མ་གཏོགས། བཙན་བྱོལ་གཞུང་གི་མིང་མ་གཏོགས་དོན་དགོས་ཀྱི་མེད་པ་ཡིན་ན། དེབ་སྐྱེལ་བྱས་པའི་ཚོགས་པས་མི་འགྲིགས་པ་མེད། བཀའ་མོལ་གནང་མཁན་ཚོས་ཁྱོན་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་མ་གཟིགས་པར་དོན་གནད་ཆུང་ཆུང་རེ་ཟུང་ཟུར་དུ་བཏོན་ནས་བཀའ་གནང་ན་ཏག་ཏག་བསྡད་ཀྱི་མ་རེད།

ལྷག་པར་ད་རེས་ཐ་སྙད་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བཀའ་བཏང་ནས་འགྱུར་བ་བཏང་བ་ཡིན་པ་ལྟ་བུ་དང༌། ྋགོང་ས་མཆོག་ཀྱང་ཕྱིའི་གནོན་ཤུགས་དང༌། ལྷག་པར་ནང་གི་གནོན་ཤུགས་ལ་བརྟེན་ནས་བཀའ་དེ་འདྲ་གནང་དགོས་བྱུང་བ་རེད་ཅེས་གསུང་མཁན་མང་པོ་མཇལ་སོང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་རྣམས་ཟུར་ཙམ་ཡང་མ་རྟོགས་པར། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཕྱི་དང་ནང་གི་གནོན་ཤུགས་འོག་ཕེབས་མཁན་ཞིག་ཡིན་པར་ངོས་འཛིན་གནང་བ་དེར་ཚད་ལས་འདས་པའི་བློ་ཕམ་ཆེན་པོ་བྱུང༌། ཞལ་ནས་ྋརྒྱལ་བ་རིན་པོ་ཆེ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཀྱི་རེད། ཡས་བྱེད་དགོས་ཀྱི་རེད། མས་བྱེད་དགོས་ཀྱི་རེད་གསུང་གིན་གསུང་གིན་དོན་ངོ་མ་ྋརྒྱལ་བ་རིན་པོ་ཆེ་ངོས་འཛིན་གནང་སྟངས་དེ་མིས་གནོན་ཤུགས་གང་སྤྲད་སྤྲད་དང༌། སུས་ག་རེ་ཞུས་ཞུས་ཡིན་པ་དེ་འདྲ་ཞིག་ལ་ངོས་འཛིན་གནང་བ་དེ་ཧ་ཅང་ཁྱད་མཚར་པོ་རེད། ངས་ྋརྒྱལ་བ་རིན་པོ་ཆེར་དད་པ་ཡོད་མེད་ཀྱི་སྐད་ཆ་ཤོད་ཀྱི་མེད། དད་པ་མེད་མཁན་གྱི་མི་ཞིག་ཡིན་ནའང་ྋགོང་ས་མཆོག་གི་སྐྱོན་དང་ཡོན་ཏན་ཚོད་དཔག་གནང་སྟངས་དེ་དངོས་དོན་དང་མཐུན་པ་དང༌། དྲང་པོ་དྲང་ཤག་གི་ཐོག་ནས་གནང་དགོས་ཀྱི་རེད་དེ། དེ་འདྲ་གནང་མི་འདུག་བསམས་པ་ཞིག་བྱུང༌།

ཡང་ད་རེས་ཐ་སྙད་ཀྱི་འགྱུར་བ་དེ་རྒྱ་མིའི་གནོན་ཤུགས་དང༌། རྒྱ་གར་གྱི་གནོན་ཤུགས། ཡང་ན་བོད་རྒྱ་འབྲེལ་མོལ་ལ་རེ་བ་བརྒྱབས་ནས་བཏང་བ་རེད་ཅེས་གསུངས་པ་དེ་ཚོ་དངོས་ཡོད་གནས་ཚུལ་དང་ལེ་དབར་སྟོང་ཕྲག་མང་པོའི་རྒྱང་བད་ཕྱིན་པ་མ་གཏོགས། དོན་དངོས་ཀྱི་ཁ་ཕྱོགས་ཡུལ་ཕྱོགས་སུ་སླེབས་མི་འདུག་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན།

དཔལ་ལྡན་ཚོགས་གཙོ་མཆོག བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ཏུ་བཀོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་རེད། ཡིག་ཆ་དེའི་ནང་ང་ཚོས་བསམ་བཞིན་ཤེས་བཞིན་དུ་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་ཆེད་གཉེར་གྱིས་བེད་སྤྱོད་བྱས་ཡོད། དེ་ལ་བརྟེན་ནས་ཁོང་ཚོ་འདྲོགས་རྒྱུ་ཡིན་པ་དེ་ང་ཚོས་མ་ཤེས་པ་མ་རེད། ཤེས་བཞིན་དུ་དགོས་པ་དང་རྒྱུ་མཚན་ཞིག་ལ་བརྟེན་ནས་མིང་ཚིག་དེ་བྲིས་པ་རེད། ང་ཚོས་རྒྱ་མིའི་མདུན་ཐ་སྙད་དེ་བེད་སྤྱོད་གཏོང་མ་ནུས་པར་བསྡད་མེད། ཉེ་ཆར་ཚོགས་ཆེན་གྱི་སྐབས་སུ་ང་རང་ཚོགས་ཆུང་གཉིས་ཀྱི་ནང་གསལ་བཤད་ཞུ་ཆེད་ཕྱིན་པ་ཡིན། དེ་དུས་ཐ་སྙད་འགྱུར་བ་གཏོང་རྒྱུ་དེ་རྒྱ་མིའི་གནོན་ཤུགས་དབང་གིས་མ་རེད་ལ། རྒྱ་གར་གྱི་གནོན་ཤུགས་དབང་གིས་ཀྱང་མ་རེད། ད་ལྟའི་གནས་སྐབས་སུ་གནོན་ཤུགས་གང་ཡང་མེད་ནའང༌། མ་འོངས་པར་གནོན་ཤུགས་བྱུང་བ་ཡིན་ན་གདོང་ལེན་བྱེད་དཀའ་བའི་ཐ་སྙད་ཅིག་ང་ཚོས་ཉར་ནས་དགོས་པ་མི་འདུག་ཅེས་གསལ་བཤད་ཞུ་རྒྱུ་བྱུང༌། མདོ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་མིའི་གནོན་ཤུགས་མེད་པ་དང༌། རྒྱ་གར་གྱི་གནོན་ཤུགས་མེད་པ། བོད་མི་ནང་ཁུལ་གྱི་གནོན་ཤུགས་མེད་པ་བཅས་ངས་ཐག་བཅད་ནས་གྲོས་ཚོགས་འདིའི་ནང་ཞུ་ཐུབ་རྒྱུའི་སྤོབས་པ་ཡོད།

གལ་སྲིད་ངས་ཞུས་པ་དེ་བདེན་པ་མིན་པའི་ར་སྤྲོད་གནང་མཁན་བྱུང་ན་སྐབས་དེར་གདོང་ལེན་ཞུ་རྒྱུ་ཡིན། གཞི་རྩ་མེད་པའི་གནས་ཚུལ་དེ་འདྲ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་དང་སྦྱར་ནས་གསུངས་པ་དེ་ང་ཚོའི་བློ་ཡུལ་དུ་ཤོང་རྒྱུ་ཧ་ཅང་ཁག་པོ་འདུག ལར་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་གཤིས་སུ་མང་གཙོའི་ལམ་སྲོལ་དང་ལེགས་བྱང་རང་ཆས་སུ་ཡོད་པ་ཞིག་རེད། ྋགོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་འདི་འདྲ་ཞིག་བཟོ་དགོས། འདི་འདྲ་ཞིག་མ་བཟོས་ཞེས་འདས་པའི་ལོ་༥༢ རིང་ཐེངས་གཅིག་ཀྱང་གསུངས་མྱོང་མེད། བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་ཞུ་བའི་སྐབས་ང་རང་བར་བརྒལ་ཚོགས་གཙོ་ཡིན། ཚོགས་གཙོ་གཞོན་པ་གཉིས་ཡོད། ང་ཚོས་བཅའ་ཁྲིམས་ཐོག་མར་གཏན་འབེབས་བྱས་པ་དེ་སྙན་གསན་ཞུ་བར་བཅར་བའི་སྐབས་ྋགོང་ས་མཆོག་གིས་ཆོས་ལུགས་རིས་མེད་ཀྱི་བརྗོད་ཚིག་སོགས་འགའ་ཤས་བཀོད་ཐུབ་རྒྱུའི་ཐུགས་རེ་ཡོད་ཀྱང་མང་གཙོའི་ལམ་སྲོལ་ལྟར་གྲོས་ཚོགས་ནས་ཐག་གཅོད་ཟིན་པ་ལ་ངས་བསྐྱར་བཅོས་དགོས་པའི་རེ་འདུན་བྱེད་རྒྱུ་མིན། ྋརྒྱལ་བ་རིན་པོ་ཆེའི་སྐུ་དབང་ཕྱིར་བསྡུ་བྱ་རྒྱུའི་ཆ་རྐྱེན་སྐོར་ཕྱིར་བསྡུ་བྱས་པ་དེ་ངེས་པར་དུ་གཞག་དགོས་ཞེས་ངས་བརྗོད་རྒྱུ་ཡིན། དེ་ནི་ང་རང་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་ངས་དེའི་ཐོག་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་ཡོད་པ་དང༌། དེ་འདྲའི་བསམ་ཚུལ་བཤད་པ་དེ་མང་གཙོའི་ལམ་སྲོལ་དང་འགལ་གྱི་མ་རེད། དེ་མིན་དོན་ཚན་གཞན་གཉིས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་སྐོར་གྲོས་ཚོགས་ནས་བསྐྱར་ཞིབ་གནང་ན་ཡག་པོ་རེད། མ་གནང་ནའང་ཞུ་རྒྱུ་གང་ཡང་མེད་ཅེས་བཀའ་ཕེབས་སོང༌།

དེ་འདྲའི་བཀའ་གནང་བ་དེས་གང་མཚོན་ཡོད་པ་རེད་ཅེ་ན། གྲོས་ཚོགས་ཀྱི་རྣམ་དཔྱོད་དང་ཐག་གཅོད་ལ་ྋགོང་ས་མཆོག་གིས་བརྩི་མཐོང་དང་གུས་ཞབས་གནང་གི་ཡོད་པ་དེ་མཚོན་གྱི་ཡོད་རེད། བཅའ་ཁྲིམས་གཏན་འབེབས་གནང་ནས་རིང་པོ་མ་སོང་བར་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་སྐོར་བཀའ་རྩ་ཁྱབ་བསྒྲགས་ཐེངས་འགའ་ཤས་གནང་དགོས་བྱུང་བ་རེད། དེའི་སྐབས་སུའང་བཀའ་རྩ་ཁྱབ་བསྒྲགས་ཀྱི་ཚིག་བརྗོད་དེ་དག་སྤྱི་འཐུས་རྒྱུན་ལས་ཀྱིས་གང་མོས་མཐུན་གནང་བ་དེ་ཚིག་གཅིག་ཆད་ལྷག་མེད་པར་གནང་བ་མ་གཏོགས་ྋགོང་ས་མཆོག་རང་གིས་དགོངས་བཞེས་ཀྱིས་འགྱུར་བ་སྣ་གཅིག་གནང་ཡོད་པ་མ་རེད། དེ་དང་ཕྱོགས་མཚུངས་ད་རེས་ཀྱང་བཙན་བྱོལ་བོད་གཞུང་གི་ཐ་སྙད་དེ་འགྱུར་བ་བཏང་ན་ཡག་པོ་འདུག་ཅེས་སྨོན་ལམ་གསུང་ཆོས་སྐབས་དང་གཞུང་མང་ཚོགས་ཆེན་གྱི་ཚོགས་མི་རྣམས་ལ་དགོངས་འཆར་བཀའ་སློབ་ཞིབ་རྒྱས་གནང་བ་རེད། དེ་ལས་སྤྲོས་ཏེ་དངོས་སུ་ཁྲིམས་བཟོའི་ལས་དོན་ལ་ཞུགས་པའི་སྐབས་འདི་དང་འདི་འགྱུར་བ་ཐོངས་ཞེས་བཀའ་ཕེབས་པ་ཞིག་ངས་གོ་མ་བྱུང༌། ཚོགས་གཙོ་གཉིས་ལའང་བཀའ་ཕེབས་ཡོད་མདོག་ཁ་པོ་མ་རེད། ྋགོང་ས་མཆོག་གིས་བཀའ་གང་ཕེབས་པ་རེད་གསུངས་པ་ཡིན་ན་སྔོན་མ་ནང་བཞིན་ད་རེས་ཀྱང་ྋགོང་ས་མཆོག་རང་དང་འབྲེལ་བ་ཡོད་པའི་ཚིག་བརྗོད་ཅིག་གི་ཐོག་ཕྲན་བུ་བཟོ་བཅོས་དགོས་པའི་སྐོར་བཀའ་ཕེབས་འདུག བཅའ་ཁྲིམས་དོན་ཚན་དང་པོ་གསར་འཇུག་དེའི་ནང་གསེས་ཁག་གི་ནང་ྋགོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་མཛད་འགན་ཁག་དང་འབྲེལ་བ་ཡོད་པ་ཞིག་རེད། དེའི་ཐོག་གོང་ས་མཆོག་གིས་བཀའ་གནང་རྒྱུའི་ཐོབ་ཐང་ཡོད་པ་ཞིག་མ་གཏོགས། མང་གཙོའི་ལམ་སྲོལ་དང་ནམ་ཡང་འགལ་དོན་མེད། གལ་སྲིད་ྋགོང་ས་མཆོག་གིས་བཅའ་ཁྲིམས་དོན་ཚན་དང་པོ་གསར་འཇུག་ཞུ་རྒྱུར་བཀའ་ཁྲོལ་མ་གནང་བ་ཡིན་ནའང་མང་གཙོའི་ལམ་སྲོལ་དང་མི་འགལ་བ་ཀུན་གསལ་རེད།

མང་གཙོའི་སྤྱི་ཚོགས་ནང་འོས་ཐོན་བྱུང་བའི་མི་ཞིག་གིས་རང་ཉིད་ལས་ཁུར་དེ་ནས་ཕྱིར་འཐེན་བྱས་པ་ཡིན་ན་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་སུས་ཀྱང་ངོས་འཛིན་བྱེད་ཀྱི་མ་རེད། གལ་སྲིད་དེ་འདྲ་ངོས་འཛིན་བྱས་པ་ཡིན་ན་སྤྱི་འཐུས་དང་བཀའ་ཁྲིའི་འོས་གཞིའི་ནང་སླེབས་ནས་དགོངས་ཞུ་གནང་མཁན་ཚང་མ་མང་གཙོའི་ལམ་སྲོལ་དང་འགལ་བ་རེད་ཅེས་གསུང་རྒྱུ་ཡིན་ནམ། རིག་པའི་གཞུང་ལུགས་དང་མཐུན་པར་དགོངས་པ་བཞེས་དགོས་ཀྱི་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མང་གཙོའི་ལམ་སྲོལ་བརྩི་འཇོག་གནང་སྟེ་གཞུང་མང་ཚོགས་ཆེན་དང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་གསོལ་འདེབས་ཞུས་པར་ཞལ་བཞེས་གནང་བ་རེད། འོན་ཀྱང་དེའི་ནང་ཚིག་བརྗོད་ཁ་ཤས་ྋགོང་ས་མཆོག་གིས་རྒྱུན་ལྡན་བེད་སྤྱོད་གནང་བའི་ཚིག་བརྗོད་མིན་པ་ཡོད་སྟབས་དེ་ཚོ་བཟོ་བཅོས་དགོས་ཞེས་བཀའ་གནང་བ་ཙམ་ལས་དེ་ལས་བརྒལ་བ་ཞིག་བཀའ་གང་ཡང་གནང་མེད། དོན་ཚན་དང་པོའི་ནང་གསེས་ཁག་གི་ཚིག་བརྗོད་ཕྲན་བུ་འགྱུར་བ་གནང་བ་དེ་ལ་དཔེ་བལྟས་ནས་ཉིན་ཤས་རིང་བགྲོ་གླེང་གནང་བཞིན་པའི་ཚིག་བརྗོད་གཞན་པ་དེ་ཚོའང་ཁྲིམས་བཟོའི་དབང་ཆ་ཆ་ཚང་ཡོད་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་ངེས་མང་མོས་ཐོག་ནས་བཟོ་བཅོས་གནང་བ་ཞིག་མ་གཏོགས། ྋགོང་ས་མཆོག་གིས་བཟོ་བཅོས་དགོས་པའི་བཀའ་གནང་བ་ཞིག་གཏན་ནས་མ་རེད། འདིའི་སྐོར་ཚང་མས་གསལ་པོ་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆ་མཚོན་ན་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་མང་ཚོགས་ཆེན་སོགས་ཀྱི་བརྒྱུད་ནས་མང་ཚོགས་ཀྱི་མངོན་འདོད་མཁྱེན་ཐབས་དང་སྒྲུབ་ཐབས་གནང་བ་རེད། ཡིན་ནའང་མང་ཚོགས་ཀྱི་མངོན་འདོད་དང་མཐུན་མིན་ལ་མ་ལྟོས་པར་ཁྲིམས་བཟོའི་འགན་དབང་ནི་སྤྱི་འཐུས་ལྷན་ཚོགས་ཁོ་ན་ལ་ཡོད་པ་རེད། སྤྱི་འཐུས་འོས་འདེམས་བྱས་པའི་རྗེས་སུ་ཁོང་ཚོར་འོས་ཤོག་བླུག་མཁན་གྱི་ཕྱག་ཏུ་ཁྲིམས་བཟོའི་འགན་དབང་ཞིག་མེད། ཁྲིམས་བཟོའི་ལས་རིམ་ནི་མང་ཚོགས་ཀྱིས་མཁྱེན་པ་དང་མ་མཁྱེན་པ། མངོན་འདོད་དང་མཐུན་པ་དང་མི་མཐུན་པ་ཅི་རིགས་ཡོང་སྲིད་ཀྱང༌། ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྤྱི་མོས་སམ་མང་མོས་ཀྱི་ཐོག་ནས་གང་ཁྲིམས་ལུགས་གཏན་འབེབས་གནང་བ་དེ་མང་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པའི་གཏན་འབེབས་ཤིག་མ་གཏོགས། མང་གཙོའི་ལམ་སྲོལ་དང་འགལ་བའི་གཏན་འབེབས་ཤིག་ལ་ངོས་འཛིན་བྱེད་ཐབས་མེད། གལ་སྲིད་དེ་འདྲ་ངོས་འཛིན་བྱེད་དགོས་བྱུང་ན་ཐད་ཀའི་མང་གཙོ་མ་གཏོགས་སྐུ་ཚབ་ཀྱི་མང་གཙོ་ཡོང་ཐབས་མེད་པ་ཞིག་རེད། གལ་སྲིད་རྟོག་པས་མཐའ་བཟུང་གིས་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་བྱུང་ཡོད་དབང་དུ་བཏང་ནའང༌། དེ་ནི་སྤྱི་འཐུས་ལྷན་ཚོགས་ཀྱིས་འགལ་བ་མ་གཏོགས། ྋགོང་ས་མཆོག་གི་ངོས་ནས་འགལ་བ་ཞིག་རྩ་བ་ནས་མ་རེད། བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ྋགོང་ས་མཆོག་ལ་བཀའ་སློབ་གནང་རྒྱུའི་འགན་དབང་རང་ཆས་སུ་ཡོད་པ་ཡིན་ཙང༌།

བཀའ་སློབ་གནང་བ་རེད། གསན་དང་མ་གསན་གྲོས་ཚོགས་ཀྱི་རང་དབང་མ་གཏོགས། ྋགོང་ས་མཆོག་གིས་བཙན་བཀའ་ཞིག་འདས་པའི་དུས་སུ་གནང་མྱོང་མེད་ལ། ད་ལྟ་གནང་མེད་ཅིང༌། འབྱུང་འགྱུར་ཡང་གནང་གི་མ་རེད། ལར་ནས་ྋགོང་ས་མཆོག་གི་བཀའ་སློབ་ནི་སྤྱི་འཐུས་རྣམ་པའི་དགོངས་པའི་དཔྱད་གཞི་ཙམ་ལས། ཁྲིམས་བཟོའི་ལས་རིམ་གྱི་ཆ་ཤས་གཏན་ནས་མིན་པའང་ཧ་ཅང་གསལ་པོ་རེད།

ཡང་གནས་ཚུལ་གཞན་ཞིག་ལ་ད་ལན་གྱི་བཅའ་ཁྲིམས་བསྐྱར་བཅོས་དེ་དུས་ཚོད་ཧ་ཅང་ཐུང་ངུའི་ནང་བྲེལ་བ་བྱས་ནས་གཏན་འབེབས་བྱས་སོང༌། དེ་འོས་འཚམས་མ་རེད་ཅེས་བཀའ་གནང་མཁན་མང་པོ་འདུག འོན་ཀྱང་དེ་ཚོ་དངོས་དོན་དང་མཐུན་པ་ཞིག་ཡིན་པར་མཐོང་གི་མེད། གང་ལགས་ཤེ་ན། ད་རེས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་གནད་དོན་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེ་རེད། སྐུ་དབང་རྩིས་སྤྲོད་གནང་རྒྱུ་དེ་ད་རེས་གློ་བུར་དུ་དགོངས་པ་བཞེས་ནས་བཀའ་གནང་བ་ཞིག་གཏན་ནས་མིན་པ་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་རང་གི་ནང་དུ་ཞལ་གསལ་པོ་འཁོད་ཡོད། དེའི་ནང་ཕྱི་ལོ་༡༩༦༩ ཙམ་ནས་འདིའི་སྐོར་བཀའ་གནང་ཡོད་ཅེས་གསུངས་འདུག དེ་ནས་བརྩིས་ན་༡༩༧༩ ༡༩༨༩ ༡༩༩༩ ༢༠༠༩ ད་ཆ་༢༠༡༡ ཡིན་པར་བརྟེན་ལོ་༤༠ ལྷག་ཙམ་ཕྱིན་པ་དེ་དུས་ཚོད་ཐུང་ཐུང་མ་རེད། ང་རང་ཚོ་གཉིད་མ་སད་པ་མ་གཏོགས་ྋགོང་ས་མཆོག་ངོས་ནས་དུས་ཚོད་འདང་ངེས་གསོལ་རས་གནང་ཡོད་པ་ཧ་ཅང་གསལ་པོ་རེད། གལ་སྲིད་ྋགོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་རེ་ཟུང་བསྐྱར་བཅོས་ཕྱིན་པ་དེ་མགྱོགས་དྲགས་སོང་གསུངས་པ་ཡིན་ན། དེ་ཚོ་དུས་ཚོད་བཏང་ནས་ཡང་བསྐྱར་བསྐྱར་བཅོས་གནང་ཆོག་གི་རེད།

སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་བཟོའི་དབང་ཚད་གང་ཡོད་པ་དེ་གྲ་མ་ཉམས་གྲུ་མ་ཞིག་པར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ལའང་ཡོད་པ་རེད། སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱིས་ཐག་གཅོད་དང་གཏན་འབེབས་གནང་ཟིན་པ་ཞིག་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱིས་བསྐྱར་བཅོས་བྱེད་རྒྱུ་མེད་པ་མ་རེད། དེ་འདྲ་སོང་ཙང་དུས་ཚོད་འགྱངས་ནས་དགོངས་འཆར་གསར་པ་ཞིག་འཐོན་རྒྱུ་ཡོད་པ་ཡིན་ན་སྤྱི་འཐུས་སྐབས་བཅོ་ལྔ་པ་དང༌། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་སོགས་ག་ཚོད་ཕེབས་པ་ཡིན་ནའང་ཁྲིམས་བཟོའི་དབང་ཚད་འདྲ་མཉམ་བསྡད་ཀྱི་རེད། གསར་འཇུག ཕྱིར་བསྡུ་གང་གནང་ཡང་གནང་ཆོག་པ་ཞིག་རེད། ྋགོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ལས་རིམ་དེ་ཉིན་འགྱངས་ཞག་འཕུལ་བྱེད་ན་འགྲིགས་ཀྱི་མེད་པའི་གནས་ཚུལ་གསལ་པོ་ཆགས་ཟིན་པ་རེད། དེ་ལ་བརྟེན་ནས་སྤྱི་འཐུས་སྐབས་བཅུ་བཞི་པའི་ལས་ཡུན་མ་རྫོགས་གོང་ཁྲིམས་བཟོའི་ལས་དོན་གྲུབ་པ་གནང་དགོས་པའི་རྒྱུ་མཚན་དེ་རང་རེད། དེ་ལ་ང་ཚོས་མ་འོས་པ་དང་མ་འཚམས་པ་གང་ཡང་མཐོང་གི་མེད།

གོང་ཞུས་དེ་དག་བཀའ་ཤག་གི་མཐོང་ཚུལ་དང་དངོས་བྱུང་གི་གནས་བབ་བཅས་མདོར་བསྡུས་ཙམ་སྙན་སྒྲོན་ཞུ་རྒྱུའི་རྩོལ་བ་བྱས་པ་ཡིན། འབྱུང་འགྱུར་ཡང་གང་ཟག་སྒེར་དང༌། བཀུར་འོས་སྤྱི་འཐུས་རྣམ་པ། བཀུར་འོས་ཚོགས་གཙོ་སོགས་སུ་ཞིག་ནས་བཀའ་འདྲི་གནང་རྒྱུ་ཡོད་པ་ཡིན་ན། ག་དུས་ཡིན་ནའང་འགྲེལ་བརྗོད་དང་གསལ་བཤད་ཞུ་རྒྱུའི་འདུན་པ་ཡོད། དཔལ་ལྡན་ཚོགས་གཙོ་མཆོག ད་རེས་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བ་དེར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱི་ལོ་༢༠༡༡ ཟླ་༦ ཚེས་༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གནང་བའི་གསལ་བཤད།