བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ཆེས་མཆོག་ཏུ་བཀུར་བར་འོས་པའི་ཚོགས་གཙོ་ལྷན་རྒྱས་མཆོག དེ་རིང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུ་དབུ་འཛུགས་ཀྱི་ལས་རིམ་ནང་བཀའ་ཤག་ལ་གཏམ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀུན་གྱིས་མཁྱེན་གསལ་ལྟར་ད་རེས་ཛ་དྲག་གི་ཚོགས་ཆེན་འདི་ཉེ་ཆར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གསུང་འཕྲིན་གྱི་ལམ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མི་རིགས་དང་འཛིན་སྐྱོང་གི་དབུ་ཁྲིད་ཀྱི་ཐུགས་འགན་དང་སྐུ་དབང་རྣམས་མང་ཚོགས་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་ཆ་ཚང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ལྡོག་མེད་ཕེབས་པ་ལག་བསྟར་ཞུ་ཕྱོགས་ཐད་མང་ཚོགས་ཀྱི་དགོངས་ཚུལ་ཇི་ཡོད་མཁྱེན་རྟོགས་དང་གྲོས་མོལ་གནང་རྒྱུའི་སླད་བསྡུ་བསྐོང་གནང་བ་ཞིག་ཡིན་པ་དང༌། དེའི་བྱུང་རིམ་ཞིབ་ཕྲ་ད་ལྟ་བཀུར་འོས་ཚོགས་གཙོ་མཆོག་གིས་བཀའ་གནང་ཟིན་པ་ལྟར་ལགས་ཤིང༌། གནད་དོན་འདིའི་ཐད་བཀའ་ཤག་གི་བློ་དྭོགས་དང་སེམས་འཚབ་ཇི་ཡོད་སྐོར་ཕྱོགས་བསྡོམས་བྱས་ཏེ་ཉེ་སྔོན་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་ཞུས་ཟིན་པ་དེ་དག་མང་ཚོགས་ནས་གསན་ཞིབ་དང་དགོངས་དཔྱད་གནང་གྲུབ་པར་གཞི་བཞག་གིས་བསྐྱར་ལྡབ་ཞུ་རྒྱུ་མིན།

ད་རེས་ཚོགས་ཆེན་འདིའི་དགོས་དམིགས་གཙོ་བོ་ནི། རིང་མིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་སྐབས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཁག་གི་ནང་གསལ་ྋགོང་ས་མཆོག་གི་ཐུགས་འགན་དང་སྐུ་དབང་དང་འབྲེལ་བའི་དོན་ཚན་ཡོངས་རྫོགས་བསྐྱར་བཅོས་གནང་སྟེ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་འགྲོ་རྒྱུ་ཡིན་སྟབས། དེའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་ཀྱི་དབར་བཅའ་ཁྲིམས་ཀྱི་བརྒྱུད་ལམ་ནས་འབྲེལ་བའི་ཆ་རྐྱེན་གཏན་མེད་དུ་སོང་ན་བློས་འགན་བཟོད་བྲལ་ལ་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེའི་ལྕགས་ཀྱུ་དང་བོད་མི་རིགས་ཀྱི་དད་པའི་ཨ་ལོང་འབྲལ་ཐབས་མེད་པའི་འབྲེལ་བ་དེ་བཅའ་ཁྲིམས་ཀྱི་ཚིག་བརྗོད་དུ་གསལ་བ་ཞིག་ཡོང་ཐབས་དང༌། དེའི་ཆེད་བོད་མི་ཡོངས་རྫོགས་བསམ་འདུན་གཅིག་མཐུན་གྱི་ལམ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དེ་འདྲའི་ཚིག་བརྗོད་ཅིག་འགོད་འཐུས་བཀའ་འཁྲོལ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ཆེད་དུ་ཡིན་པ་ཚང་མས་དགོངས་གསལ་རེད།

ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ལྡོག་མེད་གཞིས་བྱེས་བོད་མིའི་བློ་ཡུལ་དུ་ཤོང་དཀའ་བ་འདི་ཕེབས་དགོས་པའི་དགོས་དམིགས་གཙོ་བོ་གསུམ་ཡོད་པའི་དང་པོ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་དང༌། གཉིས་པ། ད་ལྟ་ྋགོང་ས་མཆོག་སྐུ་ཁམས་བདེ་བཞུགས་སྐབས་ྋགོང་ས་མཆོག་གི་དབུ་ཁྲིད་མེད་པར་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བྱེད་ཕྱོགས་ལ་མྱོང་གོམས་ཐོན་ན། ནམ་ཞིག་ྋགོང་ས་མཆོག་གི་དབུ་ཁྲིད་མེད་པའི་དུས་ཚོད་ཤར་ཚེ་གློ་བུར་ཅི་བྱ་གཏོལ་མེད་མི་ཡོང་བའི་ཆེད། གསུམ་པ། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་རྒྱུན་གནས་ཐུབ་པ་ཡོང་ཆེད་བཅས་ལ་གཙོ་བོར་དགོངས་པ་ཡིན་ལ་ྋགོང་ས་མཆོག་གི་བཀའ་སློབ་སྔ་རྗེས་དང༌། ཁྱད་པར་འདི་ལོའི་གསུམ་དུས་གསུང་འཕྲིན། གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་བསྩལ་བའི་གསུང་འཕྲིན། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༩ ཉིན་གསུང་ཆོས་རྭ་བར་བསྩལ་བའི་བཀའ་སློབ་གསུམ་གྱི་ལམ་ནས་གསལ་སྟོན་གནང་ཡོད། དེར་བརྟེན་ད་ལན་བཅའ་ཁྲིམས་བསྐྱར་བཅོས་སྐབས་གོང་ཞུས་ཀྱི་གསུང་འཕྲིན་དང་བཀའ་སློབ་གསུམ་གར་ཐུགས་སྣང་གནང་སྟེ་དེར་གསལ་དམིགས་ཡུལ་གསུམ་ག་འགྲུབ་ཐབས་གནང་དགོས་པ་གཞིར་བཅས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱི་ལམ་སྟོན་གནང་བ་འདི་དག་བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་ཡིན་པ་དང༌། དེ་དག་ལག་བསྟར་ཉམས་ལེན་ཚུལ་བཞིན་ཞུ་ཐུབ་ན་དགེ་ཕན་ཡོད་པ་སྨོས་མ་དགོས་ཀྱང༌། འཕྲལ་དུ་ང་ཚོས་ངེས་པར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཕྱོགས་བསྡོམས་དོན་ཚན་བཅུ་ཉེ་ཆར་གྲོས་ཚོགས་སུ་བཀའ་ཤག་གིས་སྙན་གསན་ཞུས་ཡོད། དཀའ་ངལ་དེ་དག་གི་ནང་ནས་གཙོ་ཆེ་ཤོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་གཞུང་ངོ་མ་ཡིན་པའི་ཁྲིམས་མཐུན་གྱི་གནས་བབ་(Legitimacy) རྒྱུན་གནས་ཐུབ་ཐབས་དང༌། རྒྱལ་སྤྱིའི་ནང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་འཛིན་དང་དེའི་རྒྱལ་སྤྱིའི་འབྲེལ་ལམ་རྒྱུན་གནས་ཡོང་ཐབས་གཉིས་ཧ་ཅང་གཙོ་གནད་ཆེ་བ་ཞིག་ཡིན་སྟབས། བཅའ་ཁྲིམས་བསྐྱར་བཅོས་སྐབས་གནད་དོན་འདི་གཉིས་དམིགས་བསལ་ཐུགས་སྣང་དགོས་པ་ཞིག་ཡིན་པའི་ཐོག བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་རྒྱུར་འགལ་རྐྱེན་འགྲོ་སྲིད་པའི་ཚིག་བརྗོད་ཁག་ཀྱང་ཞོར་དུ་བསྐྱར་བཅོས་ཐུབ་ན་དགེ་མཚན་ཡོང་རྒྱུ་བཅས་ལས་རིམ་ཚོགས་ཆུང་གི་རྒྱབ་གཉེར་གྲོས་ཚོགས་ནས་ངོས་ལེན་གནང་བ་གཞི་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་གོང་གསལ་གནད་དོན་རྣམས་ཐུགས་ལ་བཞག་སྟེ་བསྐྱར་བཅོས་ཟིན་བྲིས་བཀོད་གནང་མཛད་འདུག་པ་དེ་ལ་བཀའ་ཤག་གིས་མོས་མཐུན་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་རང་དབང་ཅན་གྱི་གཞུང་ངམ་བཙན་བྱོལ་གྱི་གཞུང་གང་འདྲ་ཞིག་ཡིན་རུང་ཆབ་སྲིད་ཀྱི་ལམ་སྲོལ་དང་གཞི་རིམ་ཁྲིམས་གཞི་ཁག་དུས་བསྟུན་འགྱུར་བ་ཇི་ཙམ་བཏང་རུང་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཡོད་པ་དེ་སྲིད་དུ་ཁྲིམས་མཐུན་གྱི་གནས་བབ་འགྱུར་བ་འགྲོ་གཞི་མེད་ནའང༌། འཛིན་སྐྱོང་གི་རྒྱུན་མུ་མཐུད་མ་གནས་པར་བར་མཚམས་ཆད་པ་ཡིན་ཚེ། གཞུང་གསར་པས་རང་གི་ནུས་པས་ཁྲིམས་མཐུན་གྱི་གནས་བབ་བསྐྲུན་མ་ཐུབ་ན་གཞུང་རྙིང་པའི་ཁྲིམས་མཐུན་གྱི་གནས་བབ་རྒྱུན་གནས་མེད་པར་ངོས་འཛིན་བྱེད་སྲིད། རང་རེའི་གནས་སྟངས་ལ་མཚོན་ན་བོད་ཀྱི་ཡུལ་མི་མང་ཆེ་བ་བོད་ནང་ཡོད་པ་དང༌། དེ་དག་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་རིམ་ནང་ཐད་ཀར་ཆ་ཤས་བླང་མི་ཐུབ་པའི་དབང་གིས་དགའ་ལྡན་ཕོ་བྲང་གཞུང་གི་རིགས་རྒྱུན་ཆད་ཚེ། བཙན་བྱོལ་བོད་མི་རྐྱང་པས་ཁྲིམས་མཐུན་གྱི་གནས་བབ་ཡོད་པའི་བོད་གཞུང་གསར་པ་ཞིག་བསྐྲུན་ཐུབ་ཐབས་མེད། ྋགོང་ས་མཆོག་གི་སྐུ་དབང་འོས་བསྡུ་བྱས་པའི་འགོ་ཁྲིད་ལ་བཅའ་ཁྲིམས་གཞི་བཟུང་སྐུ་དབང་ཆ་ཚང་ཡོད་པའི་ྋགོང་ས་མཆོག་རང་གིས་ཐུགས་འདོད་ལྟར་རྩིས་སྤྲོད་གནང་བ་དང༌། རྩིས་ལེན་ཞུ་མཁན་བཅའ་ཁྲིམས་གཞི་བཟུང་ཁྲིམས་མཐུན་འོས་བསྡུའི་ལམ་ནས་ཐོན་པའི་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་ཡིན་པ། རྩིས་སྤྲོད་གནང་བའི་བརྒྱུད་རིམ་ཡང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་རིམ་བརྒྱུད་ནས་གནང་བ་ཡིན་པ་བཅས་ལ་བརྟེན། འགྱུར་བ་འདི་ནི་མང་གཙོའི་འཕེལ་རིམ་དང་ཁྲིམས་བཟོའི་ལས་རིམ་གྱི་བརྒྱུད་ལམ་ནས་བྱུང་བ་ཞིག་ཡིན་པས། དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་བར་མ་ཆད་པར་གནས་ཡོད་པ་ཁོ་ན་ལས་གསར་བརྗེ་གྱེན་ལངས་ལྟ་བུས་གཞུང་གསར་རྙིང་བརྗེ་བ་ཞིག་གཏན་ནས་མིན་པས། དགའ་ལྡན་ཕོ་བྲང་གཞུང་གི་སྲིད་དབང་གི་རྒྱུན་མ་ཉམས་པར་གནས་ཡོད་པ་དང༌། ྋགོང་ས་མཆོག་གི་སྐུ་དབང་དང་མཉམ་དུ་ཁྲིམས་མཐུན་གྱི་གནས་བབ་ཀྱང་རྩིས་སྤྲོད་གནང་བ་ཞིག་ཡིན་པས་ཁྲིམས་མཐུན་གྱི་གནས་བབ་ལ་ཉམས་ཆག་གང་ཡང་ཕྱིན་མེད།

མཁས་དབང་འགའ་ཞིག་གིས་ད་ལན་བཅའ་ཁྲིམས་ཀྱི་དོན་ཚན་རེ་ཟུང་ཙམ་མ་ཡིན་པར་སྒྲོམ་གཞི་འགྱུར་བ་འགྲོ་རྒྱུ་ཡིན་སྟབས་བཅའ་ཁྲིམས་བསྐྱར་བཅོས་གནང་བ་ལས་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་གནང་ན་ལེགས་ཚུལ་གསུང་མཁན་བྱུང་ཡོད་ཀྱང༌། ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པའི་ཆ་རྐྱེན་འོག་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་ལས་བཅའ་ཁྲིམས་གསར་པ་གཏན་འབེབས་གནང་རྒྱུ་འོས་འཚམས་མིན་པའི་བསམ་ཚུལ་ཤུགས་ཆེ་བཏོན་དགོས་པའི་རྒྱུ་མཚན་ཡང་ཕྱི་ལོ་༡༩༩༡ ལོར་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱང་ང་ཚོའི་ཁྲིམས་མཐུན་གྱི་གནས་བབ་གྱི་འབྱུང་ཁུངས་ཤིག་ཡིན་པས་དེ་སྲུང་སྐྱོབ་དགོས་པ་འདི་ཡིན། འོན་ཀྱང་བྱུང་རིམ་འདི་དག་གསལ་སྟོན་བྱེད་པའི་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་བརྗོད་ཚིག་གཅིག་བཅའ་ཁྲིམས་རང་གི་ཆ་ཤས་སུ་ཡོད་ན་ནུས་པ་ཆེ་བ་དང༌། ཁ་གསལ་བ། དྭོགས་པའི་གཞི་མེད་པ་བཅས་ཡོང་རྒྱུ་ལ་དགོངས་ནས་བཅའ་ཁྲིམས་ཀྱི་ཆ་ཤས་སུ་གཏོགས་པའི་སྔོན་གླེང་འདི་གསར་འཇུག་གནང་འདུག འདིའི་དགོས་པ་དང་དམིགས་ཡུལ་ལ་ཚང་མས་སྤྱི་མོས་གནང་རྒྱུའི་ཡིད་ཆེས་ཡོད་པ་མ་ཟད། བརྗོད་ཚིག་ལའང་བཟོ་བཅོས་ཆེན་པོ་མི་དགོས་པའི་རེ་བ་ཡོད། འོན་ཀྱང་ལེགས་བཅོས་ཀྱི་དགོངས་འཆར་གནང་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་གྱི་མཛད་འགན་དང་སྐུ་དབང་དང་འབྲེལ་བའི་དོན་ཚན་ཡོངས་རྫོགས་བསྐྱར་བཅོས་འགྲོ་རྒྱུར་བརྟེན་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ྋགོང་ས་མཆོག་གི་མཚན་ཙམ་ཡང་མ་ཐོན་ཚེ། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་ྋགོང་ས་མཆོག་གི་དབར་འབྲེལ་བ་གང་ཡང་མེད་པའི་རྣམ་འགྱུར་ཞིག་འཐོན་ན་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཤུགས་ཆེ་ཡོང་རྒྱུ་མ་ཟད། སྐབས་འཕྲལ་གྱི་དཀའ་ངལ་དུ་མ་ཞིག་ཀྱང་ཡོང་རྒྱུར་ངེས་པས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་དངོས་དོན་གསལ་བར་སྟོན་ཆེད་དོན་ཚན་དང་པོ་བསྐྱར་བཅོས་ཀྱིས་བརྗོད་ཚིག་གསལ་པོ་བཀོད་འདུག དོན་ཚན་འདི་ྋགོང་ས་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་བའི་གསུང་འཕྲིན་ནང༌།༼ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང་༽ཞེས་གསུངས་པའི་དགོངས་དོན་ལ་འཁྲིལ་ནས་ྋགོང་ས་མཆོག་བོད་ཀྱི་ཡུལ་མི་ཙམ་མ་ཡིན་པར་ཁྱད་པར་འཕགས་པའི་ཡུལ་མི་དང༌། མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་དངོས་དོན་གྱི་གནས་ལུགས་དོན་ཚན་འདིའི་ནང་གསལ་འཁོད་གནང་བ་འདིས། བོད་མི་རིགས་དང་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་དབར་མགོ་དང་མཇིང་པ་བྲལ་ཐབས་མེད་པའི་འབྲེལ་བའི་གནས་ལུགས་བཅའ་ཁྲིམས་ཀྱི་ནང་གཞི་རྩ་སྐྲུན་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་ཆགས་འདུག དོན་ཚན་འདིའི་ནང་དོན་ལ་ཚང་མས་སྤྱི་མོས་གནང་བའི་ཡིད་ཆེས་ཡོད་ཅིང༌། བརྗོད་ཚིག་ནང་ལེགས་བཅོས་དང་གསར་སྣོན་གྱི་དགོངས་འཆར་ཡོད་ན་ངེས་པར་གནང་དགོས།

དོན་ཚན་འདི་དང་འབྲེལ་བའི་དྭོགས་གཞི་མི་ཉུང་བ་ཞིག་ཕྱི་ནང་གི་མཁྱེན་ལྡན་མང་པོས་གནང་འདུག་པ་རྣམས་ཀྱི་ནང་ནས་རྟོགས་ལྡན་ལ་སྐྱེ་བའི་དྭོགས་གཞི་གལ་ཆེ་འགའ་ཤས་ལ་གསལ་བཤད་བྱ་རྒྱུའི་འབད་རྩོལ་ཞུ་རྒྱུ་ཡིན། འགའ་ཤས་ཀྱིས་དོན་ཚན་འདིའི་ནང་ྋགོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་ཐུགས་འགན་དང་སྐུ་དབང་ཁག་གི་ནང་ནས་དོན་གནད་གསུམ་གསལ་སྟོན་བྱེད་པ་ལ་བརྟེན་ཏེ། ྋགོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བའི་གནད་དོན་དང་འགལ་གྱི་མེད་དམ་སྙམ་པ་དང༌། སྐུ་དབང་གི་ཆ་ཤས་འགའ་ཤས་རྩིས་སྤྲོད་མ་གནང་བར་བདག་ཉར་གནང་བ་མིན་ནམ་སྙམ་པ། ཡང་རེ་ཟུང་གིས་༼བླ་ན་མེད་པའི་དབུ་ཁྲིད་༽ཅེས་པའི་ཚིག་འདི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་ལས་གཞན་པའམ། དེ་ལས་མཐོ་བའི་ད་དུང་དབུ་ཁྲིད་ཅིག་ཡོད་པར་བསྟན་པ་དེ་ནང་འགལ་མིན་ནམ་སྙམ་པའི་དྭོགས་སྣང་གནང་གི་འདུག གནས་ཚུལ་འདི་ནི་གོང་དུ་ཞུས་ཟིན་པ་ལྟར་ྋགོང་ས་མཆོག་དང་བོད་མི་རིགས་ཀྱི་དབར་ལས་དང་སྨོན་ལམ་གྱི་འབྲེལ་བའི་དབང་གིས་རང་ཆས་སུ་ཡོད་པའི་འབྲེལ་བ་ཁྲིམས་མཐུན་གྱི་ཡིག་ཆར་གསལ་སླད་བཀོད་པ་ཞིག་ལས་བཅའ་ཁྲིམས་ཀྱི་ཚིག་བརྗོད་འདིས་ྋགོང་ས་མཆོག་ལ་ཐུགས་འགན་དང་སྐུ་དབང་འབུལ་བ་ཞིག་མིན་པར་༼རང་ཆས་སུ་༽ཡོད་པའི་སྐུ་དབང་རྣམས་གསལ་སྟོན་བྱེད་པ་ཙམ་ཞིག་ཡིན། དེའི་ཆེད་དུ་༼རང་ཆས་༽ཞེས་པའི་ཚིག་ཆེད་དམིགས་ཀྱིས་བེད་སྤྱོད་བྱས་ཡོད་ཅིང༌། དེ་ཡང་བྱུང་རབས་དང༌། ལེགས་བྱང༌། མང་ཚོགས་ཀྱི་མངོན་འདོད་བཅས་ལས་འགྲུབ་པ་གསལ་སྟོན་གནང་བ་འདིས་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་ཞིག་མིན་པ་གསལ་པོ་བཟོས་ཡོད། བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་ཇི་འདྲ་ཞིག་ཡིན་རུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཕྱིར་བསྡུ་བྱ་རྒྱུ་དང༌། འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་དགོས་མོད།

རང་ཆས་སུ་ཡོད་པའི་འགན་དབང་ནི་བཅའ་ཁྲིམས་ཀྱི་ལམ་ནས་ཕྱིར་བསྡུ་བྱ་རྒྱུ་མེད།

ཕྱོགས་གཞན་ཞིག་ནས་བཤད་ན་དོན་ཚན་འདིའི་ནང་གསལ་བའི་ནང་གསེས་དོན་ཚན་གསུམ་པོ་དེ་དག་ྋགོང་ས་མཆོག་གིས་རང་འགུལ་གྱིས་ཕྱག་བསྟར་གནང་ན་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་དྭང་ལེན་ཞུ་དགོས་པའི་ཁྲིམས་ཀྱི་ཁྱབ་ཚད་དོན་ཚན་འདིའི་ཐོག་ནས་ཡོང་རྒྱུ་དང༌། གལ་སྲིད་ྋགོང་ས་མཆོག་གིས་ཕྱག་བསྟར་མ་གནང་བ་ཡིན་ན་ཕྱག་བསྟར་དགོས་པའི་ཁྲིམས་ཀྱི་ཁྱབ་ཚད་དོན་ཚན་འདིའི་ཐོག་ནས་མི་འགྲུབ་པ་ནི་༼རང་ཆས་༽ཞེས་པའི་ཚིག་གི་ནུས་པས་བཅད་པ་ཡིན། མདོ་དོན་བཅའ་ཁྲིམས་ཀྱིས་ྋགོང་ས་མཆོག་ལ་ཐུགས་འགན་དང་སྐུ་དབང་སྣེ་གཅིག་འབུལ་མེད་ཀྱང༌། རང་ཆས་སུ་ཡོད་པའི་འགན་དབང་རྣམ་ཕྱག་བསྟར་གནང་རྒྱུའི་བརྒྱུད་ལམ་གྱི་ཆ་རྐྱེན་ཞིག་བཅའ་ཁྲིམས་ནང་བསྐྲུན་གནང་འདུག་པར་དགའ་བསུ་ཡོད།

དེ་བཞིན་༼བླ་ན་མེད་པའི་དབུ་ཁྲིད་༽ཅེས་པའི་བརྗོད་ཚིག་འདིས་ཀྱང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཀའ་བློན་ཁྲི་པ་ལས་གཞན་པའམ། དེ་ལས་མཐོ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་གཞན་ཡོད་པ་མཚོན་གྱི་མེད།༼བླ་ན་མེད་༽ཅེས་པའི་ཚིག་གིས་བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱིས་བསྐྲུན་པའི་དབུ་ཁྲིད་ཅིག་མིན་པ་གསལ་པོ་བསྟན་གྱི་ཡོད་པས། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཀའ་བློན་ཁྲི་པ་ལས་གཞན་པའམ་དེ་ལས་མཐོ་བའི་དབུ་ཁྲིད་ཅིག་མེད་པ་གསལ་པོ་རེད། དབྱིན་སྐད་དུ་བསྒྱུར་བའི་སྐབས་‘Supreme Leader’ ཞེས་པ་བོད་སྐད་ཀྱི་༼བླ་ན་མེད་པའི་དབུ་ཁྲིད་༽ཅེས་པའི་སྒྲ་བསྒྱུར་ཇི་མ་ཇི་བཞིན་ཡིན་མིན་ངས་ཞུ་ཚོད་དཀའ་ཡང༌། མཁྱེན་ལྡན་རྣམས་ཀྱིས་བརྟག་དཔྱད་གནང་དགོས། བོད་སྐད་ཀྱི་ཐོག་བརྗོད་ཚིག་འདི་ལ་སྐྱོན་གང་ཡང་མཐོང་གི་མེད།

མཁས་དབང་རེ་ཟུང་གིས་ད་ལན་ྋགོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ཁག་གི་ནང་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་འགན་དབང་རྣམས་རྩིས་སྤྲོད་གནང་རྒྱུ་མ་གཏོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ཕེབས་མེད་པ་དང༌། རྒྱལ་ཁབ་ཀྱི་དབུ་ཁྲིད་(Head of State) ཀྱི་འགན་དབང་ྋགོང་ས་མཆོག་གིས་སྔར་རྒྱུན་བཞིན་བཞེས་གནང་མཛད་ན། ཁྲིམས་མཐུན་གྱི་གནས་བབ་བཟང་དུ་འགྲོ་རྒྱུའི་དགོས་པ་དང་དགེ་མཚན་ཡོད་ཚུལ་གསུང་མཁན་འདུག དེ་ནི་བར་སྐབས་ྋགོང་ས་མཆོག་གི་གསུང་བཤད་དང་གསུང་འཕྲིན་ཁག་གི་ཚིག་བརྗོད་ལ་ཐུགས་སྣང་དང་གོམས་འདྲིས་ཆུང་བའི་དབང་གིས་ཡིན་པར་མངོན། ྋགོང་ས་ཆེན་པོའི་བར་སྐབས་ཀྱི་གསུང་བཤད་དང་གསུང་འཕྲིན་ཁག་གི་ནང་ད་ལྟ་སྐྱོང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་ཕྱོགས་འགལ་འགྲོ་གཞིའི་བརྗོད་ཚིག་གང་ཡང་བེད་སྤྱོད་གནང་མེད། འདི་ལོའི་གསུམ་དུས་གསུང་འཕྲིན་ནང་༼ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར་༽ཞེས་གསལ་པོར་གསུངས་པ་དེ་མི་རིགས་ཀྱི་འགོ་ཁྲིད་Head of Nation ཅེས་པ། རྒྱལ་ཁབ་ཀྱི་འགོ་ཁྲིད་Head of State ཅེས་པ་དང་དོན་མཚུངས་ཤིང༌། སྐབས་འདིའི་འཛིན་སྐྱོང་ཞེས་པ་གཞུང་གི་དབུ་ཁྲིད་ལ་གོ་དགོས་པ་ཡིན། དེ་ཙམ་མ་ཟད་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ནང་༼བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་༽ཞེས་གསལ་བ་དེས་འོས་འདེམས་བྱས་པ་མ་ཡིན་པར་མཚན་གནས་རྗེས་འབྲེལ་གྱི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་མེད་པ་དགོས་པའི་གནད་དོན་གསལ་སྟོན་གནང་ཡོད།

ཡང་འགའ་རེས་གསུང་འཕྲིན་དུ་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་དགོས་ཞེས་གསུངས་པ་ལ་བརྟེན་ནས་འོས་འདེམས་བྱས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་ངེས་པར་དུ་དགོས་པའི་དགོངས་ཚུལ་གསུང་མཁན་ཕྱི་ནང་གི་མཁས་དབང་འགའ་ཤས་ཡོད་ཀྱང༌། དངོས་དོན་དུ་ཡུལ་མིའི་རྒྱལ་ཁབ་ཅེས་པ་དབྱིན་སྐད་དུ་Republic ཞེས་པའི་ཚིག་དེའི་སྐད་དོད་ཡིན་ཅིང༌། དེའི་གོ་དོན་ནི་རིགས་རྒྱུད་དམ་མཚན་གནས་རྗེས་འབྲེལ་གྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་མེད་པ་ཞིག་གི་དོན་དུ་གོ་བ་ལས། འོས་འདེམས་བྱས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་ཡོད་དགོས་པའི་གོ་དོན་དུ་གནའ་དུས་དང་དེང་རབས་གཉིས་ཀའི་སྲིད་དོན་ཚན་རིག་པས་འགྲེལ་བཤད་བྱེད་ཀྱི་མེད། དཔེར་ན་གནའ་དུས་ཀྱི་ཡུལ་མིའི་རྒྱལ་ཁབ་ཡངས་པ་ཅན་ལྟ་བུར་ཡང་འོས་འདེམས་བྱས་པའི་རྒྱལ་ཁབ་དབུ་ཁྲིད་གཅིག་མེད་སྟབས།༼ཡངས་པ་ཅན་པ་ཚོགས་ཀྱི་གཙོ་༽ཞེས་གྲགས་པ་རེད། ང་ཚོ་ཡང་དེ་དང་མཐུན་པར་འགྲོ་ཆོག དེང་དུས་ཀྱི་Republic ཞེས་པ་རྒྱལ་ཁབ་ཀྱི་མངའ་སྡེ་ཁག་ལའང་བེད་སྤྱོད་བྱེད་ཀྱི་ཡོད་པས་དེ་དག་ལ་འོས་འདེམས་བྱས་པའི་༼རྒྱལ་ཁབ་ཀྱི་དབུ་ཁྲིད་༽ཀྱི་ཐ་སྙད་ཡོང་དོན་མེད།

ཡང་རྣམ་དཔྱོད་ཅན་རེ་ཟུང་ཞིག་གིས་ཆོས་ལུགས་དང་འབྲེལ་བའི་ཚིག་བཅའ་ཁྲིམས་སུ་བཀོད་པ་ཚུལ་མཐུན་མིན་པའི་སྒྲུབ་བྱེད་ཤུགས་ཆེ་བཀོད་འདུག་ཀྱང༌། ཚང་མས་མཁྱེན་གསལ་ལྟར་བཅའ་ཁྲིམས་ཀྱི་ཐོག་མའི་ཟིན་བྲིས་ནང་ཆོས་སྲིད་ཟུང་འབྲེལ་གྱི་བརྗོད་ཚིག་མེད་ཀྱང་སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲོས་ཚོགས་ཀྱིས་བགྲོ་གླེང་མཐིལ་ཕྱིན་གནང་རྗེས་ཚིག་འདི་ཚུད་པ་མ་ཟད། ད་བར་བསྐྱར་བཅོས་ཕྱིན་མེད་ལ་འབྱུང་འགྱུར་ཡང་དུས་ཚོད་གང་མཚམས་བར་འདི་ལ་འགྱུར་བ་འགྲོ་གཞི་མ་མཐོང༌། ཇི་སྲིད་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་སྲིད་ཟུང་འབྲེལ་དུ་གནས་པ་དེ་སྲིད་བཅའ་ཁྲིམས་ཀྱིས་མཚོན་པའི་ཁྲིམས་དང་སྒྲིག་གཞི་ཐམས་ཅད་ཀྱི་ནང་ཆོས་ཚིག་དང༌། ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་བཀོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད། ལྷག་པར་དོན་ཚན་དང་པོའི་ཟིན་བྲིས་སུ་བཀོད་པ་དེ་དག་ནི་དངོས་དོན་བརྗོད་པའི་ཚིག་ཙམ་ལས་ཆོས་ཀྱི་བསླབ་བྱ་མིན་པས་ང་ཚོས་སྐྱོན་གནས་གང་ཡང་མཐོང་གི་མེད་པ་མ་ཟད། གནད་ཡོད་མང་པོས་དོན་ཚན་འདིའི་ནང་༼ཆོས་ཀྱི་རྒྱལ་པོའམ་ཆོས་ཀྱི་རྗེ་༽ཞེས་འཁོད་དགོས་པའི་དགོངས་འཆར་ཤུགས་ཆེ་གནང་ཡོད། གལ་སྲིད་བོད་མིའི་ཁྲིམས་ཡིག་ཁག་གི་ནང་ཆོས་ཚིག་ཡོང་མ་འོས་པ་ཡིན་ན་དང་ཐོག་བཅའ་ཁྲིམས་རིན་པོ་ཆེའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་བརྗོད་མེད་པ་བཟོ་དགོས་ཤིང༌། དེ་མཚུངས་རྒྱལ་དར་དང༌། རྒྱལ་གླུ། རྒྱལ་རྟགས་སོགས་ཐམས་ཅད་ལ་གཞི་རིམ་གྱི་འགྱུར་བ་འགྲོ་དགོས་པ་གདོན་མི་ཟ་ཡང༌། ད་ལྟ་བོད་ཕྱི་ནང་གི་བོད་མི་ཤེས་ལྡན་བརྒྱ་ཆ་དགུ་བཅུ་བརྒལ་བ་ཞིག་དེ་འདྲའི་ལམ་དུ་འགྲོ་རྒྱུའི་མངོན་འདོད་གཏན་ནས་མེད་པ་ངས་ཚིག་ཐག་ཆོད་པོས་བརྗོད་པའི་སྤོབས་པ་ཡོད། ད་ལྟའི་འཇིག་རྟེན་འདིའི་ནང་ཆེས་ཡར་ཐོན་དང་ཆེས་དེང་རབས་ཅན་དུ་འདོད་པའི་རྒྱལ་ཁབ་མང་པོའི་རྩ་ཁྲིམས་དང༌། རྒྱལ་གླུ། ཐ་ན་དངུལ་ལོར་ཡན་གྱི་ནང་ཆོས་ལུགས་དང་དད་པའི་བརྗོད་ཚིག་གསལ་པོ་ཡོད་པ་དེ་ཚོ་མ་འོས་པ་དང་མ་འཚམས་པ་ཡིན་པའི་གནས་ཚུལ་ཤོད་མཁན་ཆོས་མེད་རིང་ལུགས་པའི་ནང་དུའང་མཐོང་རྒྱུ་མེད། གང་ལྟར་སྔོན་གླེང་དང་དོན་ཚན་དང་པོའི་ཟིན་བྲིས་སུ་འཁོད་པ་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་སྔ་རྗེས་དང་སྨོན་ལམ་ཆེན་མོའི་བཀའ་སློབ་བཅས་ཀྱི་དགོངས་དོན་དང་མི་འགལ་བ་མ་ཟད། སྲིད་དོན་ཚན་རིག་གི་རིག་གཞུང་དང་ཡང་མ་འགལ་བ་བྱུང་འདུག་ཅེས་ཞུ་རྒྱུ་ཡིན།

མཐའ་དོན་ད་རེས་ཚོགས་ཆེན་འདིའི་ཐོག་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ཀྱི་སྙིང་དོན་དང་ཚིག་བརྗོད་གཉིས་ཀར་དགོངས་བཞེས་གཏིང་ཟབ་དང་འབྲེལ་དོན་ཚན་དང་པོ་གསར་འཇུག་ཆོག་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མང་ཚོགས་ཡོངས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་ཆེན་འདི་ཐོག་ནས་ཞལ་ཞེ་གཉིས་མེད་དང༌། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ལས་རིམ་དོན་སྙིང་ལྡན་པ་ཞིག་གནང་ཐུབ་པའི་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

ཕྱི་ལོ་༢༠༡༡ ཟླ་༥ ཚེས་༢༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་གནང་བའི་བཀའ་ཤག་གི་གཏམ་བཤད།