བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་རྗེས་དྲན་དུས་སྟོན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། བོད་རབ་བྱུང་ ༡༧ པའི་ཆུ་རྟ། བོད་གཞུང་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་དབུ་བརྙེས་ནས་མི་ལོ་ ༣༦༠ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་དུས་སྟོན་འདིའི་ཐོག་མར་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང༌། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་ལམ་གལ་ཆེའི་དུས་དྲན་འདི་ནི་ཆོལ་གསུམ་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་དབུ་བརྙེས་ནས་དེའི་བརྒྱུད་རིམ་བར་མ་ཆད་པ་མི་ལོ་ ༣༦༠ འམ་རབ་བྱུང་དྲུག་ཆ་ཚང་འཁོར་བའི་ཁྱད་པར་ཅན་གྱི་དུས་ཚིགས་ཤིག་ཡིན་སྟབས། གཞིས་བྱེས་བོད་མི་ཡོངས་ཀྱིས་གཟི་བརྗིད་ཅན་གྱི་བྱུང་རབས་ལ་དགའ་སྤྲོ་དང༌། སྤོབས་པ་ཆེན་པོས་རྗེས་དྲན་བྱ་བའི་གོ་སྐབས་དམིགས་བསལ་བ་ཞིག་ཡིན་པ་མ་ཟད། འདས་པའི་བྱུང་རིམ་ལས་ཉམས་མྱོང་བླངས་ཏེ་འབྱུང་འགྱུར་བོད་མིའི་ཆབ་སྲིད། སྤྱི་ཚོགས་ཀྱི་མདུན་ལམ་ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུའི་སླད་དུ་བསམ་ཞིབ་དང༌། མདུན་གྲོས། ཆོད་སེམས་ཀྱི་དམ་བཅའ་གསར་པ་ཞིག་འཇོག་རྒྱུའི་གོ་སྐབས་ཞིག་ཡིན་པ་སྨོས་མ་དགོས། འདས་པའི་མི་ལོ་ ༣༦༠ རིང་བོད་ཀྱི་ས་མཚམས་དང༌། ཆབ་སྲིད་ཀྱི་གནས་བབས། རྒྱལ་སྤྱི་དང༌། ཁྱད་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཆབ་སྲིད། ཆོས་རིག དཔལ་འབྱོར་སོགས་ཀྱི་འབྲེལ་ལམ། རྒྱལ་ནང་གི་སྤྱི་ཚོགས་ཀྱི་གནས་བབ་སོགས་སྒོ་གང་ས་ནས་དར་རྒུད་དང་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་བ་དེ་ལྟར་ཡང༌། གཞི་རྩའི་གཞུང་གི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཉམས་ཐོར་མེད་པར་རྒྱུན་གནས་ཐུབ་པ་འདི་ནི། གཅིག་ཏུ་བོད་ལྗོངས་སྐྱེ་འགྲོ་ཡོངས་དང༌། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་ཤ་ཚུགས་སུ་བྱོན་པའི་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་དབར་དད་པ་དང་དམ་ཚིག་གི་མདུད་རྒྱ་མི་ལྷོད་པའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་དབང་གིས་བྱུང་བ་གོར་མ་ཆག་ཀྱང༌། འཕྲལ་རྐྱེན་གཙོ་བོ་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་ལྔ་པ་ཆེན་པོ་མཆོག་དང༌། མགོན་པོ་གང་གི་འཕྲིན་ལས་ཀྱི་བྱེད་པོ་སྡེ་སྲིད་རྣམ་པ་བཅས་ཀྱིས་གཞུང་གི་སྒྲིག་འཛུགས་དང༌། སྲིད་བྱུས། ཁྲིམས་ཀྱི་རྣམ་གཞག་བཅས་སྐབས་དེའི་རྒྱལ་ཁབ་ཕལ་མོ་ཆེའི་སྲིད་ཀྱི་ལམ་ལུགས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆབ་འབངས་ཡོངས་ལ་ཉེ་རིང་དང་བྲལ་བ་ཕ་མ་ལྟ་བུའི་བྱམས་བརྩེའི་སྒོ་ནས་ཇི་ལྟར་མདོ་ལས་ “ཆོས་དང་མཐུན་པར་ཆོས་ཀྱི་རྒྱལ་སྲིད་བྱོས་ཤིག” ཅེས་གསུངས་པའི་ཚུལ་དང་མཐུན་པར་ལྷ་ཆོས་དང་མི་ཆོས་ཀྱི་ཁྲིམས་ལུགས་བཟང་པོས་དབང་བསྒྱུར་བའི་ལམ་སྲོལ་ཚད་ལྡན་ཞིག་འཛུགས་པར་མཛད་པ་དེའི་དབང་གིས་ཡིན་པ་དང༌། དེ་ལའང་ཆབ་སྲིད་ཀྱི་སྣེ་མོར་གཏོགས་པའི་སྲི་ཞུ་འཕྲིན་ལས་ཀྱི་བྱེད་པོ་རྣམ་པའི་རང་རང་གི་བགོ་སྐལ་གྱི་སྲི་ཞུ་ཚུལ་བཞིན་དུ་བསྒྲུབས་པ་དང༌། ཆབ་འབངས་མང་ཚོགས་ཀྱིས་ཀྱང་བག་ཡོད་ཚུལ་མཐུན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་བསྒྲུབ་བྱ་ཚུལ་བཞིན་དུ་བསྒྲུབས་པ་བཅས་ལས་བྱུང་བ་ཡིན་སྟབས། ད་རེས་རྗེས་དྲན་གྱི་གོ་སྐབས་འདིར་འདས་པའི་ལོ་ངོ་ ༣༦༠ རིང་བོད་ཀྱི་བསྟན་སྲིད་དང་ཆབ་འབངས་བདེ་ཐབས་ཀྱི་དོན་དུ་ངལ་བ་ཁུར་དུ་བླངས་པའི་སྐྱེ་བོ་བྱུང་རབས་ལོ་རྒྱུས་ཀྱི་ནང་མཚན་ཐོན་པ་དང་མ་ཐོན་པ་མཆིས་སོ་ཅོག་ཚང་མ་ལ་རྗེས་དྲན་གུས་བཏུད་དང་བཀའ་དྲིན་བསམ་ཤེས་ཞུ་རྒྱུ་ཡིན།

བོད་སིལ་བུར་ཐོར་བའི་རྗེས་བོད་ཀྱི་བསྟན་སྲིད་གཉིས་ཀའི་གནས་བབས་ཉམས་དམས་སུ་གྱུར་པ་སླར་གསོས་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རྒྱལ་ཁབ་གསར་བསྐྲུན་མཛད་པའི་སྐབས་དང༌། སླར་ཡང་ཆབ་སྲིད་ཀྱི་འཛིན་སྐྱོང་རིམ་བཞིན་ཉམས་དམས་སུ་གྱུར་པ་ན་བོད་ཆིག་སྒྲིལ་གྱི་གཞུང་དགའ་ལྡན་ཕོ་བྲང་གསར་དུ་འཛུགས་པའི་སྐབས་བཅས་སྔ་རྗེས་གཉིས་ཀར་ཆེན་པོ་ཧོར་གྱི་མི་རིགས་ཀྱིས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཚུལ་ལྡན་བྱས་པ་མ་ཟད། རིམ་བཞིན་མན་ཇུས་རྒྱ་ནག་གི་སྲིད་དབང་སྐྱོང་བའི་སྐབས་སུའང་ྋགོང་ས་སྐུ་ཕྲེང་ན་རིམ་དང་མཆོད་ཡོན་དུ་འབྲེལ་ཏེ་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སོག་པོ་དང༌། མན་ཇུ། རྒྱ་རིགས་བཅས་ཚང་མས་ཚུལ་མཐུན་གྱི་མཐུན་འགྱུར་རྒྱུན་རིང་བྱུང་འདུག་སྟབས། ད་རེས་ཀྱི་གོ་སྐབས་ཁྱད་པར་བ་འདིའི་ཐོག་ནས་བོད་གཞུང་བཀའ་ཤག་གིས་སོག་པོ། མན་ཇུ། ཡུ་གུར། རྒྱ་ནག་བཅས་ཀྱི་ཁྱིམ་མཚེས་མི་རིགས་ཚང་མར་སྔོན་བྱུང་རྗེས་དྲན་གྱི་སྒོ་ནས་འཚམས་འདྲི་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་གོང་གསལ་མི་རིགས་རྣམས་དང༌། བོད་མི་རིགས་ཀྱི་དབར་ཕན་ཚུན་མཐུན་འབྲེལ་བཟང་པོས་གཅིག་ཕན་གཅིག་གྲོགས་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

སྤྱིར་ཡུལ་མི་རྣམས་ཀྱི་བདེ་སྐྱིད་སྲིད་སྐྱོང་གི་རྒྱལ་པོའམ་གཞུང་གི་འཛིན་སྐྱོང་ལ་རག་ལུས་པ་འཇིག་རྟེན་སྤྱི་སྐད་ཡིན་པ་མ་ཟད། ལྷག་པར་ཆོས་ལྡན་གྱི་ཞིང་ཡུལ་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དང་ཆབ་འབངས་ཀྱི་བདེ་སྐྱིད་གཉིས་ཀ་སྲིད་སྐྱོང་བའི་རྒྱལ་པོའམ་གཞུང་ལ་རག་ལུས་པའི་དབང་གིས་འཕགས་མཆོག་འཇིག་རྟེན་མགོན་པོས་བསིལ་ལྡན་སཱ་ལའི་སྨན་ལྗོངས་རང་གི་གདུལ་ཞིང་དུ་ཕྱག་མཚན་དུ་བཞེས་པ་ནས་བཟུང་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོའི་རྣམ་པར་ན་རིམ་དུ་བྱོན་པ་བོད་ཀྱི་རྒྱལ་རབས་དང་བྱུང་བའི་ནང་གསལ་བ་དེ་ལྟར་དང༌། ལྷག་པར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བླ་དཔོན་ཟུང་འབྲེལ་གྱི་ལམ་སྲོལ་ལ་བརྟེན་ནས་བོད་འབངས་རྣམས་ལ་ཆོས་སྲིད་གཉིས་ཀའི་བཀའ་དྲིན་གྱིས་བསྐྱངས་ཏེ་འདི་ཕྱི་དོན་ལྡན་དུ་མཛད་པ་ནས་བཟུང་སྡོམ་བཙུན་ངུར་སྨྲིག་འཛིན་པའི་རྒྱལ་པོའི་ཚུལ་དུ་བོད་འབངས་རྣམས་སྐྱོང་བ་ཉིད་བོད་ཀྱི་བདེ་ཐབས་འབའ་ཞིག་ཡིན་པར་དགོངས་ཏེ་བླ་དཔོན་ཟུང་འབྲེལ་གྱི་རྒྱལ་རབས་མི་ཉུང་བ་ཞིག་གིས་བོད་འབངས་སྐྱོང་བར་མཛད་པ་དང༌། ཁྱད་པར་རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བར་ཇི་སྲིད་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཐད་ཀར་བོད་ཀྱི་ཆབ་སྲིད་སྐྱོང་གནང་མཛད་པ་དེ་སྲིད་དུ་བོད་འབངས་བདེ་བར་འཚོ་བ་དང༌། ཇི་སྲིད་དུ་སྡེ་སྲིད་དམ་རྒྱལ་ཚབ་བརྒྱུད་ནས་ཆབ་སྲིད་སྐྱོང་བ་དེ་དང་དེའི་རིང་བོད་ཀྱི་བསྟན་སྲིད་ལ་ཉམས་ཉེས་བྱུང་བ་ཡང་ཡང་ར་འཕྲོད་བྱུང་བ་དེ་ལྟར་ན། འདས་པའི་བྱུང་རབས་ཀྱི་ཉམས་མྱོང་ལ་གཞི་བཅོལ་ཏེ་གུས་འབངས་བཀའ་ཤག་ཐུན་མོང་གིས་བོད་མི་གཞིས་བྱེས་ཡོངས་ཀྱི་ཚབ་ཞུས་ཏེ་སླར་ཡང་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ཞུ་དོན་ཉག་གཅིག་ནི། ཆབ་སྲིད་ལམ་སྲོལ་དང༌། ཁྲིམས་ལུགས་ཀྱི་གནས་སྟངས་ཐོག་དུས་དང་མཐུན་པའི་ལེགས་བཅོས་དང༌། ཡར་རྒྱས། འགྱུར་བ་སོགས་ཇི་འདྲ་ཞིག་མཛད་དགོས་བྱུང་ཡང༌། དོན་སྙིང་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ཉིད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་གཞི་རྩའི་ཐུགས་འགན་ནམ་ཡང་འདོར་བ་མེད་པ་སྐྱོང་བཞེས་ཡོང་བ་ཞེས་གསོལ་རྒྱུ་དེ་ད་རེས་རྗེས་དྲན་གྱི་དུས་སྟོན་འདིའི་ལས་དོན་འགངས་ཆེ་བ་གཅིག་ཡིན་ཞེས་ཞུ་རྒྱུ་དང༌། དེའི་རྒྱུ་མཚན་ནི་མདོ་རྒྱུད་དུ་མ་དང༌། བཀའ་གདམས་གླེགས་བམ་སོགས་ནས་ཇི་ལྟར་ལུང་དུ་བསྟན་པ་ལྟར་གངས་ལྗོངས་ཆོས་ཀྱི་ཞིང་ས་འདི་ནི་མགོན་པོ་གང་གིས་ཕྱག་མཚན་དུ་བཞེས་པའི་གདུལ་ཞིང་ཡིན་སྟབས་ཇི་སྲིད་སྲིད་པ་མ་སྟོང་གི་བར་དུ་གངས་ཅན་སྐྱེ་འགྲོའི་འདྲེན་པ་མཛད་རྒྱུ་ནི་མགོན་པོ་གང་གི་ཐུགས་བསྐྱེད་སྨོན་ལམ་དང༌། བོད་ཀྱི་སྐྱེ་འགྲོའི་ལས་དང་བསོད་ནམས་ཀྱི་རང་བཞིན་ལས་གྲུབ་པ་ཡིན་གཤིས། ཐུགས་རྗེ་དང་དད་འདུན་གྱི་དམ་ཚིག་ནམ་ཡང་ཉམས་པ་མེད་པའི་རྟེན་འབྲེལ་བཟང་པོ་ཞིག་ད་རེས་ཀྱི་དུས་སྟོན་འདིའི་ཐོག་ནས་བསྒྲིག་རྒྱུ་ཡིན་ལགས།

སྔོན་སེ་ཆེན་རྒྱལ་པོའི་སྐབས་དང༌། ཕྱིས་གུ་ཤྲི་ཁང་གི་སྐུ་དུས་བཅས་སུ་བོད་ལྗོངས་ཆབ་སྲིད་ཀྱི་མངའ་དབང་མི་རིགས་གཞན་གྱི་སྟོབས་ཤུགས་ཀྱིས་དབང་བསྒྱུར་འོག་ཚུད་པའི་སྐབས་སུའང་སླར་ཡང་བོད་ཀྱི་ཆབ་སྲིད་བོད་མིས་སྐྱོང་བའི་རང་དབང་གི་གནས་བབས་སླར་གསོ་བྱུང་བ་ཙམ་དུ་མ་ཟད། དཔུང་སྟོབས་ཀྱིས་བོད་ལྗོངས་དབང་དུ་སྡུད་མཁན་དང་མཉམ་དུ་མཆོད་ཡོན་གྱི་འབྲེལ་བ་བཟང་པོ་ཞིག་བཞག་སྟེ་བོད་ལྗོངས་བདེ་སྐྱིད་ཀྱིས་འཚོ་ཐུབ་པ་མ་ཟད། ཁྱིམ་མཚེས་སྟོབས་ཆེན་གྱི་ཡུལ་གྲུ་རྒྱ། ཧོར། མན་ཇུ། ཡུ་གུར་ལ་སོགས་པའི་མི་རིགས་རྣམས་ལའང་འཕྲལ་ཡུན་ཀུན་ཏུ་སྨན་པའི་ལམ་སྟོན་མཛད་ཐུབ་པ་འདི་དག་ནི་སྟོན་པ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་བྱིན་མཐུ་ཁོ་ན་ལས་བྱུང་བ་མངོན་གསལ་དང༌། ལྷག་པར་འདས་པའི་མི་ལོ་བཅུ་ཕྲག་བཞི་ལྷག་གི་རིང་བོད་ཀྱི་བསྟན་སྲིད་ལ་འགལ་རྐྱེན་ཚབས་ཆེ་བྱུང་སྟེ་གཞུང་མང་བཙན་བྱོལ་དུ་གནས་དགོས་ཀྱི་སྐབས་སུའང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཕྲིན་ལས་ཀྱི་འཇུག་པ་དེ་བདེ་བླག་ཏུ་ཁྱབ་པ་དང༌། བོད་ཀྱི་བདེན་པའི་གནས་ལུགས་ཞིབ་རྟོགས་ཀྱིས་འཇིག་རྟེན་མི་རིགས་ཚང་མས་བོད་དོན་ཐོག་བརྩེ་སེམས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་དེའང་བོད་དུ་དར་ཁྱབ་ཏུ་གནས་པའི་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་དང་དེ་ལས་བྱུང་བའི་འཚེ་མེད་ཞི་བའི་ལྟ་སྤྱོད་ཀྱི་ནུས་མཐུ་ཁོ་ན་ལས་བྱུང་བ་ཡིན་པ་ཀུན་གྱི་མཐུན་སྣང་དུ་གྲུབ་དེ་ཡིན་སྟབས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་སྟོབས་ཤུགས་ནི་སངས་རྒྱས་ཀྱི་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་ལ་གནས་པ་མ་ཟད། མ་འོངས་བོད་ཀྱི་བསྟན་སྲིད་ལར་རྒྱ་དང༌། ཡུལ་མི་བདེ་སྐྱིད་གཉིས་ཀ་ཆོས་དང་ཆོས་མཐུན་གྱི་ལེགས་བྱང་བཅས་ལ་རག་ལུས་པ་ཡིན་སྟབས། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པའི་འཚེ་མེད་ཞི་བའི་ལམ་འབའ་ཞིག་གི་སྒོ་ནས་བསྒྲུབ་དགོས་པ་དང༌། བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་ཀྱི་ཐུན་མིན་རིག་གཞུང་དང་ལེགས་བྱང༌། དེ་དག་གི་གཞི་རྩ་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་བཅས་བྱེས་འབྱོར་བོད་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལས་འགན་ཞིག་ཡིན་པའང་དེ་རིང་དྲན་གསཱུའི་གསལ་འདེབས་ཞུ་རྒྱུ་ཡིན།

དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་མངའ་དབང་ནི་དེང་རབས་ཀྱི་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་ལྟ་བུ་རང་རྒྱལ་གཞན་ཕམ་ལ་དམིགས་པའི་སྲིད་དོན་གྱི་གཡོ་འཕྲུལ་ལས་བྱུང་བ་མ་ཡིན་པར། སྔོན་ཆོས་རྒྱལ་འཕགས་པའི་སྐབས་བོད་ཀྱི་རང་དབང་སླར་གསོ་བྱུང་བ་དང་སྒོ་ཀུན་ནས་མཚུངས་པར་གུ་ཤྲི་ཁང་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མི་ཕྱེད་པའི་དད་པས་ཕུལ་བ་ལ་བོད་ལྗོངས་སྐྱེ་འགྲོའི་བདེ་ཐབས་དང་རིས་སུ་མ་ཆད་པའི་ཆོས་བརྒྱུད་དང་ཆོས་ལུགས་རྣམས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་གྱི་ཆེད་དུ་ྋགོང་ས་ལྔ་པ་ཆེན་པོས་བརྩེ་བས་བདག་གིར་བཞེས་པ་ཞིག་ཡིན། དེའང་ྋགོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་“བོད་འདིར་མགྲ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང༌། ས་ཀར་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་ཐེབས་པར་ཕན་ནམ་སྙམ་པ་བྱུང༌། ” ཞེས་གསུངས་པ་ལྟར་ལགས་ཤིང༌། སྐབས་དེར་ནང་པའི་གྲུབ་མཐའ་ཙམ་དུ་མ་ཟད། ཁ་ཆེ་ལ་སོགས་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་གཞན་རྣམས་ཀྱང་རང་རང་གི་ཆོས་རྒྱུན་ཉམས་པ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱ་བའི་གོ་སྐབས་འདྲ་མཉམ་ངེས་པ་དོན་གྱི་ཆོས་ལུགས་རིས་མེད་ཀྱི་སྲིད་བྱུས་ཤིག་ཕྱག་བཞེས་སུ་བསྟར་གནང་འདུག་པ་དེ་དག་ནི་ད་ལྟའི་གནས་སྐབས་སུའང་མིག་དཔེར་བྱ་འོས་ཤིག་ཡིན།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་“ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་རྣམས་ཀྱིས་བོད་གཞུང་ཡོད་པར་ངོས་འཛིན་བྱེད་” ཅེས་བཀའ་བསྩལ་བ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་གྱི་བོད་གཞུང་འདི་ནི་ྋགོང་ས་ལྔ་པ་ཆེན་པོས་གསར་འཛུགས་མཛད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བརྒྱུད་རིམ་བར་མ་ཆད་དུ་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་གཞུང་དེ་རང་ཡིན་པ་དང༌། འབྱུང་འགྱུར་བོད་རྒྱ་ཞི་མོལ་གྱི་ལམ་ནས་ཆོལ་གསུམ་ཆིག་བསྒྲིལ་གྱི་བོད་ལ་རང་སྲིད་རང་སྐྱོང་བོད་རྒྱ་མཉམ་གནས་ཐུབ་པའི་གནས་བབས་ཤིག་བྱུང་བའི་སྐབས་སུའང་བོད་གཞུང་འདི་ཉིད་ཡང་དག་པའི་མང་གཙོའི་གནས་བབས་ཡོངས་སུ་རྫོགས་པའི་གཞུང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་ཐུབ་པའི་བོད་གཞུང་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད། ྋགོང་ས་ཆེན་པོས་སྐུ་གཞོན་ནུའི་དུས་ནས་ཇི་ལྟར་ཐུགས་ལ་བརྣགས་པའི་བཞེད་དགོངས་ལྟར་རང་ཅག་བཙན་བྱོལ་དུ་གནས་རིང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་ཐུབ་པ་ནི་དགའ་སྤོབས་བྱ་འོས་པའི་གནས་ཤིག་ཡིན་པ་མ་ཟད། འབྱུང་འགྱུར་བོད་མི་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་གཞིས་བཞུགས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་མཐུན་པའི་མང་གཙོའི་སྲིད་གཞུང་བཟང་པོ་ཞིག་བསྐྲུན་པའི་ས་བོན་ལྟ་བུར་མང་གཙོའི་ལམ་སྲོལ་གྱི་ཉམས་མྱོང་ཚད་ལྡན་ཞིག་ལེགས་སྐྱེས་སུ་འབུལ་ཐུབ་པའི་ཡིད་ཆེས་ཡོད་པ་འདི་ནི། རྒྱ་དམར་གྱི་བསྒྲགས་གཏམ་ལྟར་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱབ་པ་ཞིག་མ་ཡིན་པར་སྔར་སྲོལ་བཟང་པོའི་བརྒྱུད་རིམ་དེང་རབས་ཀྱི་ལེགས་ཆའི་ཉེར་ལེན་དུ་འགྱུར་བ་ཞིག་བྱ་རྒྱུ་ཡིན་པས་གཞིས་བྱེས་བོད་མི་ཡོངས་ཀྱིས་ད་རེས་ཀྱི་རྗེས་དྲན་དུས་སྟོན་འདིའི་ཐོག་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་གྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སླར་ཡང་ཇི་སྲིད་སྲིད་པ་མ་སྟོང་གི་བར་དུ་འཕགས་མཆོག་ཕྱག་ན་པདྨོས་བོད་ལྗོངས་སྐྱེ་འགྲོ་རྣམས་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བའི་གསོལ་འདེབས་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་བསིལ་ལྡན་གངས་ལྗོངས་འདི་འཚེ་བ་མེད་པའི་བསྟི་གནས། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ། འཇིག་རྟེན་ཞི་བདེའི་མིག་དཔེར་འོས་པའི་བོད་གསར་པ་ཞིག་ཏུ་འཛུགས་སྐྲུན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་རྗེས་དྲན་དུས་སྟོན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།