བོད་ཀྱི་རྒྱལ་དར་དང༌། རྒྱལ་རྟགས། རྒྱལ་གླུ་བཅས་ཀྱི་ཐོག་གཞུང་འབྲེལ་གྱི་གཏན་འབེབས་ཡིག་ཆ་དགོས་གལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་འབེབས་སྐབས་རྒྱལ་རྟགས་དང༌། རྒྱལ་དར། རྒྱལ་གླུ། རྒྱལ་ས་བཅས་བཅའ་ཁྲིམས་ཀྱི་ཆ་ཤས་སུ་གཏན་འབེབས་གནང་ཡོད་མ་རེད། རྒྱལ་ཁབ་མང་པོའི་རྩ་ཁྲིམས་སུ་རྒྱལ་ས་དང༌། རྒྱལ་དར། རྒྱལ་རྟགས། རྒྱལ་གླུ་བཞི་གཏན་ལ་ཕབ་པའི་ལུགས་སྲོལ་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོ་བཙན་བྱོལ་གྱི་གནས་སྐབས་ཡིན་སྟབས་དེའི་སྐོར་གཏན་འབེབས་གནང་ཡོད་མ་རེད། ད་ལྟའི་རྒྱལ་རྟགས་དང༌། རྒྱལ་དར། རྒྱལ་གླུ་རྣམས་དེ་སྔོན་བོད་རང་དབང་ཡོད་པའི་སྐབས་སུ་གནས་སྟངས་ཇི་ལྟར་ཡིན་པའི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་ཤེས་ཀྱི་མེད། འོན་ཀྱང་ལྔ་བཅུ་ང་དགུའི་ལོ་དེར་ྋསྐྱབས་མགོན་རིན་པོ་ཆེ་བཙན་བྱོལ་དུ་ཆིབས་བསྒྱུར་གནང་བ་ནས་བཟུང་རྒྱལ་དར་གཏན་འབེབས་གནང་བ་རེད། རྒྱལ་གླུ་༼སྲིད་ཞི་ཕན་བདེ་༽ཞེས་གཏོང་བཞིན་པ་འདི་རོལ་དབྱངས་དང་གདངས་སྔ་མོ་ནས་ཡོད་པ་ཞིག་ཡིན་ཡང༌། ཚིག་དེ་ ༡༩༥༩ ལོར་བཙན་བྱོལ་ལ་འབྱོར་རྗེས་གསར་རྩོམ་གནང་བ་ཞིག་རེད། དེ་ནས་བཟུང་ང་ཚོས་རྒྱལ་གླུའི་ངོ་བོར་གཏོང་གནང་གི་ཡོད་པ་རེད། རྒྱལ་རྟགས་སེང་གེ་གཉིས་ཀྱིས་འཁོར་ལོ་འདེགས་བསྡད་པ་དེ་ ༡༩༥༩ ལོར་བཙན་བྱོལ་གཞུང་གིས་ལས་ཤོག་ཐོག་མར་བཟོ་སྐབས་བྱུང་བ་ཞིག་རེད། དེ་དག་ཐམས་ཅད་འཛིན་སྐྱོང་གིས་ཐག་གཅོད་བྱས་ཏེ་འགྲོ་བ་ཞིག་ལས་ཁྲིམས་ལུགས་གཞིར་བཟུང་གིས་གཏན་འབེབས་བྱས་མེད། འཛིན་སྐྱོང་གི་ཐག་གཅོད་ནང་ལས་རྟགས་ཀྱི་རི་མོ་བྲིས་སྟངས་དང་ཚོན་གཞིའི་འགྲོ་སྟངས་བཀོད་པའི་ཡིག་ཆ་ཞིག་ད་ལྟ་བར་དུ་ཡོད་མ་རེད། དེ་བཞིན་རྒྱལ་དར་རི་མོ་དང་ཚོན་གཞི་ཆེ་ཆུང་གི་ཚད་གཞི་སོགས་ཀྱི་གཏན་འབེབས་ཡིག་ཆ་ད་ལྟ་ཡོད་མ་རེད། བར་ལམ་ཞིག་ནས་རྒྱལ་དར་གྱི་བཤད་པའམ་རྒྱལ་དར་གྱི་མཚན་དོན་འགྲེལ་བཤད་ཅིག་དེབ་ཐོག་ནས་ཐོན་འདུག་ཀྱང༌། དེ་གཞུང་གིས་གཏན་འབེབས་གནང་བ་ཞིག་ཡིན་ནམ། ཡང་མཁས་པ་ཚོས་ཆེད་རྩོམ་གནང་བ་ཞིག་ཡིན། ངས་ཞུ་རྒྱུ་མེད། ཞིབ་ཚགས་པོ་གཟིགས་ན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ལས་ཤོག་གི་སྟེང་དུ་ཡོད་པའི་རྒྱལ་རྟགས་དེ་བྲིས་སྟངས་མི་འདྲ་བ་སྣ་ཚོགས་ཡོད་རེད། གཅིག་གྱུར་མི་འདུག་ཅེས་གྲོས་ཚོགས་ནང་སྔོན་མ་ནས་བཀའ་བསྡུར་བྱུང་བ་རེད། འོན་ཀྱང་དེའི་ཐོག་འཛིན་སྐྱོང་གིས་ཐུགས་སྣང་གནང་སྟེ་རི་མོ་གཏན་འབེབས་ཀྱིས་གཅིག་གྱུར་དགོས་པའི་བཀོད་ཁྱབ་ཅིག་ད་ལྟ་བར་དུ་གནང་ཡོད་མ་རེད། ད་རིང་དྲི་བ་འཕྲོ་དོན་ནས་གྲོས་ཚོགས་ཀྱི་དགོངས་ཚུལ་ཞིག་ཞུས་ན། བཅའ་ཁྲིམས་ནང་ཡོད་མེད་ལ་མ་ལྟོས་པར་རྒྱལ་དར་དང༌། རྒྱལ་རྟགས། རྒྱལ་གླུ་རྣམས་ཀྱི་ཐོག་གཞུང་འབྲེལ་གྱི་གཏན་འབེབས་ཡིག་ཆ་གཅིག་ཡོད་དགོས་པ་ཞིག་དང༌། བྲིས་སྟངས་གཅིག་གྱུར་དང༌། བེད་སྤྱོད་གཏོང་སྟངས་ཀྱི་ས་མཚམས་བཅས་ངེས་པར་དུ་ཡོད་དགོས་པ་ཞིག་རེད། རྒྱལ་ཁབ་གཞན་པ་ཡིན་ན་རྒྱལ་དར་གྱི་དོན་དུ་ཁྲིམས་ཡིག་ཡོད་རེད། དཔེར་ན། རྒྱ་གར་གྱི་རྒྱལ་དར་ལ་མཚོན་ནའང་རྒྱལ་དར་གྱི་ཆེད་དུ་ཆེད་མངགས་བཟོས་པའི་ཁྲིམས་གཞི་ཡོད་རེད། དེར་བརྟེན་སུ་དང་སུས་ཚེས་གྲངས་གང་དང་གང་ལ་བེད་སྤྱོད་ཆོག་པ་དང༌། ནམ་རྒྱུན་སུས་བེད་སྤྱོད་གཏོང་ཆོག་དང་མི་ཆོག་བཅས་ཁྲིམས་གཞི་ཁ་གསལ་ཡོད་པ་རེད། སྔ་མོ་ང་ཚོའི་དཔྱ་ཁྲལ་འབུལ་དེབ་ནང་བརྒྱབ་རྒྱུའི་སྦྱར་དམ་བཟོ་སྐབས་བོད་ཀྱི་རྒྱལ་དར་དེ་སྦྱར་དམ་ནང་རྒྱག་ཆོག་དང་མི་ཆོག་གི་སྐོར་རྒྱུན་ལས་ནང་བཀའ་བསྡུར་བྱུང་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦