བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད།

༄༅། ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེའི་ཞལ་སྔ་ནས། བོད་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང༌། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པར་གུས་ཕྱག་སྔོན་དུ་འགྲོ་བས། བཙན་བྱོལ་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཚོགས་ཕེབས་འཐུས་མི་རྣམ་པ། སྐུ་མགྲོན་རྣམ་པ་བཅས་ལྷན་རྒྱས་ལ་ཞུ་རྒྱུ།

ཀུན་གྱིས་དགོངས་གསལ་ལྟར་རྣམ་འདྲེན་བཞི་པ་སྟོན་མཆོག་ཉི་མའི་གཉེན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་མང་པོར་གདུལ་བྱ་སོ་སོའི་ཁམས་མོས་བསམ་པ་དང་མཐུན་པར་དར་ཁྱབ་ཆེན་པོ་བྱུང་ཡོད་ནའང༌། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་དཔལ་ནཱ་ལནྡཱ་སོགས་འཕགས་ཡུལ་གྱི་ཆོས་སྡེ་ཆེན་པོ་རྣམས་ཀྱི་བཤད་སྒྲུབ་ཀྱི་རྒྱུན་ཆ་ཚང་བ་གངས་ཅན་བོད་ཀྱི་ཡུལ་དུ་དར་བ་དང་མཚུངས་པ་ཞིག་ཡུལ་ཕྱོགས་གཞན་གང་དུའང་དར་རྒྱས་ཡུན་གནས་ཀྱི་གོ་སྐབས་བྱུང་བའི་ལོ་རྒྱུས་མི་འདུག སྤྱིར་བཏང་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱ་ཕྲག་གསུམ་ཙམ་གྱི་བར་བོད་དུ་སངས་རྒྱས་ཀྱི་བསྟན་པས་མ་ཁྱབ་ཀྱང་ནམ་ཞིག་བསྟན་པ་རིན་པོ་ཆེ་གངས་ལྗོངས་བོད་ཀྱི་ཡུལ་དུ་དབུ་བརྙེས་པའི་སྐབས་འཕགས་པའི་ཡུལ་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བཤད་སྒྲུབ་འཆད་སྤེལ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྐབས་སུ་འཁེལ་བ་དང༌། ཆོས་རྒྱལ་ལོ་པཎ་བཀྲིན་ཅན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར་ཏེ། དྲི་མ་མེད་པའི་བཤད་སྒྲུབ་ཀྱི་རྒྱུན་ཆུ་མགོ་གངས་ལ་ཐུག་པ་ལྟར་འཕགས་པའི་ཡུལ་གྱི་དབང་གྱུར་གྱི་སྐྱེ་བོ་རྣམས་ལ་གཏུགས་ཏེ་དར་རྒྱས་སུ་མཛད་པ་མ་ཟད། འཛམ་གླིང་གི་མི་རིགས་གཞན་སུས་ཀྱང་འགྲན་པར་མི་ནུས་པའི་མཁས་ཤིང་གྲུབ་པའི་སྐྱེས་བུ་སངས་རྒྱས་གཉིས་པ་ལྟ་བུ་ཆེས་མང་པོ་བྱོན་ཏེ་བསྟན་པ་རིན་པོ་ཆེར་བཤད་སྒྲུབ་འཆད་སྤེལ་དང༌། གཞུང་ལུགས་འབྲི་རྩོམ་སོགས་དེང་རབས་ཀྱི་མི་རྣམས་ཀྱི་བསམ་ཡུལ་དུ་ཤོང་དཀའ་བ་ལྟ་བུ་བྱུང་བ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་རྒྱས་ཡུན་གནས་སུ་བྱུང་བ་འདི་ནི་སྐྱེ་འགྲོ་སྤྱི་དང་བོད་མི་རིགས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཡིན་པ་སྨོས་མ་དགོས།

ད་ཆ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་དྲུག་པར་སོན་ཞིང༌། གངས་ཅན་ཆོས་ཀྱི་ཞིང་སར་དུས་འགྱུར་མི་བཟད་པའི་དབང་གིས་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་གནས་སུ་གྱར་བའི་སྐབས་འདིར་ཡང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་དང༌། ཆོས་ལུགས་ཆོས་བརྒྱུད་སོ་སོའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོའི་མཛད་འཕྲིན་ལ་བརྟེན་ནས་འདས་པའི་མི་ལོ་ལྔ་བཅུར་ཉེ་བའི་རིང་བོད་དུ་རྒུད་ཚོགས་ཀྱི་མུན་ནག་ཐིབས་ཀྱང༌། འཛམ་གླིང་གི་རྒྱལ་ཁམས་གཞན་དག་ཏུ་རྒྱལ་བའི་བསྟན་པ་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པའི་གོ་སྐབས་འདི་འདྲ་ཞིག་བྱུང་བའང་སེམས་ཅན་གྱི་ལས་དང༌། སངས་རྒྱས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐུ་ལས་བྱུང་བ་གོར་མ་ཆག སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ལྷག་པར་བོད་བརྒྱུད་ཚང་ལ་མ་ནོར་བའི་བསྟན་པ་རིན་པོ་ཆེ་འདི་ནི་སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་ཉག་གཅིག་ཡིན་སྟབས། མི་ཉམས་རྒྱུན་འཛིན་གནང་རྒྱུ་ནི་ད་ལྟའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐབས་བབ་ཀྱི་ཐུགས་འགན་ཞིག་ཡིན་པ་སྨོས་མ་དགོས། བོད་བརྒྱུད་ནང་བསྟན་དང༌། དེ་འབྲེལ་གྱི་རིག་གནས། དེས་བསྐྲུན་པའི་ལེགས་བྱང་བཅས་འགྲོ་བ་མི་རིགས་ཡོངས་ཀྱི་གཅེས་ནོར་ཞིག་ཡིན་པས་བོར་བརླག་གཏོང་ན་བཟོད་ཐབས་མེད་པ་དང༌། གལ་ཏེ་གཅེས་ནོར་འདི་བརླགས་པ་ཡིན་ན་བོད་ལ་སྲིད་དོན་གྱི་རང་བཙན་ཞིག་བྱུང་ཡང་འཇིག་རྟེན་སྤྱི་དང༌། བོད་མི་རིགས་གཉིས་ཀར་ཁེ་ཕན་གང་ཡང་མེད་པ་རྒྱལ་སྤྱིའི་ནང་དེང་རབས་ཀྱི་རྣམ་དཔྱོད་ཅན་མང་པོས་མགྲིན་དབྱངས་གཅིག་གྱུར་དུ་གླེང་གི་ཡོད།

དེང་སྐབས་བཟང་ཕྱོགས་ནས་བལྟས་ན་གོང་དུ་ཞུས་པ་ལྟར་འཛམ་གླིང་ཡུལ་གྲུ་མང་པོར་རྒྱལ་བསྟན་གསར་དུ་དར་བའི་དགེ་མཚན་རླབས་ཆེན་ཞིག་བྱུང་ཡོད་ནའང༌། ངན་ཕྱོགས་ནས་བལྟས་ན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་ཕྱི་ནང་གི་འགལ་རྐྱེན་ཧ་ཅང་མང་པོ་ཞིག་ཡོང་དང་ཡོང་བཞིན་པ་འདིའི་དབང་གིས་ཞིབ་ཏུ་བརྟག་སྐབས་བསྟན་པའི་གཟུགས་བརྙན་ཙམ་དང༌། ལྷ་ཁང་རྟེན་ཆས་ཙམ་དུ་ཟད་པ་ལྟ་བུ་འདི་དག་མཐོང་སྐབས་རྟགས་ཙམ་འཛིན་པའི་ལེའུ་སླེབས་ཟིན་པའམ། སླེབས་ལ་ཉེ་བའི་དྭོགས་གཞི་ཡོང་དགོས་ཆགས་ཀྱི་འདུག དེ་འདྲ་སོང་ཙང་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད། མི་ཉམས་རྒྱུན་འཛིན་གྱི་ཐབས་ཚུལ་ལ་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་རྩོལ་བྱེད་དགོས་པའི་དུས་སྐབས། བཀའ་གདམས་པ་གོང་མ་རྣམས་ཀྱིས་སྤྱིའི་བསྟན་པ་འོ་ཅག་ལ་མི་འཇུག འོ་ཅག་གི་བསྟན་པ་སྒོས་ནུབ་ཏུ་མ་སོང་བ་ཞིག་དགོས་ཞེས་གསུངས་པ་ལྟར་དད་ལྡན་གྱི་གང་ཟག་སོ་སོས་རང་རང་གི་རྒྱུད་ལ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ། དེ་འཛིན་བྱེད་པ་སྨྲ་བྱེད་པ། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་གསུངས་པ་ལྟར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་བྱ་རྒྱུ་མ་གཏོགས། གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་བསྟན་པ་འཛིན་ཐབས་དེ་ཙམ་མེད། འོན་ཀྱང་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ངོས་ནས་གང་ཟག་བྱེ་བྲག་པ་སོ་སོར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་གོ་སྐབས་དང་མཐུན་རྐྱེན། ཁོར་ཡུག་བཅས་བསྐྲུན་རྒྱུ་དེ་ནི། བསྟན་པ་སྟོབས་དང་དཔུང་པས་འཛིན་ཞེས་པའི་དོན་ཡང་དེ་ཡིན་འདུག་པ་དང༌། ཡུལ་ལུང་སོ་སོའི་ཆབ་སྲིད་ཀྱི་ལམ་སྲོལ་དང༌། སྤྱི་ཚོགས་ཀྱི་གནས་བབ་ལ་བརྟེན་ནས་བསྟན་པ་དར་རྒུད་ལ་ཕན་གནོད་འགྲོ་བ་ནི་དངོས་དོན་ཞིག་རེད། དེར་བརྟེན་བསྟན་རྩ་དགེ་འདུན་ཡིན་པར་གསུངས་པའང་རབ་བྱུང་གི་སྡེ་གཙོ་བོར་གྱུར་པའི་འཁོར་རྣམ་པ་བཞི་སྟེ་རབ་བྱུང་དང་ཁྱིམ་པ་ཡོངས་རྫོགས་ཀྱི་འདུས་ཚོགས་སམ་སྤྱི་ཚོགས་ཀྱི་གནས་བབ་ལ་བརྟེན་ནས་སྐྱེ་བོ་སྒེར་སོ་སོས་བསྟན་པ་ལ་འཇུག་པ་དང༌། བསྟན་པ་འཛིན་པའི་ནུས་པ་དང་གོ་སྐབས་སྐྲུན་གྱི་ཡོད་པ་མ་ཟད། ལྷག་པར་དེང་རབས་གོང་མའི་གནས་བབ་ཏུ་འཚོ་བའི་དུས་སྐབས་འདིར་ཆོས་དང་སྲིད། སྤྱི་དང་སྒེར་གྱི་བྱ་བ་ཇི་འདྲ་ཞིག་ཡིན་རུང་སྒྲིག་འཛུགས་དང་ཆིག་བསྒྲིལ་གྱི་ནུས་པ་བརྟན་པོ་ཞིག་མེད་ན་འཛིན་སྐྱོང་དང་ཡར་རྒྱས་མི་ཐུབ་པ་དངོས་མཐོང་དུ་གྱུར་ཡོད། དེ་སྔོན་བོད་དུའང་སྤྱིར་རྒྱལ་ཁབ་དང༌། ལྷག་པར་ཆོས་ལུགས་ཆོས་བརྒྱུད་སོ་སོའི་རང་རང་གི་རྣམ་འདྲེན་གྱི་བླ་ཆེན་རྣམ་པ་དང༌། དེ་འོག་དགོན་སྡེ་ཆེ་ཆུང་སོགས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཚད་ལྡན་རེ་ཡོད་པའི་དབང་གིས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དར་སྤེལ་ཐུབ་པ་བྱུང་ཡོད། ད་ལྟའི་གནས་སྐབས་སུ་བོད་ཀྱི་ནང་ཆོས་སྡེ་ཆེ་ཆུང་དང༌། བླ་སྤྲུལ་མཁན་སློབ་སོགས་ཚང་མ་ཆོས་དད་རང་དབང་མེད་པར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་གནོན་གྱི་འོག་ཡོད་པ་མ་ཟད། ཆོས་མེད་རིང་ལུགས་པས་ཆོས་ཕྱོགས་ཀྱི་བྱ་གཞག་ལ་ཐེ་བྱུས་བྱས་ཏེ་ཐ་ན་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཚུན་ཆད་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བྱེད་བཞིན་པ་འདིས་བོད་ཀྱི་ནང་གཞིས་སྡོད་བོད་མི་རྣམས་ཀྱི་སྙིང་སྟོབས་དང༌། ཆོད་སེམས། བློས་བཏང༌། དཀའ་སྤྱད་ཇི་འདྲ་ཞིག་བྱས་རུང་དོན་ཕན་ལྡན་པའི་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་འཛིན་སྐྱོང་དང༌། བསྟན་པ་འཛིན་སྐྱོང་ཐུབ་ཐབས་ཧ་ཅང་དཀའ་བ་རེད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང༌། འཇིག་རྟེན་སྤྱི་མཐུན་གྱི་བསོད་ནམས་ལྟ་བུས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་ཚང་མ་བཙན་བྱོལ་དུ་ཕེབས་ཐུབ་པ་ཙམ་དུ་མ་ཟད། རང་རང་སོ་སོའི་བཤད་སྒྲུབ་ཀྱི་ཆོས་སྡེ་རྒྱ་གང་ཆེ་རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ཤར་ནུབ་ཡུལ་གྲུ་མང་པོར་འཛུགས་སྐྲུན་འཛིན་སྐྱོང་གནང་བཞིན་པ་འདི་ནི་མ་འོངས་པར་རེ་བའི་མིག་འབུར་གཏོད་ས་ཞིག་ཏུ་གྱུར་ཡོད། ཕྱོགས་གཞན་ཞིག་ནས་བསམ་ན། ད་ལྟའི་དཀའ་ཚེགས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འོག་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་ཕན་ཚུན་གྱི་འབྲེལ་བ་དང་མཐུན་ལམ་མཉམ་རུབ་བཅས་སྔར་ལས་ལྷག་པའི་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་ཕྱིན་ཡོད་པ་འདི་ནི་སྙིང་ནས་དགའ་སྤོབས་བྱ་འོས་པ་ཞིག་ཡིན། འདས་པའི་ལོ་ ༤༧ ནང་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་ཆོས་ཚོགས་ཐེངས་བརྒྱད་བསྐྱངས་པ་དེས་བོད་བརྒྱུད་ནང་བསྟན་སྤྱི་དང༌། ཆོས་ལུགས་ཆོས་བརྒྱུད་སྒེར་བཅས་ལ་ཆོས་སྲིད་གང་ཐད་ནས་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་དང༌། ལྷག་པར་ད་རེས་ཆོས་ཚོགས་ཐེངས་དགུ་པ་འདི་འབྱུང་འགྱུར་སྒྲིག་འཛུགས་ཀྱི་སྐོར་གལ་གནད་ཆེ་བའི་གྲོས་གཞི་འགའ་ཤས་དགོངས་བཞེས་བཀའ་བསྡུར་གནང་རྒྱུ་ཡིན་པས་དམིགས་བསལ་གྱི་ཆོས་ཚོགས་ཤིག་ཡིན།

ད་བར་བོད་ནང་ཆོས་ཕྱོགས་ཀྱི་བྱ་བ་ཁག་ལ་ཉམས་ཉེས་ཇི་བྱུང་གི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ། འབྱུང་འགྱུར་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་བསྟན་བདག་བླ་སྤྲུལ་རྣམ་པའི་གདན་རབས་རྒྱུད་འཛིན་དང༌། ཡང་ན་ཡང་སྲིད་ངོས་འཛིན་སོགས་ལ་བར་ཆད་དང་རྙོག་འཛིངས་མི་འབྱུང་བའི་ཐབས་ལམ་ཞིག་ངེས་པར་དུ་བཙལ་དགོས་པ་དང༌། དེ་དང་དེ་མཚུངས་ཀྱི་དོན་གནད་མང་པོའི་ཆེད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཡོངས་ཀྱི་སྤྱི་མཐུན་གྱི་སྒྲིག་འཛུགས་སྲ་བརྟན་ཞིག་བཙན་བྱོལ་མང་གཙོའི་གཞུང་གི་སྒྲོམ་གཞིའི་ནང་ཁྲིམས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་བྱུང་ན་སྙམ་པའི་བསམ་ཚུལ་ཆོས་ཚོགས་བརྒྱད་པའི་ཐོག་སྙན་སྒྲོན་ཞུས་པ་ལ་དགོངས་མཐུན་སྤྱི་མོས་བྱུང་སྟེ་ཆོས་རིག་ལས་ཁུངས་ནས་ཟིན་བྲིས་འཆར་འབུལ་དགོས་པའི་གྲོས་ཆོད་བྱུང་བ་ལྟར། ད་རེས་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟིན་བྲིས་ཤིག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་འབུལ་ལམ་ཞུས་ཡོད་པ་འདིའི་ཐོག་ཚང་མས་དགོངས་དཔྱད་ཟབ་ནན་གྱིས་ཉེས་འགོག་ལེགས་སྤེལ་གྱི་དགོངས་འཆར་ལྷུག་སྩོལ་གནང་རོགས་གནང་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ྋཞབས་པད་བརྟན་ཅིང༌། རྣམ་དཀར་འཕྲིན་ལས་རྒྱས་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།