བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བླ་ཆེན་རྣམས་དང་སྐུ་ཚབ་འདུས་པའི་ལྷན་ཚོགས་སུ་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༥ ཚེས་ ༢ ཉིན། ༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བས། དེ་རིང་འདིར་ྋཞབས་སོར་འཁོད་པའི་༧སྐྱབས་རྗེ་བདག་ཁྲི་རིན་པོ་ཆེ་མཆོག་དང༌། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། བླ་ཆེན་དངོས་སུ་ཞབས་སོར་འཁོད་མ་ཐུབ་པ་རྣམས་ཀྱི་སྐུ་ཚབ་རྣམ་པ། གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་སྨན་རི་ཁྲི་རིན་པོ་ཆེ་མཆོག གཞན་ཡང་ཚོགས་འདུར་ཕེབས་མཁན་ཚང་མ་ལ། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་སྒོ་གསུམ་གུས་པ་ཆེན་པོས་གུས་བཏུད་དང་བཅས་ཏེ་འཚམས་འདྲི་ཞུ་རྒྱུ་དང༌། དེ་རིང་དུས་ཚོད་གཉན་འཕྲང་ཅན་གྱི་ཐོག་ལ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གསོལ་འདེབས་ཞུས་པ་བཞིན་བསྟན་བདག་བླ་ཆེན་རྣམས་ཐུགས་བརྩེ་ཆེན་པོས་འདི་གར་ཆིབས་བསྒྱུར་གནང་བར་ཧ་ཅང་བཀྲིན་ཆེན་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་བླ་ཆེན་ལྷན་ཚོགས་འདི་རྒྱུན་ལྡན་ལོ་གཉིས་རེའི་མཚམས་སུ་འཚོགས་པའི་ཆོས་ཚོགས་ཀྱི་རིམ་པ་དེའི་ཡན་ལག་ཅིག་མིན་པར། དམིགས་བསལ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བསྟན་པའི་བདག་པོར་གྱུར་པའི་བླ་ཆེན་རྣམ་པ་ཧྲག་བསྡུས་ཚོགས་འདུ་ཞིག་ལ་གདན་འདྲེན་ཞུས་པའི་དགོས་པ་དང་དམིགས་ཡུལ་ད་ལྟ་ཕྱག་འབྲེལ་ཆོས་རིག་བཀའ་བློན་མཆོག་ནས་སྙན་གསན་གནང་ཟིན་པ་དེ་ངས་བསྐྱར་ལྡབ་ཞུ་རྒྱུ་མིན། ཚང་མའི་ཐུགས་ལ་མངའ་གསལ་རེད།
ཐོག་མར་ཚོགས་འདུའི་ཚེས་གྲངས་གཏན་འབེབས་ཀྱིས་གདན་ཞུ་ཕུལ་སྐབས་བོད་དུ་ད་ལྟའི་གནས་བབ་འདི་འདྲ་ཞིག་ཆགས་རྒྱུའི་ཚོད་དཔག་ཐེབས་མེད། འོན་ཀྱང་བར་ལམ་ཞིག་ནས་བོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲང་བདེན་མིན་པའི་སྲིད་ཇུས་མང་པོ་ལག་བསྟར་བྱས་པ་དང༌། དེ་ཚོའི་ནང་ནས་ཆོས་ཕྱོགས་དང་འབྲེལ་བའི་སྲིད་ཇུས་འགའ་ཞིག་ལ་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་སུ་རྫོགས་པའི་ངོས་ནས་གཅིག་གྱུར་གྱི་གདོང་ལེན་དང་ལན་འདེབས་བྱེད་སྟངས་ཤིག་དགོས་པ་དེ་གལ་ཆེན་པོ་མཐོང་སོང༌། དཔེར་ན་ཆོས་རིག་བཀའ་བློན་གྱིས་སྙན་གསན་ཞུས་པ་བཞིན་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་སྔ་ལོའི་ཕྱི་ཟླ་ ༩ པ་ནས་ལག་བསྟར་བྱས་པའི་ཁོང་ཚོའི་བཀོད་ཁྱབ་ལྟ་བུར་མཚོན་ན། ང་ཚོའི་ངོས་ནས་སྐབས་དེར་ཡིག་ངག་གཉིས་ཐོག་ནས་ལན་འདེབས་བྱས་ཡོད་ཅིང༌། དེ་སྐབས་བོད་ནང་ཡོད་པའི་བོད་མི་ཚོ་ལའང་བཀོད་ཁྱབ་འདི་དྭང་ལེན་མི་བྱེད་པ་དང༌། ལག་ལེན་དུ་མི་བསྟར་བའི་འབོད་བསྐུལ་ཞུས་ཡོད་ལ། ལམ་སྟོན་ཡང་བྱས་ཡོད། དེ་ལྟ་བུའི་ལམ་སྟོན་བྱེད་སྟངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ནང༌། གལ་ཏེ་དབུས་གཞུང་ནས་གཏན་ལ་ཕབ་པའི་ཁྲིམས་དང༌། སྒྲིག་གཞི། རྩ་འཛིན་བཀོད་ཁྱབ་གང་ཡིན་རུང༌། མི་རིགས་ས་གནས་རང་སྐྱོང་གི་ས་གནས་དེ་ལ་འོས་ཤིང་འཚམས་པ་མེད་ན། ལག་ལེན་བསྟར་མི་དགོས་ཤིང༌། དེ་ལ་བསྒྱུར་བཅོས་ཀྱང་གཏོང་ཆོག་པའམ། ཡང་ན་དེའི་ཚབ་ཏུ་ས་གནས་རང་གིས་ཁྲིམས་གསར་པ་བཟོ་ཆོག་པ་གསལ་པོ་འཁོད་ཡོད། ད་ལྟ་བོད་དུ་ཆབ་སྲིད་དབང་འཛིན་པ་ཚོས་རང་ངོས་ནས་ཁྲིམས་དང་སྒྲིག་གཞི་གསར་པ་བཟོ་རྒྱུ་དང༌། དབུས་ནས་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་ལ་དྭང་ལེན་མི་བྱེད་པའི་ནུས་པ་དང་བློ་ཁོག་མེད་ཀྱང༌། མང་ཚོགས་ངོས་ནས་ངེས་པར་དུ་ཆབ་སྲིད་དབང་འཛིན་པ་ཚོར་དྲན་གསོ་གཏོང་དགོས། རང་སྐྱོང་ཞེས་པའི་མིང་ཞིག་ཡོད་པར་བརྟེན། མིང་དེའི་དོན་དང་མཚུངས་པའི་རྩ་ཁྲིམས་ཀྱི་ཆ་རྐྱེན་དེ་ཚོའང་ལག་བསྟར་དགོས་པ་མང་ཚོགས་ཀྱི་ངོས་ནས་དྲན་བསྐུལ་དང་འབོད་བསྐུལ་གནང་ཐུབ་ན་བསམས་ཏེ་ཆོས་དོན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་གསལ་པོ་འཁོད་ཡོད། ལྷག་པར་དུ་ཆོས་དོན་གྱི་གསལ་བསྒྲགས་དེ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་ཆེན་རྣམ་པ་ཚང་མར་བཀའ་འདྲི་དགོངས་སྐོར་ཞུས་ཏེ་ཚང་མའི་ཐུགས་མོས་མཐུན་གྱི་ཐོག་ནས་སྤེལ་བ་ཞིག་རེད། འོན་ཀྱང་དེ་ནི་རྒྱ་ནག་གིས་གཏན་ལ་ཕབ་པའི་ཁྲིམས་ཡིག་ལ་ང་ཚོའི་ངོས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་ཙམ་ཞིག་ཡིན། མ་འོངས་པར་གཞིས་བྱེས་བོད་མི་ཚོས་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་སྐོར་ལ་ཉམས་ལེན་ཇི་ལྟར་བྱེད་དགོས་མིན་གྱི་ལམ་སྟོན་གསལ་པོ་ད་བར་བྱུང་མེད། ང་ཚོར་སྟབས་ཡག་པའམ་བསོད་སྡེ་བཟང་བ་ཞིག་ལ། དུས་ཚོད་གཉན་འཕྲང་ཅན་འདི་འདྲའི་སྐབས་སུའང་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོ་དབུ་ཁྲིད་མཐོ་ཤོས་ཚང་མ་བཙན་བྱོལ་དུ་ཕེབས་བཞུགས་ཐུབ་པ་དང༌། བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པ་འཕྲིན་ལས་རྒྱ་ཆེ་བ་མ་ཟད། དགེ་འདུན་གྱི་སྡེ་དང་སློབ་མའི་ཚོགས་ལ་སོགས་པ་རྣམས་ཀྱང་ཧ་ཅང་གྲ་རྒྱས་པོ་ཡོད་མུས་དེ་རེད། བླ་སྤྲུལ་ངོས་འཛིན་འདིའི་ད་བར་གྱི་འདས་པའི་བྱུང་རབས་ལ་བལྟས་ན། བོད་ཀྱི་བསྟན་པ་དང་སྐྱེ་འགྲོའི་བདེ་སྐྱིད་ལ་ཏན་ཏན་ཕན་ཐོགས་ཆེན་པོ་བྱུང་བའི་ལམ་སྲོལ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཆོག འོན་ཀྱང་ཕྱོགས་འགའ་ཞིག་ནས་བལྟས་ན། བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་འདི་ཆོས་མཐུན་དང་ཚད་ལྡན་མ་གནས་པར་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྐྱོན་ཆ་ཞུགས་ནས་ངོས་འཛིན་ཚད་ལྡན་མ་བྱུང་བ་མ་ཟད། དེའི་ཐོག་རྩོད་རྙོག་ལྷག་པ་དང༌། ལྷག་པར་དུ་མཐའ་མར་བོད་པ་ནང་ཁུལ་བླ་སྤྲུལ་ངོས་འཛིན་བྱེད་སྟངས་ཐོག་བསམ་བློ་མཐུན་མིན་དང་སྐད་ཆ་མང་པོ་ལྷག་པའི་ཉེར་ལེན་གྱིས་མན་ཇུའི་གོང་མ་ལའང་འདིའི་ནང་ཇུས་གཏོགས་བྱེད་རྒྱུའི་གོ་སྐབས་སྤྲད་པ་དང༌། གསེར་བུམ་དཀྲུག་རྒྱུའི་ལམ་སྲོལ་གཏོད་པ་སོགས་སྐྱོན་ཆ་དུ་མ་ཞིག་བྱུང་ཡོད།
ད་ལྟ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལོ་ཉིས་སྟོང་བཞི་བརྒྱ་ཡས་མས་ཀྱི་གནས་ཚད་ཡོད་ལ། བོད་བརྒྱུད་ནང་བསྟན་འདིའང་ཉུང་མཐར་ལོ་བརྒྱ་ཕྲག་འགའ་ཞིག་བར་ངེས་པར་གནས་ཐུབ་པ་དང་གནས་དགོས་པ་ཞིག་ཡིན་པར་བརྟེན། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་སྔ་སྲོལ་བཟང་པོ་ཡོད་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་འདི་ཕྱོགས་གཅིག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཐེ་ཇུས་འོག་མི་འགྲོ་བ་དང༌། ཕྱོགས་གཞན་ནས་རང་ངོས་ནས་ཀྱང་རང་འདོད་དང་མི་རེ་ཟུང་གི་ཁེ་ཕན་བསྒྲུབ་ཕྱིར་བེད་སྤྱོད་ལོག་པར་མི་འགྲོ་བ་བཅས་ཀྱི་ཆེད་ཚད་འཛིན་གྱི་ཡིག་ཆ་བརྟན་པོ་ཞིག་བྱུང་ན་མ་འོངས་པར་བསྟན་པ་ལ་ཕན་པ་དང༌། ངོས་འཛིན་བྱས་པའི་བླ་སྤྲུལ་དེ་ཚོའང་སྐྱེ་བོ་ཕལ་པ་ལས་ལྷག་པ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་ཐུབ་པའི་རེ་བ་རྒྱག་འོས་པ་ཞིག་ཡོང་རྒྱུ་རེད། ད་ལྟའི་གནས་སྐབས་འདི་ལ་ཕྱོགས་གཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང༌། ཕྱོགས་གཞན་ནས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་སྤྲུལ་ཆེ་ཁག་ཚང་མ་རྒྱ་གར་དུ་བཙན་བྱོལ་ལ་བཞུགས་པ་མ་ཟད། ཚང་མ་ཐུགས་མཐུན་ཁྲིམས་གཙང་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་གཅིག་གྱུར་ཕེབས་མཁན་ཡིན་པར་བརྟེན། བོད་བརྒྱུད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐོག་གཏན་འབེབས་ཡག་པོ་ཞིག་གནང་ཐུབ་པའི་གོ་སྐབས་བཟང་པོ་འདི་ལྟ་བུ་ཡང་ཡང་ཤར་རྒྱུ་ཁག་པོ་རེད། དེ་ངེས་པར་དུ་བེད་སྤྱོད་གནང་བའི་ཐོག་ནས་མ་འོངས་པར་བོད་ཕྱི་ནང་གང་དུའང་ཆོས་ལུགས་ཆོས་བརྒྱུད་གང་གི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་སྔོན་སྲོལ་ལམ་ལུགས་ཡོངས་རྫོགས་ལག་ལེན་བསྟར་བའི་ཐོག མཐའ་མ་ཆོས་བརྒྱུད་སོ་སོའི་ངོས་འཛིན་ཡོད་པའི་དབུ་ཁྲིད་ཀྱི་ཆོག་མཆན་དང་བཀའ་ཁྲོལ་མེད་པར་བླ་སྤྲུལ་ངོ་མ་ཡིན་པའི་ཚད་འཛིན་མི་ཐུབ་པ་གཅིག་མཐུན་གྱིས་གཏན་འབེབས་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲིད་དོན་གྱི་དམིགས་ཡུལ་བཅངས་ནས་གཏན་ལ་ཕབ་པའི་ཁྲིམས་ཡིག་རྣམས་རང་བཞིན་གྱིས་ནུས་མེད་ཆགས་ཐུབ། དེ་མཚུངས་ཆོས་ཕྱོགས་རང་གི་ངོས་ནས་སམ་ང་ཚོ་ནང་ལོགས་ཀྱི་ལས་ཀ་བྱེད་སྟངས་ཐོག་ནས་བལྟས་ནའང་དེ་ཚོའི་ཐོག་བྱེད་སྒོ་རྣམ་གསུམ་ཞིབ་ཚགས་པོའི་ལམ་སྟོན་ཞིག་ཡོད་ན། ཡང་སྲིད་འདྲ་མིན་མང་པོ་དང༌། དེའི་དབང་གིས་ཆབ་སྲིད་ཀྱི་རྩོད་རྙོག་སོགས་མི་ཡོང་བར་སྲུང་སྐྱོབ་ཐུབ་པའི་དགེ་མཚན་མེད་དམ་སྙམ།
སྔ་ལོ་ཕྱི་ཟླ་ ༩ པའི་སྔོན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྲུལ་སྐུ་ངོས་འཛིན་སྐོར་གྱི་ཡིག་ཆ་དེ་ཐོན་སྐབས། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ལན་འདེབས་དེ་ཧ་ཅང་བསམ་གཞིགས་ནན་ཟབ་ཀྱིས་མཐའ་གཉིས་སུ་མ་ལྷུང་བར་གནས་ཚུལ་ཡོངས་རྫོགས་ཚང་བའི་ཐོག་ནས་ལན་འདེབས་ཞུས་པའི་ཁུལ་རེད། ད་རེས་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་སྤྲུལ་དབུ་ཁྲིད་ལྷན་འཛོམས་ཐོག་ནས་དེའི་ཐོག་ལམ་སྟོན་བྱུང་ན། སྔ་ལོ་ཆོས་དོན་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་དེར་མཇུག་ནོན་ལག་བསྟར་བྱེད་ཕྱོགས་ཚད་ལྡན་ཞིག་ཆགས་རེ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྐབས་དེ་དུས་བཙན་བྱོལ་གཞུང་གི་ངོས་ནས་ལན་འདེབས་དང་གདོང་ལེན་ཇི་བཞིན་མ་བྱུང་བ་དང་འཇམ་ལྷོད་དྲགས་པའི་དགོངས་འཆར་གནང་མཁན་མང་པོ་བྱུང༌། དེ་ཚོ་ལ་ཐུགས་ཁག་མེད། ཕྱོགས་གཅིག་ནས་བལྟས་ན་དེ་འདྲ་ཞིག་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་ལས་དོན་བྱེད་སྟངས་དེ་ཆོས་མེད་རིང་ལུགས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་སྟངས་བཞིན་ཚུར་བཤད་པའི་ཚིག་རྣམས་ཕར་བཤད་རྒྱུ་དང༌། ཚུར་བྱེད་པ་བཞིན་ཕར་བྱེད་པ་ཡིན་ན་ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་གཞུང་ཡིན་ཟེར་བའི་གནས་བབ་དང་མི་མཐུན་པ་ཆགས་ཀྱི་རེད། རྒྱུན་ལྡན་ནས་གདོང་ལེན་བྱེད་སྟངས་དེ་ང་ཚོས་བཟང་སྤྱོད་དང་རྩ་ཆེར་བརྩི་བའི་རིན་ཐང་དེ་ཚོ་མ་བརླགས་པའི་ཐོག་ནས། སེམས་ཚོར་ཞིག་གི་དབང་དུ་མ་སོང་བར་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་གདོང་ལེན་བྱེད་དགོས་པའི་བསམ་བློ་དེ་ཁྱེར་དང་འཁྱེར་མུས་རེད། འདིར་དམིགས་བསལ་ཞུ་དགོས་པའི་འབྲེལ་བ་གང་ཡང་ཆགས་ཀྱི་མི་འདུག་ཀྱང༌། གནས་ཚུལ་མང་པོ་ཡོད་པར་བརྟེན། ཚང་མས་མཁྱེན་དགོས་པའི་གནས་སྟངས་ཤིག་རེད།
བླ་སྤྲུལ་ངོས་འཛིན་ཟེར་བའི་ཚིག་དེ་ཧ་ཅང་ཁྱབ་ཆེ་ཞིང༌། འདིའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ངོས་འཛིན་ལམ་སྲོལ་ལྡན་པའི་བླ་སྤྲུལ་ཚང་མར་ཁྱབ་པ་མ་ཟད། ༧རྒྱལ་དབང་པཎ་ཆེན་གྱིས་མཚོན་པའི་བོད་ཀྱི་ངོས་འཛིན་ལམ་སྲོལ་ནས་ཕེབས་མཁན་བསྟན་འཛིན་ཡོངས་རྫོགས་ལའང་ཁྱབ་པར་བརྟེན། ད་ལྟ་ནས་ང་ཚོས་བསམ་གཞིག་ནན་པོས་ཆོས་ལུགས་ཆོས་བརྒྱུད་བཅས་པའི་དབུ་ཁྲིད་ཚད་ལྡན་ཚང་མ་འཚོ་ཞིང་གཞེས་པའི་སྐབས་འདིར་བརྟན་པོ་བཟོ་དགོས་ཧ་ཅང་གལ་ཆེར་མཐོང་བས། ཚང་མས་གལ་གནད་ཆེན་པོར་གཟིགས་ནས་མ་འོངས་པར་བོད་མིའི་སྤྱི་ཚོགས་ཀྱིས་ཚད་ལྡན་ལག་བསྟར་ཐུབ་པའི་ལམ་སྟོན་གསལ་པོ་ཞིག་ཚོགས་འདུ་འདིའི་ཐོག་ནས་ཐུགས་ཐག་ཆོད་ན་སྨོས་མེད་དང༌། གལ་སྲིད་ད་དུང་ཞིབ་འཇུག་དང་བཀའ་བསྡུར་གནང་དགོས་རིགས་བྱུང་ཚེ་ད་རིང་ཚོགས་འདུ་འདིའི་ཐོག་ནས་ཐོག་མའི་གཞི་རྩ་ཞིག་བཏིང་ཐུབ་ན་དེ་ནས་མུ་མཐུད་ཉམས་ཞིབ་དང༌། བཀའ་སློབ་དགོངས་སྐོར་ཞུ་རྒྱུ། ཕར་ཚུར་གྲོས་བསྡུར་བྱ་དགོས་བཅས་ཆོས་དོན་ལས་ཁུངས་ནས་མུ་མཐུད་གོ་སྒྲིག་ཞུས་ཏེ་གང་ལྟར་རིང་པོར་མ་ཐོགས་པར་ང་ཚོའི་ངོས་ནས་ལངས་ཕྱོགས་གསལ་པོ་དང་བརྟན་པོ་ཞིག་གཅིག་གྱུར་ཐོག་ནས་ལག་ལེན་བསྟར་རྒྱུ་ཡོད་པ་ཞིག་བཟོ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། གོང་དུ་ཆོས་རིག་བཀའ་བློན་གྱིས་ཞུས་པ་ལྟར་དེ་ནི་བཀའ་བསྡུར་གནང་རྒྱུའི་དོན་ཚན་གལ་ཆེ་ཤོས་ཤིག་ཡིན།
བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་འདིར་དམིགས་བསལ་གལ་ཆེན་པོ་ཞིག་དང༌། ཚང་མས་མོས་མཐུན་བསྔགས་བརྗོད་ཞུ་རྒྱུའི་གཞི་རྩ་གཙོ་བོ་ནི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པའི་ལམ་སྲོལ་བོད་དུ་དར་བ་དེ་ལས་བྱུང་ཞིང༌། བོད་བརྒྱུད་ནང་བསྟན་ལས་གཞན་པའི་ནང་བསྟན་རྒྱུན་འཛིན་ཚང་མར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་མདོ་རྒྱུད་ཡོངས་རྫོགས་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་བྱེད་པའི་ལམ་སྲོལ་ཧ་ལམ་མེད་པ་ལྟ་བུ་རེད། བོད་བརྒྱུད་ནང་བསྟན་དེའང་མ་འོངས་པར་རྒྱུན་གནས་ཐུབ་པར་བཤད་སྒྲུབ་ཡ་མ་བྲལ་བ་དང༌། སྒྲུབ་པ་ཉམས་ལེན་དེ་ཀློག་པ་ཐོས་བསམ་གྱིས་རྒྱབ་འཁྱོགས་པ་ཞིག་དགོས། དེས་ན་༧གོང་ས་༧སྐྱབས་མགོན་ཆེན་པོས་རིས་སུ་མ་ཆད་པའི་བཤད་སྒྲུབ་ཀྱི་སྡེ་ཚང་མར་བཤད་གྲྭ་དང་སློབ་གཉེར་བྱེད་སྟངས་སྔར་སྲོལ་བཟང་པོ་མ་ཉམས་པར་དགོས་རྒྱུར་ཐུགས་གལ་ཆེན་པོ་གཟིགས་ཀྱི་ཡོད།
བར་ལམ་སློབ་གཉེར་ཉམས་ཆག་འགྲོ་བའི་སྦིར་གྲག་མང་པོ་ཡོད་ཀྱང༌། ཉམས་ཆག་མེད་པར་སྔར་ལས་ལྷག་པ་ཡོད་སྐོར་གསུང་མཁན་ཡང་མི་ཉུང་བ་ཞིག་ཡོད་པར་བརྟེན། དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ཉམས་ཆག་ཕྱིན་འདུག་གམ་མི་འདུག གལ་ཏེ་ཕྱིན་ཡོད་ན་གང་དང་གང་གི་ཐོག་ལ་ཕྱིན་པ། དེ་ཚོ་ཉམས་པ་སོར་ཆུད་བྱ་རྒྱུའི་ཐབས་ལམ་གང་ཡོད་བཅས་ཀྱི་ཐོག་ཞིབ་འཇུག་ཆེད་མཁས་དབང་བཅུ་གྲངས་ཤིག་ཡོད་པའི་ཉམས་ཞིབ་ཚོགས་ཆུང་ཞིག་སྔ་ལོ་ཆོས་དོན་ལས་ཁུངས་ཀྱིས་བཙུགས་པ་རེད། བཤད་གྲྭ་ཡོད་པའི་ཆོས་སྡེ་ཆེ་ཁག་ཕལ་ཆེ་བར་ཕེབས་ནས་གནས་ཚུལ་ཚང་མ་ཞིབ་ཚགས་པོའི་ཐོག་ནས་གཟིགས་ཏེ་ཉམས་ཆག་མེད་ན་མེད་པ་དང༌། ཡོད་ན་ཡོད་པའི་རྒྱུ་རྐྱེན་གང་ལ་ཐུག་པ། དེ་དག་སེལ་ཐབས་གང་བྱེད་ཀྱི་ཡོད་པ་བཅས་ཆ་ཚང་ཞིག་བྱུང་སོང༌། དེ་དག་ཕྱག་ལེན་དུ་བསྟར་སྐབས་ཆོས་ལུགས་ཆོས་བརྒྱུད་ཡོངས་སུ་རྫོགས་པས་གཅིག་གྱུར་གྱིས་ཕྱག་ལེན་བསྟར་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་འདུག སོ་སོའི་ཆོས་བརྒྱུད་དང་འབྲེལ་བ་ཡོད་པའི་དགོངས་འཆར་ཚང་མ་སོ་སོའི་ཆོས་སྡེ་ཁག་ཏུ་ལག་བསྟར་གནང་རྒྱུ་དེ་བླ་ཆེན་རྣམ་པ་ཚོའི་ལམ་སྟོན་གྱི་འོག་ལ་འགྲོ་ཐུབ་ན་ཚགས་སུ་ཚུད་པ་དང༌། ཚང་མའི་ཐུགས་ལ་བབས་པ། ལག་ལེན་དུ་བསྟར་བདེ་བ་ཆགས་ཀྱི་རེད། དེ་མིན་ཆོས་དོན་ལས་ཁུངས་ནས་ཐད་ཀར་ཞུས་ན་དེ་ཙམ་གྱི་གནད་ལ་སྨིན་པ་ཡོང་ངམ་མི་ཡོང་ཤེས་ཀྱི་མི་འདུག དེར་བརྟེན་ད་རིང་བླ་ཆེན་རྣམ་པ་ཚོས་ལྷན་ཚོགས་འདིའི་ཐོག་ནས་ཁོ་ཚོས་ཉམས་ཞིབ་བྱས་ཏེ་ཕུལ་བའི་གྲུབ་དོན་སྙན་ཐོ་འདིའི་ནང་ཕྱག་ལེན་དུ་བསྟར་ཐུབ་པ་དང་མི་ཐུབ་པ། འོས་པ་དང་མི་འོས་པ་གང་འདུག་གཟིགས་དགོས་ན་གཟིགས་རྒྱུ་དང༌། དེ་རྗེས་ཕྱག་བསྟར་འོས་པ་རྣམས་ ཕྱག་བསྟར་གནང་ཕྱོགས་བསྟན་བདག་བླ་ཆེན་རྣམ་པ་ཚོས་ཐུགས་ཁུར་བཞེས་ནས་སོ་སོའི་ཆོས་བརྒྱུད་ཁག་ཏུ་ལག་ལེན་བསྟར་དགོས་པ་མ་ཟད། དུས་ནས་དུས་སུ་ལག་ལེན་བསྟར་བའི་ཉེར་ལེན་ལ་བརྟེན་ནས་ཕན་ཐོགས་ཡོད་དམ་མེད། མ་འོངས་པར་འདི་ལས་གཞན་པའི་ཐབས་ལམ་ཇི་དགེ་རྣམས་ཆོས་དོན་ལས་ཁུངས་ཀྱི་མཐུན་འགྱུར་འོག་མུ་མཐུད་འགྲོ་ཐུབ་ན་བོད་ཀྱི་བསྟན་པ་ལ་ཕན་མི་ཡོང་ངམ་སྙམ། དེས་ན་འདིའི་ཐོག་ཞིབ་ཚགས་པོས་བཀའ་བསྡུར་གནང་རོགས་གནང་ཞུ་རྒྱུ་ཡིན།
བོད་བརྒྱུད་ནང་བསྟན་གྱི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་རེད། འོན་ཀྱང་གཞི་སྨྲའི་དགེ་སློང་མའི་སྡོམ་རྒྱུན་བོད་དུ་ཐོག་མ་ནས་དར་མེད་ལ། ད་ལྟ་འཛམ་བུ་གླིང་འདིར་ཆད་ཟིན། འཁོར་རྣམ་བཞི་ཡོངས་སུ་རྫོགས་པའི་ཕྱིར་དང༌། ལྷག་པར་དུས་རབས་ཉེར་གཅིག་པ་འདིར་བུད་མེད་བློ་གྲོས་ལྡན་པ་མང་པོ་ཆོས་སྒོར་ཞུགས་རྒྱུའི་འདུན་པ་ཡོད་པ། བཙུན་མའི་སྡེ་ལ་མཚོན་ནའང་གྲངས་འབོར་དེ་སྔོན་བོད་དུ་ཡོད་པ་ལས་ཀྱང་ཧ་ཅང་མང་བ་བཅས་ལ་བརྟེན། ངེས་འབྱུང་དང་འདུན་པ་ཡོད་པའི་བུད་མེད་ཚོར་བསྙེན་པར་རྫོགས་པའི་དགེ་སློང་མའི་དངོས་པོ་འཐོབ་ཐུབ་ན་བསྟན་པ་ལ་ཕན་པ་ལས་མི་གནོད་པའི་ཡིད་ཆེས་ཡོད། དེ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་འདས་པའི་ལོ་ཉི་ཤུ་ཡས་མས་རིང་ཆོས་དོན་ལས་ཁུངས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་ཐབས་ཡོད་མེད་སྐོར་ཞིབ་འཇུག་རྒྱུན་རིང་བྱས་ཏེ་བསྡོམས་ཤིག་བརྒྱབས་པ་དང༌།འདི་ལོའང་ཚོགས་ཆེན་འདི་མ་ཚོགས་པའི་སྔོན་ལ་ཉིན་གཉིས་རིང་འདུལ་བ་འཛིན་པ་མང་པོ་ཞིག་གདན་འདྲེན་ཞུས་ནས་ཚོགས་འདུ་ཞིག་ཚོགས་ཤིང༌། ཐོག་མའི་འཆར་གཞི་ལ་ཚོགས་འདུ་དེའི་གྲུབ་དོན་རྣམས་ལྷན་ཚོགས་འདིར་འབུལ་རྒྱུ་རེད། འོན་ཀྱང་གྲུབ་དོན་དེ་ཐག་ཆོད་པ་དང་ངེས་པ་རྙེད་པ་ཞིག་བྱུང་མི་འདུག་པས་གནས་སྐབས་ཕྱིར་འཐེན་བྱ་དགོས་བྱུང་སོང༌། དེའི་ཐོག་ཆོས་རིག་ལས་ཁུངས་ཀྱིས་ད་དུང་ཞིབ་བསྡུར་དང༌། བགྲོ་གླེང༌། དཔེ་ཆ་བལྟ་དགོས་པ་རྣམས་བསྐྱར་དུ་བལྟས་ནས་རིང་པོར་མ་ཐོགས་པར་ཐག་གཅོད་ཅིག་ཡོང་བའི་རེ་བ་ཡོད།
ཆོས་རིག་བཀའ་བློན་གྱིས་སྙན་གསན་ཞུས་པ་བཞིན་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་ཆོས་ཚོགས་ཁག་ཏུ་བཞག་པའི་གྲོས་ཆོད་ཁག་ནས་ལག་ལེན་བསྟར་རྒྱུ་བསྡད་པ་དང༌། བསྟར་མ་ཐུབ་པའི་རིགས་གལ་ཆེ་བ་རེ་ཟུང་ཡོད་ཅིང༌། དེ་ཚོའི་ཐོག་ལ་བསྟན་བདག་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་བྱུང་ན་ལག་ལེན་བསྟར་རྒྱུར་ཕན་ཐོགས་ཡོང་བ་འདུག་པས་དགོངས་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན།
ད་རེས་དུས་ཚོད་གཉན་འཕྲང་ཆེན་པོ་ཞིག་ལ་ཚོགས་འདུ་འདི་ཚོགས་པར་བརྟེན། ཚོགས་འདུའི་གོ་སྒྲིག་དང༌། བླ་སྤྲུལ་རྣམ་པ་ཚོ་ཕེབས་བཞུགས་ཀྱི་གྲ་སྒྲིག་ཐམས་ཅད་འདོད་པ་ཁེངས་པ་ཞིག་བྱུང་མེད་པས་བཟོད་བཞེས་གནང་རོགས་ཞུ་རྒྱུ་ཡིན།
མ་འོངས་བོད་ཀྱི་མཐར་ཐུག་མདུན་ལམ་དང༌། ད་ལྟའི་གནས་སྐབས་ལ་བོད་དུ་ཚད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་པ་རྣམས་འཕྲལ་ནས་མྱུར་དུ་མཚམས་ཆད་པའི་ཆེད་དུ་བཙན་བྱོལ་གཞུང་གིས་ཞུ་བྱ་གང་ཡོད་དང༌། དེ་མིན་ཆོས་ཕྱོགས་ནས་ཞབས་རིམ་བསྒྲུབ་དགོས་པ། དེ་བཞིན་སྤྱི་མཐུན་བསོད་ནམས་གསོག་པའི་ལས་ཇི་ལྟར་བྱ་དགོས་པ་དེ་ཚོའི་ཐོག་ལའང་བླ་ཆེན་རྣམ་པ་ཚོ་འདི་གར་ཕེབས་བསྟུན་བཀའ་སློབ་ལམ་སྟོན་གནང་ཚེ་ཕན་ཐོགས་ཆེན་པོ་ཡོང་བ་འདུག ཚང་མ་ལ་སྒོ་གསུམ་གུས་པས་གུས་ཕྱག་དང་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།