བསྟོད་ཚིག་པདྨ་དཀར་པོ། །

ཀུན་དགའ་རྒྱལ་མཚན། ཤེས་རིག་ལས་ཁུངས།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོའི་བཀའ་དགོངས་ལྟར། །
སློབ་མའི་མཚན་ཉིད་ཚང་བའི་དབུ་འོག་དཔུང་འདེགས་ཀྱིས། །
ཆོས་སྲིད་ཟུང་འབྲེལ་ལུགས་ཀྱི་བསྟན་བཅོས་སྐྱོང་མཁས་པ། །
གཞིས་བྱེས་བོད་མིར་བཀའ་དྲིན་ཆེ་བའི་བླ་མར་འདུད། །

བཅུ་ཕྲག་རིག་པའི་ཟམ་ཆེན་རབ་བརྒལ་ཅིང་། །
ཕས་ཀྱི་རྒོལ་བའི་གདོང་ནག་གཉེར་མ་དག །
རབ་ཏུ་བཅོམ་པའི་སྤྲུལ་སྐུ་ངོ་མཚར་ཆེ། །
སྔོན་མེད་ཟིལ་གནོན་སྐུ་ལ་རབ་འདུད་དོ། །
བདེན་གཉིས་གནས་ལུགས་ཕྱག་ཏུ་འཁྱིལ། །
བསྡུ་བཞིས་གདུལ་བྱ་ལེགས་སྐྱོང་བའི། །
གདོང་དྲུག་སྙེམས་པའི་ལང་ཚོ་ཞེས། །
རྟགས་བརྒྱད་ཡོན་ཏན་མངའ་བར་འདུད། །
ཐུན་མོང་རིག་པའི་གནས་དང་གཞུང་ཆེན་མཐའ་ཡས་པར། །
གསན་བསམ་བགྱིས་ཏེ་དགེ་བཤེས་ལྷ་རམས་འཕར་མ་དང་། །
སྔགས་རམས་དམ་བཅའ་མཛད་དེ་གཞུང་ཆེན་རྒྱ་མཚོའི་འཇིངས། །
གང་གི་ཐུགས་ཀས་བདེ་བླག་འཇལ་མཛད་ངོ་མཚར་ཆེ། །
གདུལ་བྱའི་རྣ་བ་འགུགས་པར་འཆད་པའི་ཡོན་ཏན་ལྡན། །
སྨྲ་ངན་ཚར་དུ་གཅོད་པར་རྩོད་པའི་དཔལ་མངའ་ཞིང་། །
ལུང་དང་རིག་པས་ཕྱུག་པའི་རྩོམ་ཡིག་རླབས་ཕྲེང་མཆིས། །
གནའ་དེང་སྐྱེས་བུ་དམ་པའི་ཁྲོད་དུ་མཁས་པའི་ཕུལ། །
དགུང་ལོ་ལྔ་པར་ཟམ་གདོང་སྤྲུལ་སྐུར་ཁྲི་འདོན་མཛད། །
དགུང་ལོ་བདུན་ལ་རབ་བྱུང་དགེ་ཚུལ་སྡོམ་པ་བཞེས། །
དགུང་ལོ་ཉི་ཤུར་འཕགས་ཡུལ་རྡོ་རྗེ་གདན་ཉིད་དུ། །
བསྙེན་རྫོགས་སྡོམ་མནོས་འདུལ་ཁྲིམས་བཙུན་པའི་དགེ་སློང་གྱུར། །
བཙན་བྱོལ་མི་ཚེའི་འགོ་ནས་བགྲང་བྱ་བཞི་བཅུའི་རིང་། །
གཏན་སློབ་གསུམ་དང་ཝཱར་ཎ་ཆེས་མཐོའི་སློབ་ཁང་དུ། །
རང་དོན་ཡལ་བར་དོར་བའི་བྱང་ཆུབ་སེམས་དཔའ་ཆེའི། །
སྤྱོད་བཟུང་རླབས་ཆེན་མཛད་འཕྲིན་བཟང་པོ་ཡར་ངོར་འགྲན། །
དགུ་བཅུར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ། །
གཏན་ལ་ཕབ་ནས་ཁྲིམས་ཀྱི་དབང་སྒྱུར་ལེགས་བསྒྱུར་ཏེ། །
སྔོན་མེད་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ། །
ལྗིད་སྙོམས་བཏང་འཛིན་ལྡན་གྱུར་བཀའ་དྲིན་ཁྱེད་མིན་སུ། །
སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་པའི་སྐབས། །
གྲོས་ཚོགས་ལམ་ལུགས་ཇི་ལྟར་འགྲོ་ལུགས་སོགས། །
ཕ་ཡིས་བུ་ལ་གདམས་པ་ཇི་བཞིན་དུ། །
མ་ནོར་ལམ་བཟང་ཁྱེད་ཀྱིས་སྦྱིན་པར་མཛད། །
བཅུ་ཕྲག་རྗེས་སུ་མི་མང་ཐད་ཀར་འོས་འདེམས་ཀྱིས། །
བཀའ་ཁྲི་བསྟུད་མར་ཕེབས་ཀྱང་གྲོས་ཚོགས་ཚོགས་དུས་སྐབས། །
རྣག་ཐོག་གཙག་འཁེལ་ལམ་སྟོན་བསྩལ་མཛད་ཁྱེད་ཉིད་ལ། །
བོད་མིིའི་གྲོས་ཚོགས་མེས་པོ་ཞེས་སུ་འབོད་པར་སྤྲོ། །
འཕྲལ་ཕུགས་རྒྱང་གསུམ་ཕན་པའི་རྗེས་ཡོང་སྔོན་མཁྱེན་གྱིས། །
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཉིད། །
འཛིན་སྐྱོང་སྲིད་བྱུས་ཙམ་མིན་བོད་མི་ཡོད་ཅོག་གིས། །
ལག་བསྟར་དགོས་ཕྱིར་གྲོས་ཚོགས་བརྒྱུད་ནས་གཏན་འབེབས་མཛད། །
སྲིད་བྱུས་དེ་ཉིད་ལག་བསྟར་འཐུས་ཚང་ཡོང་བའི་སླད། །
དྷ་སར་དཔེ་སྟོན་སློབ་གྲྭ་ཞེས་པ་གསར་འཛུགས་མཛད། །
དེ་བཞིན་བོད་ཡིག་ཏུ་མེད་རིག་གསར་ཐ་སྙད་རྣམས། །
གལ་ཆེར་གཟིགས་ཏེ་གཏན་འབེབས་ལས་གཞི་བཙུགས་པ་བསྔགས། །
དེ་མིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི། །
ཚོགས་པ་ཇེ་མང་ཚོགས་གཙོ་ཚོགས་གཞོན་སོགས། །
ཐུགས་འགན་བཞེས་ཏེ་གདུལ་བྱའི་དོན་མཛད་པའི། །
མཛད་འཕྲིན་རླབས་ཕྲེང་གུས་པས་བགྲང་མི་ལང་། །
༸སྐྱབས་རྗེ་གང་གི་གསང་གསུམ་ཡོན་ཏན་གྱི། །
དྲི་ཞིམ་མ་ལ་ཡ་ཡི་རླུང་བསེར་ཉིད། །
བདག་ལ་ཕོག་པས་དད་པའི་སྤུ་ལོང་གིས། །
བསྟོད་ཚིག་པདྨ་དཀར་པོ་འདི་ཉིད་ཕུལ། །