བཙན་བྱོལ་བོད་གཞུང་འཆར་འགོད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་དང༌།

བཙན་བྱོལ་བོད་གཞུང་འཆར་འགོད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་དང༌། འབྱུང་འགྱུར་འཆར་འགོད་ལྷན་ཁང་གི་གཞི་རིམ་ལས་དོན་གྱི་ལྟ་གྲུབ་དང༌། འགན་དབང༌། ལས་དོན་བྱེད་ཕྱོགས་བཅས་གཏན་འབེབས་བྱུང་བའི་ངོ་སྤྲོད་ཚོགས་འདུར་གནང་བའི་གསུང་བཤད།

༄༅། ། དེ་རིང་བཙན་བྱོལ་བོད་གཞུང་གི་འཆར་འགོད་ལྷན་ཚོགས་འདི་བཙན་བྱོལ་བོད་གཞུང་གི་འཆར་འགོད་ལྷན་ཁང་དུ་བསྒྱུར་ནས་སྒྲིག་གཞི་བསྐྱར་བཅོས་ཀྱི་འཛིན་སྐྱོང་བཀོད་ཁྱབ་གནང་སྟེ་འཆར་འགོད་ལྷན་ཁང་གི་ལས་དོན་འགོ་འཛུགས་ཀྱི་ཉིན་མོ་ཡིན་པར་བརྟེན་འཛིན་སྐྱོང་བཀའ་ཤག་གི་བསམ་ཚུལ་རྒྱབ་ལྗོངས་ཆ་ཚང་ཞིག་འགན་ཁུར་ཡོད་པའི་སྲི་ཞུ་བའི་ལས་བྱེད་རྣམས་ནས་ཤེས་རྟོགས་ཐུབ་པ་བཟོས་ནས་ལས་དོན་ཐོག་དོགས་འཆར་དང༌། གསལ་པོ་མ་བྱུང་བའི་ནོར་འཁྲུལ་གྱི་གནས་ཚུལ་མི་ཡོང་བ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་བཏང་གཞུང་གི་སྲི་ཞུའི་ལས་བྱེད་ཞིག་ཡིན་ཕྱིན་གཞུང་གིས་གཏན་འབེབས་ཟིན་པའི་སྲིད་བྱུས་ལ་རང་གི་འདོད་ཚུལ་དང་མཐུན་མིན་ལ་མ་ལྟོས་པར་ལག་བསྟར་བྱེད་དགོས་པ་སྒྲིག་འཛུགས་ཀྱི་སྤྱི་སྲོལ་འགྲོ་སྟངས་ཡིན། འོན་ཀྱང་ཤེས་ཡོན་གྱི་རྣམ་གཞག་ཐད་ནས་བཤད་ན་རང་རང་གི་བསམ་ཚུལ་དང༌། རྣམ་དཔྱོད་ཉར་འཇོག་བྱེད་ཆོག་པར་མ་ཟད། བཀའ་ཤག་གི་སྲིད་བྱུས་གང་ཡོད་པ་དེ་ཁོ་ན་ངོས་ལེན་བྱེད་དགོས་པའི་རྒྱུ་མཚན་གྱིས་མཐའ་བཀག་མེད། འོན་ཀྱང་ད་ལྟ་རང་རེར་དཀའ་ངལ་ཞིག་ཡོད་པ་ནི་བཀའ་ཤག་གི་སྲིད་བྱུས་དང༌། བསམ་ཕྱོགས་ཐོག་རྒྱུ་མཚན་གཏིང་ཟབ་དང༌། ཞིབ་ཚགས་པོའི་དགག་སྒྲུབ་ཀྱི་རྒྱུ་མཚན་གཏན་ནས་བརྗོད་རྒྱུ་མེད་པར་འབྲེལ་ཡོད་སྲི་ཞུ་བས་ཐོག་མ་ནས་གལ་ཆུང་ངུར་བརྩི་བ་དང༌། ཡང་ན་དོ་སྣང་དང་སེམས་ཁུར་གྱི་ཚོར་སྣང་གང་ཡང་མེད་པར་སྣང་མེད་བསྐྱུར་འཇོག་བྱེད་པའི་ནོར་འཁྲུལ་ཡོང་གི་ཡོད། གལ་ཏེ་གཞུང་གི་སྲི་བྱུས་དང༌། བསམ་ཕྱོགས་ནོར་འཁྲུལ་ཡོད་ན་རིག་པའི་གཞུང་ལུགས་དང་མཐུན་པའི་རྒྱུ་མཚན་ཡང་དག་པའི་དགག་སྒྲུབ་ཀྱི་སུན་འབྱིན་དགོས་པ་དང༌། དེ་ལྟར་མིན་པར་དང་དུ་བླང་ན་ཡང་རྒྱུ་མཚན་མཐོང་བའི་དང་ལེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་གཞུང་གི་སྲི་ཞུ་བ་ཚོས་སྒྲིག་འཛུགས་ཆ་ནས་གཞུང་གི་མཛད་བྱུས་ལ་ཆ་ཚང་མོས་མཐུན་བྱེད་དགོས་ཀྱང་རིག་པའི་གཞུང་ལུགས་དང༌། ཤེས་ཡོན་རྣམ་གཞག་ཆ་ནས་གང་ལའང་དགག་སྒྲུབ་ཆོག་པར་མ་ཟད། ངེས་པར་བརྟག་དཔྱད་དགོས་པར་བཀའ་ཤག་ལ་ཚོར་སྣང་ཆེན་པོ་ཡོད།

འཛམ་གླིང་སྤྱི་དང་བྱེ་བྲག་ཤར་གླིང་ཨེ་ཤ་ཡའི་ནང་ཕྱི་ལོ་ ༡༩༡༠ ནས་ ༡༩༧༠ བར་གྱི་དུས་ཡུན་ནང་སྤྱི་ཡོངས་ཀྱི་གནས་ཚུལ་ཐད་འཕོ་འགྱུར་ཆེན་པོ་ཞིག་བྱུང་ཡོད་པར་མ་ཟད། ནོར་འཁྲུལ་ཡང་མང་པོ་ཞིག་བྱུང་ཡོད། ནོར་འཁྲུལ་མང་པོ་ཞིག་ནོར་འཁྲུལ་ཡོང་བཞིན་དུ་བཀག་འགོག་མ་བྱས་པའམ། ཡང་ན་ནོར་བཅོས་བྱེད་རྒྱུའི་གོ་སྐབས་ཡོད་བཞིན་དུ་ནོར་བཅོས་མ་བྱས་པར་འཐུས་ཤོར་ཆེན་པོ་བཏང་སྟེ་ད་ཆ་ཡོངས་སུ་ཕྱི་དྲགས་པའི་དུས་སུ་སླེབས་ཡོད། འཛམ་གླིང་སྤྱི་དང༌། བྱེ་བྲག་ཤར་གླིང་ཨེ་ཤ་ཡའི་འབྱུང་འགྱུར་འཆར་སྣང་དང༌། སྲིད་བྱུས་ལ་ནོར་འཁྲུལ་ཆེན་པོ་བྱུང་བའི་འཕོ་འགྱུར་ནང་རང་ཅག་བོད་ཀྱི་དཀའ་རྙོག་གནད་དོན་ཟུར་དབྱེ་བྱེད་ཐབས་མེད། རང་རེས་བྱུང་རབས་ཀྱི་འདས་པའི་ནོར་འཁྲུལ་དེ་དག་ལ་ཕྱོགས་བསྡོམས་ཡང་དག་པ་བྱས་ཏེ་ནོར་འཁྲུལ་ཡོ་བསྲང་དང༌། མ་མཐར་བསྐྱར་ཟློས་མི་བྱེད་པའི་གྲ་སྒྲིག་བྱེད་རྒྱུ་ནི་བསམ་བློ་གཏོང་ཤེས་མཁན་དང༌། རྣམ་དཔྱོད་ཡོད་མཁན་ཚོའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། ང་ཚོས་རྒྱལ་ཁབ་དང༌། མི་རིགས་ཀྱི་ལས་དབང་ཐག་གཅོད་ཐད་བྱུང་བའི་ནོར་འཁྲུལ་ལ་ངེས་པར་ཕྱོགས་བསྡོམས་བྱས་ཏེ་མ་འོངས་པའི་འཆར་སྣང་ཡག་པོ་ཞིག་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེ་བའི་རྩ་དོན་ཞིག་ཏུ་གྱུར་ཡོད་པ་དང༌། མ་འོངས་པའི་འཆར་སྣང་གང་ཡང་མེད་པར་ཆུ་དང་ལྷགས་པས་གང་འདེད་ལྟ་བུ་བྱས་ན་རྒྱལ་ཁབ་དང༌། མི་རིགས་ཀྱི་ལས་དོན་གཏན་ནས་སྒྲུབ་ཐབས་མེད། རང་རེ་བོད་གཞུང་གི་སྲི་ཞུ་བར་མཚོན་ན་ང་ཚོས་ད་ལྟའི་རང་རེའི་གནས་བབ་འདིའི་ཐོག་ནས་མ་འོངས་པའི་འཆར་སྣང་བཟང་པོ་ཞིག་དང༌། དམིགས་ཡུལ་བཟང་པོ་ཞིག་བཟུང་སྟེ་མདུན་བསྐྱོད་བྱེད་རྒྱུ་ནི་བོད་དང་བོད་མི་རིགས་ཀྱི་གནད་དོན་ཡང་དག་པའི་ཐག་གཅོད་བྱེད་རྒྱུར་མེད་དུ་མི་རུང་བའི་ལས་དོན་ཡིན་པར་ངོས་འཛིན་གསལ་པོ་བྱེད་བཞིན་ཡོད། རང་ཅག་བོད་འབངས་རྣམས་ལ་མཚོན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ནི་ཧ་ཅང་གནད་འགག་ཆེ་བའི་མ་འོངས་བའི་ལམ་སྟོན་ཡིན། འདས་པའི་དུས་རབས་ཉི་ཤུ་པ་དང༌། ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ནང་གོང་གསལ་ལམ་སྟོན་རླབས་ཆེ་འདི་འདྲ་ཞིག་འཛམ་གླིང་ནང་གཞན་གྱི་མི་རིགས་ཡོད་དོ་ཅོག་སུ་ཞིག་ལ་ཐོབ་མྱོང་མེད་པ་འདི་རང་ཅག་བོད་འབངས་རྣམས་ལ་ཐོབ་པ་བསོད་ནམས་ཧ་ཅང་ཆེན་པོ་ཡིན། དེ་བཞིན་ྋགོང་ས་མཆོག་ནས་བསྩལ་བའི་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔའི་ནང་གི་དོན་ཚན་དང་གཉིས་ནི་བོད་ཀྱི་ཆབ་སྲིད་དང༌། སྤྱི་ཚོགས་གནས་སྟངས་འདི་ཇི་འདྲ་ཞིག་གི་ནང་འཕོ་འགྱུར་འགྲོ་མིན་ལ་མ་ལྟོས་པར་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསྒྲུབ་བྱའི་རྩ་དོན་གྱི་ལམ་སྟོན་རླབས་ཆེ་ཞིག་འདོན་གནང་མཛད་ཡོད་པར་བརྟེན་རང་ཅག་གིས་གོང་གསལ་ལམ་སྟོན་ཁག་རྩ་དོན་དུ་བཟུང་ནས་མ་འོངས་པའི་འཆར་སྣང་ཞིག་བསྐྲུན་རྒྱུ་ནི་ང་ཚོས་བོད་ཀྱི་ཡང་དག་པའི་མདུན་ལམ་དུ་སྣེ་ཁྲིད་བྱེད་ཐུབ་མིན་གྱི་རླབས་ཆེན་དོན་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོ་བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་གྱི་མགྲོན་བདག་རྒྱལ་ཁབ་རྒྱ་གར་གྱི་འདས་པའི་ལོ་བདུན་ཅུ་ལྷག་ཙམ་གྱི་གནས་ཚུལ་ལ་ཕྱི་མིག་བལྟས་ན་བདག་ཉིད་ཆེན་པོ་གྷན་དྷི་ལོ་འགའ་ཞིག་སྐུ་སྲོག་མ་ཤོར་བར་འཚོ་བཞུགས་ཐུབ་སྟེ་མི་མང་གི་དབུ་ཁྲིད་མུ་མཐུད་མཇུག་སྐྱོང་གནང་ཐུབ་ཡོད་ཚེ་རྒྱ་གར་ཐེ་བའི་ཤར་གླིང་འདིའི་གནས་སྟངས་ད་ལྟ་ལས་ཧ་ཅང་བཟང་བའི་གནས་བབ་ཅིག་བྱུང་ཡོད་པ་ཕལ་ཆེར་སྔོན་དཔག་བྱེད་ཐུབ་པ་ཡིན།

དེ་རིང་ང་ཚོ་བོད་གཞུང་གི་སྲི་ཞུའི་ལས་ཀྱི་སྣེ་མོ་བ་རྣམས་ནས་བོད་གཞུང་གི་འཆར་འགོད་ལས་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐོག་བསམ་བློ་གཏོང་བ་དང༌། གོ་བསྡུར་བྱེད་པའི་སྐབས་འདིར་བོད་ཀྱི་འཛུགས་སྐྲུན་ཡར་རྒྱས་ཀྱི་འཆར་འགོད་ལས་དོན་གྱི་མཛད་བྱུས་དང༌། རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་སུ་བོད་གངས་ལྗོངས་ནང་གི་གནས་སྟངས་ནི་གཞི་རིམ་གྱི་རྒྱབ་ལྗོངས་སུ་བསམ་གཞི་བྱེད་རྒྱུ་རྩ་ཆེར་བཟུང་ནས་བདེ་སྲུང་བོད་གནས་ཉམས་ཞིབ་འགན་འཛིན་ནས་བོད་ནང་གི་བོད་མྀའི་ས་ཁུལ་ཁག་ནང་རྒྱ་གཞུང་གི་འཆར་འགོད་གནས་ཚུལ་སྐོར་ཉམས་ཞིབ་གྲུབ་དོན་ངོ་སྤྲོད་གནང་ཡོད་པ་འདི་ནི་རྒྱུ་མཚན་ཆེན་པོ་ཞིག་ལ་བསམ་བློ་བཏང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་གིས་མ་འོངས་པའི་བོད་མིའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅི་འདྲ་ཞིག་དང༌། འཆར་སྣང་ཅི་འདྲ་ཞིག་བཟུང་ནས་འཆར་གཞི་གང་ཞིག་བཀོད་སྒྲིག་དང་ལག་བསྟར་བྱེད་ཀྱི་ཡོད་པ་དང༌། དེ་དག་གིས་ད་ལྟ་དང༌། འབྱུང་འགྱུར་བོད་དང་བོད་མི་རིགས་ལ་ཕན་གནོད་ཀྱི་བག་ཆགས་གང་འདྲ་ཞིག་འཇོག་མིན་བཅས་ལ་ཤེས་རྟོགས་བྱས་ཏེ་རང་རེས་བློ་སྒོ་ཡངས་པོར་ཕྱེ་ཐུབ་པ་བྱས་ནས་དེར་ཁ་གཏད་གདོང་ལེན་ཐུབ་པའི་འཆར་གཞི་བསྒྲིག་མ་ཐུབ་ན་རང་ཅག་དུས་སྐབས་འདིའི་མི་རབས་ནས་བོད་དང་བོད་མིའི་ལས་དབང་གི་འགན་ཁུར་མ་ཐུབ་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡོང་རྒྱུ་ཡིན།

ད་ལྟའི་ཕྱིའི་སྟོབས་ཤུགས་ཐོག་ནས་བཤད་ན་ང་ཚོ་དང༌། རྒྱ་ནག་བར་རི་རབ་དང་ཡུང་དཀར་ལྟ་བུའི་མཚུངས་བསྡུར་བྱེད་ཐབས་མེད་པའི་ཧེ་བག་ལྡན་ཡོད་ཀྱང་ནང་རྐྱེན་སྟོབས་ཤུགས་ཁྱབ་ཁོངས་ནང་ང་ཚོས་འགྲན་རྩོད་ཐུབ་པའི་ནུས་ཤུགས་ཀྱི་ཁྱབ་ཁོངས་ཆེན་པོ་ཞིག་ད་དུང་ང་ཚོར་ཡོད། ཕྱིའི་སྟོབས་ཤུགས་ཧེ་བག་ཕྱིན་པའི་དབང་གིས་དུས་ནམ་ཡང་ང་ཚོས་ཁ་གཏད་འཇལ་མི་ཐུབ་པར་ངོས་འཛིན་བྱས་ན་དེ་ནི་ཧ་ཅང་ནོར་འཁྲུལ་ཡིན། ལོ་རྒྱུས་ཐོག་བདེན་རྫུན་ཤན་འབྱེད་པའི་འཐབ་རྩོད་ནང་ཕྱི་དངོས་པོའི་སྟོབས་ཤུགས་ཆེ་ཆུང་གི་གནད་དོན་ཁོ་ནར་ལྟོས་པ་ཡོད་པ་མ་ཡིན་པར་དོན་དངོས་དང་ནང་བསམ་པའི་སྟོབས་ཤུགས་ཀྱི་འགྲན་རྩོད་ཤུགས་ཆེ་ཞིག་དགོས་པ་ནི་གཙོ་བོའི་རྒྱུ་རྐྱེན་ཞིག་ཏུ་མཐོང་རྒྱུ་ཡོད་པ་ཡིན། རང་རེས་རང་རེའི་སྟོབས་ཤུགས་ཀྱི་ནུས་པ་དང༌། འགྲན་རྩོད་ཁྱབ་ཁོངས་ཀྱི་རྨང་གཞིར་ཡང་དག་པའི་ངོས་འཛིན་དང་ངེས་ཤེས་རྙེད་པ་བྱས་ཏེ་འཆར་གཞི་ལེགས་པོ་ལྡན་པའི་ངང་གདོང་ལེན་བྱེད་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བྱུས་ངན་དང་བསམ་ཚུལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་ཁ་གཏད་གདོང་ལེན་བྱེད་མི་ཐུབ་པ་གཏན་ནས་མེད་པ་ངེས་ཤེས་བརྟན་པོ་ཡོད། ང་ཚོས་མ་འོངས་པའི་བོད་འདི་འཚེ་མེད་ཞི་བའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་དགོས་ན་མ་འོངས་པའི་བོད་ཀྱི་དཔལ་འབྱོར་གནས་སྟངས་འདི་ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་དབུ་མའི་ལམ་གྱི་དཔལ་འབྱོར་ལམ་སྲོལ་ཐོག་བསྐྱོད་དགོས་པ་དང༌། དེའི་གྲ་སྒྲིག་རང་རེས་ད་ལྟ་བྱེད་རྒྱུ་ཕྱིས་དྲགས་པ་ལས་སྔ་མེད། ང་ཚོས་གྲ་སྒྲིག་གི་ཚོད་བལྟ་བྱེད་ཡུལ་ནི་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡིན། དེའི་ནང་ནས་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གཙོ་གནད་ཡིན། གཞིས་ཆགས་དེ་དག་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་གནས་བབ་ཐད་དགོངས་གཞི་གང་འདྲ་ཡོད་པ་དེ་དག་ཤེས་པ་བྱས་ཏེ་དེ་དང་མཐུན་པའི་གོམ་བགྲོད་བྱ་རྒྱུ་ང་རང་སྒེར་དང་བཀའ་ཤག་ངོས་ནས་རྩ་དོན་དུ་བརྩི་གི་ཡོད། དེའི་ཆེད་དུ་འཆར་འགོད་ལྷན་ཁང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང༌། གཞུང་གི་ལས་ཁུངས་ཡོངས་སུ་རྫོགས་པའི་མ་འོངས་འཆར་གཞིའི་ལས་དོན་གང་འདྲ་ཞིག་ཡིན་ཡང་ད་ལྟའི་ལམ་སྟོན་ཡོད་པའི་འཆར་འགོད་ཀྱི་ལྟ་གྲུབ་ལམ་སྟོན་དང༌། གཏན་ནས་མི་འགལ་བར་ལས་དོན་བྱེད་དགོས་པ་ནན་ཏན་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༡༠ ནས་ ༡༩༧༠ བར་གྱི་གླིང་ཆེན་ཨེ་ཤི་ཡ་དང༌། ཕྱི་ལོ་ ༡༩༤༥ ལོར་རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་འཕོ་འགྱུར་དང༌། ལྷག་པར་རྒྱ་གར་གཞུང་མང་ནས་བདག་ཉིད་ཆེན་པོ་གཱན་དྷིའི་གྲོང་གསེབ་རང་སྐྱོང་སོགས་རྣམ་དཔྱོད་ཆེ་བའི་ལྟ་གྲུབ་དང༌། རིག་པའི་གཞུང་ལུགས་ཁག་ལ་ངོས་འཛིན་ཡང་དག་པའི་མདུན་བསྐྱོད་མ་ཐུབ་པར་རྒྱ་གར་མི་མང་གི་མདུན་ལམ་ལ་གོད་ཆགས་བྱུང་བའི་ཁྱོན་ཡོངས་ཀྱི་ཉམས་ཉེས་གནས་ཚུལ་ལ་ཕྱི་མིག་གཟིགས་ནས་རང་རེས་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་དག་ཤེས་པ་དང༌། ཤེས་ནས་བསྐྱར་ཟློས་མི་ཡོང་བར་མ་འོངས་བོད་ཀྱི་ལས་དབང་གི་འཆར་སྣང་ཡང་དག་ཅིག་དང༌། འཆར་གཞི་ཡང་དག་པའི་ཐོག་རྒྱལ་ཁབ་དང༌། མི་རིགས་ཀྱི་མདུན་ལམ་ཁ་ཕྱོགས་ཀྱི་སྣེ་ཁྲིད་ཐུབ་རྒྱུར་འབད་བརྩོན་ལྷོད་མེད་ཀྱིས་ལེགས་སྐྱེས་འབུལ་དགོས།