བཀྲས་རབ་གླིང་དུ་ཕར་ཕྱིན་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཐོག་གསུང་བཤད།

༄༅།། དེཧརཱདཱུན་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བཀྲས་རབ་གླིང་གིས་ལོ་གཅིག་ཙམ་གོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩།༠༠ ནས་ ༡༠།༣༠ བར་དང་། ༡༡།༠༠ ནས་ ༡༢།༣༠ བར། ཕྱི་དྲོ་ཚོུད་ ༢།༠༠ ནས་ ༣།༣༠ བར་དང་།Terab Ling 7 ༤།༠༠ ནས་ ༥།༠༠ བར་བཅས་ཚོགས་ཐུན་བཞིའི་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཕར་ཕྱིན་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་འདུག
དེ་ཡང་སློབ་དཔོན་མཆོག་ནས་ཐོག་མར་དགེ་ལྡན་ཕྱག་རྒྱ་ཆེན་པོའི་འབྱུང་ཁུངས་དང་བརྒྱུད་རིམ། ཕྱག་རྒྱ་ཆེན་པོ་ལས་འཕྲོས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད། ཐོས་བསམ་སྒོམ་གསུམ། ཞི་གནས་དང་ལྷག་མཐོང་བཅས་སྒོམ་གྱི་སྐོར་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་དཔེར་ན། བླ་མའི་རྣལ་འབྱོར། རིགས་པ་བཞི། ཉམ་ཐག་པའི་འཇིག་རྟེན་དང་འགྲོ་བ་སྐྱོབ་ཐབས། ཞི་བདེ་ཡོང་ཐབས། ཆབ་སྲིད་ཀྱི་མགོ་ཁྲིད་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གང་དང་གང་ཡིན་མིན་སོགས་ཀྱི་ཐད་ལན་འདེབས་གནད་སྨིན་གནང་། འདིའི་ནང་ཡོ་རོབ་ཀྱི་ཡུལ་གྲུ་དུ་མ་དང་ཨ་རི་ཁེ་ན་ཌ་སོགས་ནས་སློབ་དཔོན་རྣམ་པ་དང་། སྒྱུ་རྩལ་བ། རྩོམ་པ་པོ་སོགས་མང་པོ་ཕེབས་འདུག
Terab Ling 6༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༩།༠༠ ནས་ ༡༠།༣༠ བར་དང་། སླར་ཡང་ཚོུད་ ༡༡།༠༠ ནས་ ༡༢།༣༠ བར་བཅས་ཚོགས་ཐུན་གཉིས་རིང་མུ་མཐུད་དེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དགེ་ལྡན་ཕྱག་རྒྱ་ཆེན་པོའི་སྒོམ་ལས་འཕྲོས་ཏེ་སྔོན་འགྲོ་ཀུན་སློང་བཅོས་ཚུལ་དང་། སྒོམ་དངོས་གཞིའི་སྐབས་ཐུན་དང་ཐུན་མཚམས་སུ་བྱ་བ། མཇུག་བསྔོ་བ་བཅས་གལ་ཆེ་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་དང་དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་གནད་འཁེལ་བཅས་གནང་འདུག
ཉིན་རྒྱབ་ཏུ་ཕྱི་རྒྱལ་ཉམས་ཞིབ་པ་འགའ་ཞིག་ལ་དུས་ཚོད་ཟུར་བཅད་ཀྱིས་ཁོང་ཚོའི་ཉམས་ཞིབ་དང་འབྲེལ་བའི་ཐོག་ལམ་སྟོན་སོགས་ཞུས་ཤིང་། དེ་ནས་བཀྲས་རབ་གླིང་གི་བརྙན་འཕྲིན་བཅར་འདྲིའི་ཆེད་དུས་ཚོད་གནང་བ་བཅས།