བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་སླར་ཡང་བསམ་ཞིབ་དང་

ྋགོང་ས་མཆོག་གིས་བསྐྱར་བཅོས་ཟིན་པའི་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་སླར་ཡང་བསམ་ཞིབ་དང་བསྐྱར་བཅོས་ཞུ་དགོས་བཀའ་ཕེབས་པ་དེའི་ཐོག་གསལ་བཟོ་གནང་བ།
སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པ་འདིའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གྲོས་ཚོགས་སུ་དངོས་སུ་ྋཞབས་སོར་འཁོད་དེ་བཅའ་ཁྲིམས་ཀྱི་དོན་ཚན་ ༤༣ པའི་ཆ་རྐྱེན་འོག་གསུང་བཤད་བཀྲིན་བསྩལ་བ་རེད། གསུང་བཤད་དེའི་དགོངས་དོན་གཙོ་བོ་ནི་ཉེ་ཆར་བསྐྱར་བཅོས་ཟིན་པའི་བཅའ་ཁྲིམས་ད་ལྟ་ལག་ལེན་དུ་བསྟར་རྒྱུར་བསྡད་པ་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་དེ་སླར་ཡང་བསམ་ཞིབ་དང་བསྐྱར་བཅོས་ཞུ་དགོས་སྐོར་བཀའ་ཕེབས་ཡོད། དེ་ལྟར་བསྐྱར་བཅོས་ཞུ་དགོས་པའི་སྒྲུབ་བྱེད་དུ་ྋགོང་ས་མཆོག་གིས་རྒྱུ་མཚན་གསུམ་བཀའ་ཕེབས་ཡོད་ཅིང༌། རྒྱུ་མཚན་དང་པོ་ནི་ཚོགས་ཐེངས་སྔོན་མ་ལ་བསྐྱར་བཅོས་བྱས་པའི་ལམ་སྲོལ་འདི་བཙན་བྱོལ་བོད་མི་རྣམས་ད་དུང་ལོ་བཞི་བཅུ་ལྔ་བཅུའི་རིང་ཕྱི་རྒྱལ་དུ་བསྡད་དགོས་པའི་གནས་ཚུལ་བྱུང་ཚེ་སླར་ཡང་འགྱུར་བ་གཏོང་དགོས་པ་ཞིག་ཆགས་ངེས་རེད། དེ་ལས་ད་རེས་ཐེངས་གཅིག་ལ་བསྒྱུར་བཅོས་ཆེ་ཙམ་བཏང་ནས་གཞུང་ལུགས་ལས་རབ་བརྒལ་གཅིག་ལ་བརྫེ་བཅང་གཉིས་མིན་ཞེས་གསུངས་པ་ལྟར་ཡང་ཡང་འགྱུར་བ་གཏོང་མི་དགོས་པ་བྱས་ན་ལེགས་པོ་ཡོང་ངེས་ཡིན་པ་དང༌། རྒྱུ་མཚན་གཉིས་པ། ྋསྐྱབས་མགོན་རིན་པོ་ཆེས་འོས་དམིགས་བསྩལ་ཕྱོགས་ཐད་འདས་པའི་བཀའ་བློན་འོས་འདེམས་ཁག་གིས་ཐུགས་ཀྱི་ཉམས་མྱོང་ལ་གཞིགས་ན་ཐུགས་བློ་ཁེངས་པ་ཡོང་རྒྱུ་དཀའ་བ་དང༌། ྋསྐྱབས་མགོན་རིན་པོ་ཆེ་ཉིད་ཀྱིས་གནས་ཚུལ་ཡོངས་རྫོགས་མཁྱེན་རྒྱུ་ཁག་པོ་དང༌། འབྲེལ་ཡོད་སོ་སོ་ལ་བཀའ་འདྲི་གནང་ནའང་དགེ་སྐྱོན་གཉིས་ཀ་ཡོད་པ་ཡོང་གི་འདུག་སྟབས། ད་རེས་འགྱུར་བ་གཏོང་ན་ཡག་པོ་འདུག་ཅེས་བཀའ་ཕེབས་སོང༌། རྒྱུ་མཚན་གསུམ་པ། ཕྱི་ནས་སྐྱོན་འདོགས་བྱེད་མཁན་ཞིག་གིས་བལྟས་ན་ང་ཚོའི་འོས་བསྡུའི་འགྲོ་སྟངས་འདི་དམར་ཤོག་ཚོགས་པའི་འོས་བསྡུ་བྱེད་སྟངས་གོང་རིམ་གྱིས་མར་སྤྲད་པའི་མིང་ཐོའི་ནང་ནས་འགྱིག་ཐམ་རྒྱག་པ་བཞིན་འདེམས་རྒྱུ་ལས་འདེམས་བྱེད་གང་ཟག་སོ་སོའི་རང་འདོད་ཐོག་ནས་འདེམས་རྒྱུ་མེད་པ་ནང་བཞིན་ྋརྒྱལ་བ་རིན་པོ་ཆེས་གནང་བའི་འོས་གཞིའི་ནང་ནས་བཙལ་རྒྱུ་མ་གཏོགས་གཞན་མེད་པས་མང་གཙོའི་ལམ་སྲོལ་ཆ་ཚང་བ་ཞིག་མ་རེད་ཅེས་བརྗོད་ཚེ་དེར་ལན་བརྒྱབ་རྒྱུ་དཀའ་བས་བསྐྱར་བཅོས་གནང་ན་ལེགས་ཞེས་བཀའ་ཕེབས་པ་རེད། གནང་ཕྱོགས་ནི་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་དང་མཚུངས་པར་བཀའ་བློན་ཁྲི་པ་དེ་བོད་ནང་ཡོད་པའི་བོད་མི་ཚོས་འོས་ཤོག་བླུག་མི་ཐུབ་ཀྱང༌། བཙན་བྱོལ་ནང་ཡོད་པའི་བོད་མི་ཡོངས་རྫོགས་ཀྱིས་འོས་ཤོག་བླུགས་ཏེ་མང་ཚོགས་ཀྱིས་ཐད་ཀར་བདམས་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོང་བ་དང༌། འདེམས་སྟངས་ཀྱང་ཐོག་མར་འོས་མི་མང་ཙམ་འདོན་མཁན་གྱི་ཚོགས་ཆུང་ཞིག་བཟོ་ན་ལེགས་པ་ཡོད་དམ། ཡང་ན་དེ་མིན་གྱི་ཐབས་ལམ་གཞན་ཞིག་བྱས་ན་ལེགས་པ་ཡོད་དམ། གལ་སྲིད་ཚོགས་ཆུང་ཞིག་གིས་འོས་དམིགས་འདེམས་རྒྱུར་ཆ་བཞག་ན་བཀའ་བློན་ཟུར་པ་དང༌། སྤྱི་འཐུས་ཟུར་པ། དྲུང་ཆེ་ཡན་ཆད་ཀྱི་གཞུང་ཞབས་ཟུར་པ་སོགས་མི་ཉི་ཤུ་སུམ་ཅུ་ཙམ་གྱི་ཚོགས་ཆུང་གཞི་རྒྱ་ཆེ་ཙམ་བཟོས་ཏེ་དེའི་ཐོག་ནས་འོས་མི་ཉི་ཤུ་སུམ་ཅུ་ཙམ་བཏོན་པ་མང་ཚོགས་ལ་བཀྲམས། དེ་ཐོག་སྔོན་འགྲོའི་འོས་ཤོག་བསྡུས་ཏེ་གྲངས་མང་ཤོས་རྩེ་བཏོག་གི་ཐོག་ནས་མི་གཉིས་གསུམ་གང་རུང་ཞིག་མཐའ་མའི་འོས་གཞིར་བྱས་ནས་འོས་འདེམས་བྱས་ཏེ་གང་ཐོན་པ་དེ་བཀའ་བློན་ཁྲི་པ་བྱེད་ན་སྙམ། འོན་ཀྱང་བྱེད་སྟངས་དེ་གྲོས་ཚོགས་ནང་བཀའ་བསྡུར་གྱིས་ཐག་གཅོད་ན་ཡག་པོ་འདུག་ཅེས་བཀའ་ཕེབས་པ་རེད། དེ་ཡང་ྋསྐྱབས་མགོན་རིན་པོ་ཆེས་གཞུང་འབྲེལ་གྱི་ཐོག་ནས་ཐག་བཅད་ཟིན་པའི་ཐོག་བཀའ་གནང་བ་མིན། དགོངས་འཆར་གྱི་ཚུལ་དུ་བཀའ་གནང་བ་ཡིན། དེར་བརྟེན་གསར་ཤོག་སོགས་བརྒྱུད་ལམ་གྱི་ཐོག་དྲིལ་བསྒྲགས་བྱེད་དགོས་དོན་མེད། སྔོན་ལ་སྤྱི་འཐུས་རྣམ་པས་བཀའ་བསྡུར་ཐག་གཅོད་གནང་ན་ཡག་པོ་ཡོད་རེད་ཅེས་བཀའ་ཕེབས་པ་དེའི་སྙིང་དོན་རྣམས་སྤྱི་འཐུས་རྣམ་པའི་དགོངས་པར་གསལ་པོ་ཡོང་སླད་བསྐྱར་ལྡབ་ཞུས་པ་ཡིན། ཉིན་དེར་གྲོས་ཚོགས་སུ་མ་ཕེབས་པའི་སྤྱི་འཐུས་རྣམ་པས་ཀྱང་གསུང་བཤད་དེའི་བརྗོད་བྱ་ཡོངས་སུ་རྫོགས་པ་གསལ་པོ་ཞིག་ཐུགས་ལ་ངེས་པ་བྱུང་ཡོད་མེད་ཐོག་དྭོགས་གནས་བྱུང་སོང་བས་གསུང་བཤད་ངོ་མའི་སྒྲ་འཛིན་འཁོར་ཐག་སླར་ཡང་སྙན་སྒྲོན་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གི་བཀའ་སློབ་སྒྲ་འཛིན་འཁོར་ཐག་ནས་སྙན་སྒྲོན་ཞུས། དེ་གསན་རྗེས་དེ་རིང་གི་ཕྱི་དྲོའི་ལས་རིམ་དུ་སྤྱི་འཐུས་རྣམས་ཚོགས་ཆུང་ཁག་གསུམ་དུ་བགོས་ཏེ་ཚོགས་ཆུང་སོ་སོས་བཀའ་བསྡུར་གནང་རྒྱུ་ཡིན། བཀའ་བསྡུར་གནང་སྐབས་ྋསྐྱབས་མགོན་རིན་པོ་ཆེའི་གསུང་བཤད་གཞིར་བཞག་གིས་བཅའ་ཁྲིམས་བསྐྱར་བཅོས་བྱེད་ཕྱོགས་ཐོག་བཀའ་བསྡུར་གནང་དགོས། རྗེས་སོར་ཚོགས་ཆུང་སོ་སོའི་སྙན་ཐོའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྱི་ཟིན་བྲིས་རགས་ཙམ་འཐོན་ཐུབ་པ་ཞིག་གནང་དགོས་གལ་ཆེ། ཟིན་བྲིས་སྐྱོན་སྟངས་ཀྱང་ཚོགས་དུས་སྔོན་མར་བཅའ་ཁྲིམས་བསྐྱར་བཅོས་བྱས་ཟིན་པ་དེ་བརྗོད་ཚིག་རྙིང་པར་ཆ་བཞག་སྟེ་ཚིག་བརྗོད་གསར་པ་གང་དང་གང་བཟོ་དགོས་པ་ཞིག་ལ་དགོངས་པ་བཞེས་དགོས་པ་ཡིན། གསུང་བཤད་ནང་འཕྲོས་དོན་གྱི་གནས་ཚུལ་གཞན་ཞིག་ལ་བཀའ་བློན་གྱི་འོས་ཆོས་ནང་ བྱབྱབཀའ་བློན་ལས་ཁུར་བསྟུད་མར་ལན་གཉིས་བྱས་ཟིན་པ་མ་ཡིན་པ་བྱབྱ ཞེས་པའང་ང་ཚོར་མི་ཉུང་ཉུང་ཡིན་པས་འཚམས་པོ་ཞིག་མི་འདུག་པས་ཕྱིར་བསྡུ་བྱེད་ན་ལེགས་པོ་མེད་དམ། ཞེས་ཀྱང་བཀའ་གནང་ཡོད། དེ་ལའང་དགོངས་བཞེས་བཀའ་བསྡུར་གནང་དགོས། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦