བཀའ་བློན་ཁྲི་པས་ལས་ཁུར་ཉིན་དང་པོར་གཞིས་བྱེས་བོད་མི་ཡོངས་དང་རྒྱལ་སྤྱིའི་བོད་ཀྱི་གྲོགས་པོ་ཡོངས་ལ་གནང་བའི་འཚམས་འཕྲིན།

༢༠༠༦ ཕྱི་ཟླ་ ༨ ཚེས་ ༡༥ ཉིན། ༄༅། །བརྩེ་ལྡན་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་དང༌། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་ཡོངས་ལ་ཞུ་རྒྱུ། ད་ལམ་བཙན་བྱོལ་བོད་མི་རྣམས་ཀྱིས་སྐབས་བཅུ་གསུམ་པའི་བཀའ་ཁྲིར་ཕྲན་ལ་འོས་འདེམས་བྱུང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཁྲིར་བསྐོ་གཞག་བསྩལ་དོན་བཞིན། ད་རིང་བོད་མེ་ཁྱི་ཧོར་ཟླ་ ༦ ཚེས་ ༢༢ ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དྲུང་དུ་ལས་ཁུར་དང་གསང་བའི་དམ་བཅའ་ཕུལ་ཏེ་ལས་དོན་དུ་ཞུགས་ཟིན་པ་ཡིན། གོ་སྐབས་འདི་བཟུང་སྟེ། ཐོག་མ་བཙན་བྱོལ་བོད་རིགས་མཁྱེན་ལྡན་མང་དག་ཅིག་གིས་ཕྲན་ལ་བཀའ་ཁྲིའི་འོས་ཤོག་མ་བླུགས་པ་དང༌། འོས་ཤོག་བླུག་མི་རུང་བའི་དྲིལ་བསྒྲགས་གང་ཐུབ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ྋགོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུའི་ལམ་ནས་ཡོང་རྒྱུའི་ལམ་སྟོན་མཛད་པའི་དགོས་དམིགས་གཙོ་བོ་ན་གཞོན་ཡར་ཐོན་ཅན་རྣམས་ཀྱིས་བོད་མིའི་འགོ་ཁྲིད་བྱེད་རྒྱུའི་གོ་སྐབས་བསྐྲུན་གནང་མཛད་པ་ཞིག་ཡིན་པ་མ་ཟད། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ནུས་ལྡན་གྱི་གཞོན་སྐྱེས་ཚོས་བོད་རིགས་ཀྱི་འགོ་ཁྲིད་བྱ་རྒྱུ་དགོས་གལ་ཆེར་གཟིགས་ཤིང༌། ཕ་རོལ་པོར་ཡང་བོད་མིའི་ཆབ་སྲིད་ཀྱི་གནས་བབ་མི་རེ་ཟུང་ལ་རག་མ་ལས་པར། མང་ཚོགས་ཁྲོད་དུ་འགོ་ཁྲིད་ཀྱི་ནུས་པ་དང༌། གདམ་ག་རྒྱ་ཆེ་ཡོད་པ་གསལ་སྟོན་ཐུབ་པའི་ཆེད་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ད་ལམ་བསྐྱར་དུ་ཕྲན་ལ་འོས་འདེམས་བྱུང་བ་ནི་དགའ་སྤོབས་འོས་པ་ཞིག་མིན་ཡང༌། མང་གཙོའི་རིང་ལུགས་ནང་མང་ཚོགས་ཀྱི་བཀའ་ལུང་ལ་གུས་བརྩི་ཞུ་དགོས་པ་ཡིན་སྟབས་དང་ལེན་ཞུས་པ་ཡིན། ཕྲན་གྱི་བཀའ་ཁྲིའི་ལས་ཡུན་དང་པོའི་རིང་བོད་རིགས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་འབའ་ཞིག་ལས། སྐབས་འཕྲལ་མང་ཚོགས་ཀྱིས་དགའ་མོས་བྱས་མིན་ལ་མ་བསམས་པར་མང་མོས་དཀའ་བའི་ལས་དོན་མང་པོ་ཐག་གཅོད་དང་ལག་བསྟར་བྱས་སྟབས། ད་ལམ་བསྐྱར་དུ་འོས་འདེམས་ཡོང་དྭོགས་ཆུང་ཞིང༌། ཅི་སྟེ་བྱུང་ཡང་མང་མོས་ཕལ་པ་ཙམ་ལས་ཡོང་རེ་མེད་མོད། སྔར་ལྷག་མང་མོས་ཤུགས་ཆེ་ཐོབ་པ་འདི་ཡ་མཚན་གྱི་གནས་སུ་གྱུར་ཅིང༌། ཤིན་ཏུ་ལྕི་བའི་ལས་འགན་ཞིག་རང་ལ་བབས་པའི་ཚོར་སྣང་དང༌། མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ལས་དོན་ཞིག་བསྒྲུབ་ཨེ་ཐུབ་སྙམ་པའི་ཡིད་གཉིས་ཀྱི་གནས་སུ་ལྷུང༌། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཕྲན་ལ་འོས་ཤོག་བླུག་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་འོས་འཚམས་སུ་མ་མཐོང་ཡང༌། ཁྱེད་རྣམས་ཀྱིས་བརྩེ་བ་དང་གདེང་འཇོག་ཇི་གནང་གསལ་རྟོགས་ཡོད་པ་མ་ཟད། ཁྱེད་ཚོའི་རེ་འདོད་དང་མཐུན་པའི་ལས་དོན་བསྒྲུབ་ཐུབ་པའི་མཆོག་གསུམ་ལ་གསོལ་འདེབས་དང༌། སྒོ་གསུམ་ནུས་པ་གང་ལྕོགས་ཀྱིས་འབད་བརྩོན་ཞུ་རྒྱུ་ཡིན། ལྷག་པར་ད་ལམ་མང་མོས་དེ་གང་ཟག་ལ་ལྟོས་ཏེ་མ་ཡིན་པར། འདས་པའི་ལོ་ལྔའི་ནང་ང་དང་ངའི་འཛིན་སྐྱོང་གིས་དམ་འཛིན་བྱས་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང༌། ལས་རིམ་ཁག་ལ་རྒྱབ་སྐྱོར་ཡིན་པ་གསལ་རྟོགས་ཡོད་སྟབས། སྔར་ལས་ཆོད་སེམས་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་སྲིད་བྱུས་དང་ལས་རིམ་དེ་དག་གི་ཐོག་ཏུ་འབད་བརྩོན་ཤུགས་བསྐྱེད་བྱ་རྒྱུ་ཡིན།

འདས་པའི་ལོ་ལྔའི་རིང་ངའི་འཛིན་སྐྱོང་གིས་ལས་དོན་གང་བྱས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་ལུང་དང་བསྟུན་ཏེ་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་རྒྱ་ལས་མ་བརྒལ་བར་རྒྱབ་མདུན་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་གྱིས་བྱས་པ་དེ་རྣམས་མང་ཚོགས་ཀྱི་གཟིགས་ཡུལ་དུ་ཡོད་མུས་ལ་སོང༌། ད་ལམ་གནས་ཚུལ་མང་པོའི་ཐོག་གསལ་བཤད་ཞུ་རྒྱུའི་དགོས་པ་མ་མཐོང༌། ད་ཕན་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ལས་རིམ་རྣམས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་དང༌། གནས་ཚུལ་གསར་པ་བྱུང་ཚེ་ྋགོང་ས་མཆོག་གི་བཀའ་དགོངས་དང་བསྟུན་སྐབས་མཚམས་སོ་སོར་མང་ཚོགས་དང༌། གྲོས་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་དང༌། སྲིད་བྱུས་གསར་པ་གཏན་འབེབས་བྱ་རྒྱུར་ཡང་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད།
བཙན་བྱོལ་བོད་མིའི་བསྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་འབྲེལ་མོལ་འགྲོ་བཞིན་པ་དེ་དག་མུ་མཐུད་འབད་བརྩོན་ཤུགས་བསྐྱེད་བྱ་རྒྱུ་ཡིན་རུང༌། བར་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་དབུ་ཁྲིད་རྣམ་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་རེ་ཟུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་འཛེམས་ཟོན་མེད་པར་མཚན་སྨོད་དང༌། བོད་མི་མང་ཚོགས་ལ་དམ་བསྒྲགས་ཆེ་རུ་ཕྱིན་པ་སོགས་བློ་ཕམ་སྐྱེ་ཡུལ་གྱི་གནས་ཚུལ་དུ་མ་ཞིག་ལ་བརྟེན་ནས་ད་ལྟ་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་འདི་བཞིན་ལམ་ལྷོང་ཡོང་གི་མེད་པའི་ཐུགས་དྭོགས་གནང་མཁན་ཇི་སྙེད་ཅིག་ཡོད་པ་གདོན་མི་ཟ་ཡང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་ཅིང༌། དུས་ཚོད་འོས་འཚམས་ཐོག་ྋགོང་ས་ཆེན་པོའི་སྐུ་ཚབ་ཚོགས་ཆུང་ཕེབས་ཐེངས་དྲུག་པ་ཆེད་གཏོང་གནང་རྒྱུར་དགོས་ངེས་ཀྱི་གོ་སྒྲིག་ཞུ་བཞིན་པ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་བཀའ་ཤག་སྐབས་བཅུ་གསུམ་པས་མུ་མཐུད་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་ཀྱི་ལས་རིམ་རྣམས་སྔར་རྒྱུན་བཞིན་མུ་མཐུད་བྱ་རྒྱུ་ཡིན།
གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཡོང་ཐབས་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ལས་གཞི་སྔར་ཡོད་རྣམས་མཇུག་སྐྱོང་བྱ་རྒྱུའི་ཐོག་སྔར་བཞིན་བརྩོན་པ་ལྷུར་བསྐྱེད་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་སྐེག་སྔོན་བསུ་དང༌། རྗེས་ལོ་དགུང་སྐེག་དངོས་གཞིར་ཕེབས་རྒྱུར་བརྟེན་ཕྱི་ནང་གི་ཞབས་རིམ་དང༌། ལྷག་པར་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་སྤེལ་ཐབས་ལ་ནུས་པ་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུར་གཞིས་བྱེས་བོད་མི་མང་ཚོགས་ཀྱིས་སྔར་བཞིན་མཐུན་འགྱུར་དང་རྒྱབ་སྐྱོར་མུ་མཐུད་གནང་བའི་ཡིད་ཆེས་བརྟན་པོ་ཡོད།
གཞིས་བཞུགས་བོད་མི་ཡོངས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དད་འདུན་གཡོ་བ་མེད་པའི་དམ་ཚིག་སྲ་བརྟན་ཐོག་ལུས་སྲོག་གི་ཉེན་ཁ་ལ་མ་འཛེམས་པར་མི་རིགས་ཀྱི་རྩ་དོན་ཆེ་ཕྲ་ཁག་དམ་འཛིན་མཛད་དང་མཛད་བཞིན་པ་ནི་བཙན་བྱོལ་བོད་མི་རྣམས་ལ་སྙིང་སྟོབས་དང་སེམས་འགུལ་སྤེལ་བའི་ཆ་རྐྱེན་གཙོ་བོ་དེ་ཡིན་པས་ཚང་མར་ད་རེས་ཀྱི་གོ་སྐབས་འདིར་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ཀྱི་ས་ཁུལ་མང་པོ་ནས་དང་བླངས་དཔྱ་ཁྲལ་འབུལ་འབབ་བསྐུར་བ་སོགས་གཞིས་བྱེས་ལྷག་བསམ་ཆིག་བསྒྲིལ་གྱི་རྣམ་པ་མཚོན་པའི་མཛད་ཕྱོགས་སྣ་ཚོགས་ཕྱག་བཞེས་གནང་འདུག་པ་འདི་དག་ལྷག་བསམ་དང་སྙིང་སྟོབས་མཚོན་པའི་བསྔགས་བརྗོད་ཀྱི་འོས་སུ་ཆེ་བ་སྨོས་མ་དགོས་ཀྱང༌། རང་གི་བདེ་འཇགས་ཀྱི་གནས་བབ་ལ་ཉེན་ཁ་ཡོད་པའི་རིགས་གནས་སྐབས་ཕྱག་བསྟར་མ་གནང་ན་ལེགས་ཚོགས་ཆེ་བས་དེ་ལུགས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མི་རིགས་ལ་ཕན་པའི་ཆོས་སྲིད་ཀྱི་བྱ་བའི་ཐོག་རང་བློས་གང་ཆོད་ཀྱིས་རྒྱུ་དངོས་གཏོང་སྦྱིན་མཛད་ན་དང་བླངས་དཔྱ་ཁྲལ་འབུལ་བ་དང་ཁྱད་པར་མེད།
ཚང་མའི་དགོངས་གསལ་ལྟར། འདི་ལོའི་ཕྱི་ཟླ་ལྔ་པ་ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ས་མང་པོར་ྋགོང་ས་ཆེན་པོར་མཚན་སྨོད་དང༌། ཁ་བྲལ་ལ་ངོ་རྒོལ། རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་མིང་འདོགས་སྣ་ཚོགས་ཀྱིས་བསྙད་གཙེར་དང༌། དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར་གཞིས་བཞུགས་བོད་མི་ཡོངས་ཀྱིས་གནས་སྐབས་རང་ཉིད་དོན་མེད་བཙོན་འཇུག་དང༌། མནར་གཅོད་སོགས་དཀའ་རྙོག་མི་ཡོང་བའི་ཆེད་ཕྱིའི་མཛད་ཐབས་གང་མཁས་གནང་གལ་ཆེ་བ་ལས། བསམ་པ་བཟོད་མེད་ཀྱིས་རང་ཉིད་བློས་བཏང་བྱ་རྒྱུ་རེ་ཞིག་ཕན་ཐོགས་ཆེ་བ་ཡོང་གཞི་མ་མཐོང༌། བོད་མི་རིགས་ཀྱི་འཐབ་རྩོད་ནི་བདེན་པ་དང་འཚེ་བ་མེད་པའི་ལམ་ལ་བརྟེན་པ་ཞིག་ཡིན་སྟབས། ནམ་ཞིག་བདེན་མཐའ་གསལ་བའི་ཡིད་ཆེས་བོད་མི་ཡོངས་ཀྱིས་གནང་ཆོག་ངེས་ཡིན་པས་ཡིད་ཞུམ་གནང་དགོས་མ་མཆིས། གཞིས་བཞུགས་ན་གཞོན་རྣམས་ཀྱིས་ཤེས་ཡོན་སློབ་སྦྱོང་ཐད་ཐུགས་སྣང་ཆེན་པོས་སློབ་ཚན་ལ་དབྱེ་བ་མེད་པར་གོ་སྐབས་གང་རྙེད་དུ་སློབ་སྦྱོང་གནང་གལ་ཆེ་བ་དང༌། མི་རེ་ངོ་རེས་བོད་རིགས་ཀྱི་འདུ་ཤེས་མ་འདོར་བའི་བློ་སྤོབས་སྔར་བཞིན་རྒྱུན་བཅང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༡༠ པའི་ནང་ཕྱག་སྦྲེལ་བཀའ་བློན་རྣམ་པའི་དམ་འབུལ་ཟིན་མཚམས་སླར་ཡང་འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གི་ལས་རིམ་རྣམས་ཀྱི་ཆེད་མང་ཚོགས་ལ་གསལ་བསྒྲགས་ཞུ་རྒྱུ་ཡིན།
དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་བཞུགས་པའི་བོད་དོན་རྒྱབ་སྐྱོར་བ་དང༌། བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཅན་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་དང༌། ཁྱེད་རྣམ་པས་སྔར་བཞིན་མཐུན་འགྱུར་རྒྱུན་སྐྱོང་ཡོང་བའི་ཡིད་ཆེས་ཡོད། ཚང་མས་མཁྱེན་གསལ་ལྟར་བོད་ཀྱི་གནད་དོན་ཧ་ཅང་གཉན་འཕྲང་ཆེ་བའི་དུས་རབས་ཤིག་ཏུ་སླེབས་ཡོད་པ་འདིའི་སྐབས་ཐབས་མཁས་དང་རྣམ་དཔྱོད་ཀྱི་ལམ་ནས་སྐབས་དུས་དང་འཚམས་པའི་རྒྱབ་སྐྱོར་གནང་ཕྱོགས་ཕུགས་རྒྱང་རིང་པོའི་གྲུབ་འབྲས་ལ་གཙོ་བོར་གཟིགས་ཏེ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། འགྲོ་བ་སྤྱི་ཡོངས་ལ་སྨན་པའི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཟང་པོ་དང་བཅས་བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ ༢༠༠༦ ཕྱི་ཟླ་ ༨ ཚེས་ ༡༥ དགེ་བར་ཕུལ།།