བཀའ་ཁྲིའི་མཛད་འགན་བཞེས་ཏེ་སྲི་ཞུ་ལས་བྱེད་རྣམས་ལ་གནང་བའི་གསུང་བཤད།

༄༅། །སྐུ་ངོ་དྲུང་ཆེ་རྣམ་པ་དང༌། དྲུང་འཕར་རྣམ་པ། ཟུང་དྲུང་རྣམ་པས་དབུས་སྲི་ཞུ་ལས་བྱེད་རྣམས་ལ། སྐབས་ ༡༣ པའི་བཀའ་ཤག་གི་ལས་དོན་འགོ་ཚུགས་རྗེས་ཐོག་མར་ཚང་མ་དང་མཉམ་འཛོམས་ཀྱི་གོ་སྐབས་ཤིག་བྱུང་ན་སྙམ་པ་བཞིན་ད་རེས་སྐབས་ ༡༣ པའི་བཀའ་ཤག་གིས་ལས་ཁུར་བླངས་ནས་ཉིན་བདུན་པ་དེར་མཉམ་འཛོམས་བྱུང་ཞིང༌། བཀའ་ཤག་གི་བཀའ་བློན་རྣམས་བསྐོ་གཞག་མ་ཟིན་པར་བསྒུག་ན། ད་དུང་ཉིན་གྲངས་ ༥༠ ཙམ་འགོར་བ་འདུག

སྐབས་ ༡༢ པའི་བཀའ་ཤག་ནི་སྐབས་ ༡༡ ཡན་བཀའ་ཤག་གི་བྱུང་རིམ་དང་ཕྲན་བུ་མི་འདྲ་ཞིང༌། དེ་ནི་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་རང་གི་ལས་རོགས་བཀའ་བློན་གཞན་རྣམས་གྲོས་ཚོགས་སུ་མིང་འབོད་ཀྱིས་གཏན་འབེབས་བྱ་རྒྱུའི་མང་གཙོའི་ལམ་ལུགས་གསར་པ་ཞིག་ནང་ཕྱིན་ནས་ལས་ཡུན་ལོ་ལྔ་ཟིན། སྤྱིར་སྐབས་ ༡༢ པའི་བཀའ་ཤག་གི་ལས་ཡུན་ ༢༠༠༦ ཟླ་ ༩ ཚེས་ ༤ བར་རྫོགས་ཀྱི་མེད་རུང༌། འོས་བསྡུ་ལས་ཁང་ནས་སྐབས་ ༡༣ པའི་བཀའ་ཁྲི་འོས་བསྡུའི་ལས་རིམ་གྲུབ་སྟེ་གྲུབ་འབྲས་ཀྱང་གསལ་བསྒྲགས་ཟིན་པར་བརྟེན། མང་གཙོའི་ལམ་སྲོལ་དང་མཐུན་ཐབས་སུ་སྐབས་ ༡༢ པའི་བཀའ་ཤག་གིས་དུས་ཚོད་སྔ་བསྣུར་གྱིས་དགོངས་ཞུ་སྙན་གསན་ཕུལ་བ་དང༌། དེ་བཞིན་སྐབས་ ༡༣ པའི་བཀའ་ཤག་གིས་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་དམ་འབུལ་ཞུས།
སྐབས་ ༡༢ པའི་བཀའ་ཤག་གི་དམ་འབུལ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འགྱུར་བ་གཏོང་དགོས་པ་དང་གསར་གཏོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སློབ་ཕེབས་ཡོད། ྋགོང་ས་མཆོག་སྐུ་ན་ཕྲ་དུས་ནས་འགྱུར་བ་གཏོང་རྒྱུར་ཐུགས་བཞེད་ཆེན་པོ་ཡོད་རུང་ལམ་ལྷོང་དུ་སོང་མེད། མ་གཞི་ནས་འགྱུར་བ་གཏོང་རྒྱུའི་ལས་དོན་དེ་མིའི་བསམ་བློའི་འཁོར་ཕྱོགས་དང་བསྟུན་དགོས་འབའ་ཞིག་ཡིན་སྟབས་དཀའ་ངལ་དང་རྙོག་འཛིང་ཆེ་བ་སྨོས་མ་དགོས། ད་ལམ་སྐབས་ ༡༣ པའི་བཀའ་ཤག་དམ་འབུལ་སྐབས་སུའང་བཀའ་སློབ་དམིགས་བསལ་གང་ཡང་མ་ཕེབས་ཀྱང༌། སྐབས་ ༡༢ པའི་བཀའ་ཤག་གིས་བསྒྱུར་བཅོས་དང་གསར་གཏོད་གང་འཚམས་བྱས་ཐུབ་པ་བྱུང་བ་རྣམས་ལག་ལེན་དངོས་ཀྱི་ཐོག་མཇུག་སྐྱོང་བྱ་རྒྱུ་གལ་ཆེ་ཞེས་བཀའ་བསྩལ་སོང༌།
སྐབས་ ༡༢ པའི་བཀའ་ཤག་གི་ལས་ཡུན་གཙང་རྗེས་ཡང་བསྐྱར་གནས་པའི་བསམ་བློ་མེད་རུང༌། འོས་བསྡུ་ལས་ཁང་ནས་སྐབས་ ༡༣ པའི་བཀའ་བློན་ཁྲི་པའི་འོས་བསྡུ་གསལ་བསྒྲགས་རྗེས་སླར་ཡང་ལོ་ལྔའི་རིང་མ་བསྡད་མཐུ་མེད་ཀྱི་གནས་སྟངས་གསར་པ་ཞིག་བྱུང༌། ང་ཚོས་འདས་པའི་བཀའ་ཤག་སྐབས་ ༡༢ པའི་ལས་རྒྱུན་ལ་ཕྱིར་བལྟས་ཤིག་སློག་སྐབས་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་ཕྱིན་འདུག ཐོག་མའི་ཟླ་བ་ལྔ་དྲུག་ནས་ལོ་གཅིག་ཙམ་བར་འཆར་གཞི་བསྒྲིག་རྒྱུ་དང༌། དངོས་ཡོད་གནས་སྟངས་དང༌། མི་དང་དཔལ་འབྱོར་གྱི་མཐུན་རྐྱེན་བཅས་ཤེས་རྟོགས་བྱ་རྒྱུར་དུས་ཚོད་ངེས་ཅན་ཞིག་གཏོང་དགོས་པ་དང༌། དེ་ནས་སྐབས་ ༡༢ པའི་ལས་རྒྱུན་ལོ་བཞི་ཙམ་ལས་མེད་སྟབས། གསར་གཏོད་ཀྱི་ལས་གཞི་ཞིག་འགོ་འཛུགས་བྱས་ཚེ་མཇུག་སྐྱེལ་ཐུབ་པའི་གདེང་ཚོད་དཀའ་བ་སོགས་དེ་འདྲའི་དབང་གིས་དུས་ཚོད་གང་འཚམས་ཤིག་འཕྲོ་བརླག་ཕྱིན་ཏེ་དངོས་སུ་ལས་གཞི་གསར་སྐྲུན་ལག་བསྟར་ལ་ལོ་ ༣ ཙམ་ལས་ཐོབ་མེད། དེས་ན་འདས་པ་ལས་ཉམས་མྱོང་བླངས་ཏེ་མ་འོངས་པའི་ལས་རྒྱུན་ལོ་ ༥ རིང་ཉིན་གཅིག་ཀྱང་འཕྲོ་བརླག་དང་འཐུས་ཤོར་མ་སོང་བ་བྱ་རྒྱུར་གལ་ཆེར་བརྩི་ཞིང༌། གལ་ཏེ་འོས་བསྡུ་ལས་ཁང་ནས་དེའི་གོང་དུ་བཀའ་བློན་ཁྲི་པ་ཞིག་བསྐྱར་དུ་འོས་འདེམས་གནང་བ་མ་བྱུང་ཚེ་ང་ཚོའི་ལས་དུས་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༡༥ བར་རེད། ལས་དོན་དེ་དག་སྒྲུབ་ཐབས་སུ་སྲི་ཞུ་ལས་བྱེད་པའི་མཉམ་དུ་གོ་བསྡུར་དང་གྲོས་མོལ་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་མཐོང་ཞིང༌། འཛིན་སྐྱོང་ཞེས་པ་དེ་གཞུང་ཞབས་པ་རྣམས་ལ་གོ་དགོས། བཀའ་ཤག་འཛིན་སྐྱོང་ནང་དུ་ཡོད་ནའང་ཆབ་སྲིད་ཀྱི་འགོ་ཁྲིད་ཚན་པ་ཞིག་ལས་འཛིན་སྐྱོང་ངོ་མ་དེ་མིན། ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཀྱིས་གཏན་འབེབས་བྱས་པའི་སྲིད་བྱུས་དང་ལས་རིམ་རྣམས་དངོས་སུ་ལག་བསྟར་བྱེད་མཁན་ནི་སྲི་ཞུ་བ་རྣམས་ཁོ་ན་རེད། དེས་ན་ལག་བསྟར་བྱེད་མཁན་གྱི་སྲི་ཞུ་བ་མེད་ན་བྱ་བ་སྣ་གཅིག་སྒྲུབ་ཐུབ་ཐབས་མེད། སྲིད་བྱུས་དང་ལས་རིམ་འཆར་གཞི་ཡག་པོ་ཇི་འདྲ་ཞིག་ཡོད་རུང་སྲི་ཞུ་ལས་བྱེད་པས་ཧུར་བརྩོན་ཆེན་པོས་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱེད་མིན་ལ་གཙོ་བོ་རག་ལུས་པ་ཡིན། དེར་བརྟེན་མ་འོངས་པར་ཁྱེད་ཚོས་ཁ་ཞེ་གཉིས་མེད་དང༌། རྒྱབ་མདུན་ངོ་ལྐོག་གཡོ་ཟོལ་སླ་བཅོས་མེད་པར་ལྷག་བསམ་རྣམ་དག་གི་ཐོག་ནས་རང་ནུས་གང་ཡོད་ཕྱོགས་གཅིག་ཏུ་སྤུངས་ཏེ་འབད་བརྩོན་ཞུ་དགོས་པ་ནི་བཀའ་ཤག་གི་རེ་བ་དང་ྋགོང་ས་མཆོག་གི་ཐུགས་རེ་ཡང་ཡིན། དེ་སྔོན་སྐབས་ ༡༢ པའི་བཀའ་ཤག་གི་སྲིད་བྱུས་དང་འཆར་གཞི་ཚང་མ་གསལ་བཤད་བྱས་ཟིན་པ་དེ་དག་འདིར་ལག་བསྟར་བྱ་རྒྱུ་ལས་ངོ་སྤྲོད་དང་གསལ་བཤད་དགོས་ཀྱི་མེད། གལ་ཆེ་ཤོས་ནི་ཧུར་བརྩོན་དང་དུས་ཚོད་དམ་འཛིན་གྱིས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་རེད།
ལར་ནས་ལས་བྱེད་པའི་ནང་དུ་ལྷག་བསམ་དང་དྲང་ཚུགས་མེད་པ་ཧ་ལམ་དཀོན་པོ་རེད། བརྒྱ་ཆ་གཅིག་གམ་ཕྱེད། ཡང་ན་གྲངས་ཆུང་ཁ་ཤས་ལས་མེད། བཙན་བྱོལ་གཞུང་གི་སྲི་ཞུ་ལས་བྱེད་རྣམས་ཆེ་ཆུང་ལ་མ་ལྟོས་པར་སོ་སོའི་རང་དོན་བློས་བཏང་སྟེ་སླེབས་པ་རེད་བསམ་གྱི་ཡོད། གལ་ཏེ་འདིར་འཚོ་ཐབས་ཆེད་ཡོང་ན་ནོར་བ་རེད། ལས་བྱེད་པའི་གསོལ་ཕོགས་ཀྱིས་གྲོད་ཁོག་རྒྱགས་ཙམ་ཞིག་ལས་མེད་ཅིང༌། དབྱིན་ཇིའི་གཏམ་དཔེར་ཁ་དང་ལག་པའི་བར་ལ་སྙོབ་ཙམ་ལས་མེད་ཟེར་བ་དེ་རེད། ལོ་གཅིག་ལ་ཟླ་ཤས་རིང་དགུན་ཚོང་རྒྱག་མཁན་རྣམས་ཀྱི་ཡོང་འབབ་ཀྱང་དྲུང་ཆེ་ལས་མང་ཞིང༌། འཚོ་ཐབས་ཆེད་སྲི་ཞུ་ལས་བྱེད་ནང་ཞུགས་པ་མིན་ཞེས་བཤད་ན་ཧ་ལམ་མ་འགྲིགས་པ་མེད། ང་ཚོས་ཁྱེད་རྣམས་འདིར་ལྷག་བསམ་གྱི་ཀུན་སློང་ཞིག་འཁྱེར་ཏེ་ཞུགས་པ་ལས་འཚོ་ཐབས་ཆེད་མིན་སྙམ་གྱི་ཡོད་རུང༌། ཁྱེད་ཚོའི་ངོས་ནས་ཀྱང་སོ་སོར་བསམ་ཞིབ་ཅིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེ། ཅི་སྟེ་ཨ་རི་དང་ཡོ་རོབ་སོགས་སུ་བསྐྱོད་རྒྱུའི་ཐེམ་སྐས་དང་པོ་དེ་སྲི་ཞུ་ལས་བྱེད་དུ་ཞུགས་རྒྱུར་བརྩི་ན་ང་ཚོའི་ཚོད་དཔག་དེ་ནོར་བ་རེད་ལ། རེ་བ་དང་ཡང་མ་འཚམས་པ་རེད།
བོད་ཀྱི་རྩ་དོན་གྱི་དཀའ་རྙོག་དེ་ཉིན་འགྱངས་ཞག་འགྱངས་ཀྱི་དུས་ཚོད་དང་གོ་སྐབས་ང་ཚོར་མེད་ཅིང༌། ཕྱི་ལོ་ ༡༩༧༩ ལོར་བཙན་བྱོལ་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཏེ་ཐོག་མར་དབུ་མའི་ལམ་གྱི་དགོངས་བཞེད་དོན་འཁྱོལ་ཡོང་བའི་འབད་བརྩོན་བྱ་རྒྱུའི་དུས་ཚོད་དང་གོ་སྐབས་གང་འཚམས་ཡོད་ཀྱང༌། ད་ཆ་ཕྱི་ལོ་ ༢༠༠༦ ལ་སླེབས་ཟིན་པས་ཕྱི་ནང་གི་གནས་ཚུལ་འགྱུར་ལྡོག་མང་པོ་སོང་བའི་དབང་གིས་ང་ཚོའི་གོ་སྐབས་མང་པོ་ཤོར་ཏེ་ཧ་ཅང་གཉན་འཕྲང་དང་ཛ་དྲག་གི་གནས་སུ་སླེབས་ཤིང༌། ལོ་ ༥ དང་ ཟླ་བ་ ༡༠ ཡི་ནང་བཟང་ཐག་ངན་ཐག་ཆོད་པ་ཞིག་མ་བྱུང་ན་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་མ་ཟད། འབྱུང་འགྱུར་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ད་ལྟ་ལས་ཀྱི་སྣེ་མོ་བ་ཚོས་འགན་འཁུར་མ་ཐེག་པའི་ལོ་རྒྱུས་ཀྱི་ནག་ཐིག་ཕོག་རྒྱུའི་དུས་སྐབས་ཤིག་ཏུ་སླེབས་པར་བརྟེན། ད་ལྟའི་གནས་བབ་ཧ་ཅང་ཛ་དྲག་དང་གཉན་འཕྲང་ཡིན་པ་ཤེས་པའི་ཐོག་ནས་རང་འཁྲིའི་ལས་དོན་རྣམས་ཚ་ཚ་འུར་འུར་གྱིས་སྒྲུབ་ཐུབ་པ་དགོས་རྒྱུ་དེ་གལ་གནད་ཤིན་ཏུ་ཆེ། ལྷག་པར་དུ་མ་འོངས་ལོ་གཉིས་གསུམ་ནང་ང་ཚོས་ལས་དོན་སྒྲུབ་ཕྱོགས་ཐད་ནུས་ཤུགས་ལྡབ་བཅུ་ནས་ཉི་ཤུ་བར་སྤར་དགོས་ངེས། བཀའ་ཤག་གི་ངོས་ནས་ཀྱང་ང་ཚོའི་གནས་སྟངས་ལ་གཞིགས་པའི་གཞན་དང་བློ་འདྲི་གྲོས་བསྡུར་འབྲེལ་མོལ་ཞུ་དགོས་རིགས་འཐུས་ཤོར་མེད་པ་མ་ཟད། བོད་ཀྱི་རྩ་དོན་གྱི་གནས་བབས་ཐད་ཁྱོན་ཡོངས་ནས་བསམ་ཞིབ་ཀྱིས་བང་རིམ་བསྒྲིགས་ཏེ་ང་ཚོའི་མཐུན་རྐྱེན་དང༌། ཐབས་ཤེས། འབད་རྩོལ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་གང་ནུས་ཞུ་མུས་ཡིན། སྤྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མི་འབོར་གང་ཐད་ནས་ང་ཚོས་བསྡུར་ཐབས་མེད་ཀྱང༌། རང་འཁོས་དང་བསྟུན་ནས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ༢༠༠༦ ཕྱི་ཟླ་ ༥ ནས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་གནས་ཚུལ་འགྲོ་ཕྱོགས་དང་བསྟུན་ཏེ་ཚང་མས་རིག་པ་དྭངས་གསལ་གྱི་སྒོ་ནས་འབད་བརྩོན་ཆེན་པོས་ལས་དོན་བསྒྲུབ་དགོས། དེ་བཞིན་སོ་སོའི་འགན་འཁྲིའི་ལས་དོན་རྣམས་ཀྱང་ཁྱད་ལས་པའི་ངོ་བོ་དང་མཚུངས་པ་དགོས་ཀྱི་འདུག གང་ལྟར་ལས་ཀའི་གྲུབ་འབྲས་དང་སྤུས་ཚད་དེ་མི་གཞན་གྱིས་མཐོང་ཐུབ་པ་ཞིག་ཡོང་བ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ལར་ནས་ལྷག་བསམ་རྣམ་དག་གི་སྲི་ཞུ་བ་མང་པོ་ཡོད་ཀྱང༌། དུས་ཚོད་དམ་འཛིན་དང་འགན་ཁུར་མ་ལེན་མཁན་ཡང་འགའ་རེ་ཡོང་གི་འདུག
སྐབས་ ༡༢ པའི་བཀའ་ཤག་གིས་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ལས་འབོར་ཞིབ་བཤེར་བྱས་པ་དེ་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ལག་བསྟར་དོན་འཁྱོལ་ཐུབ་མེད། མ་འོངས་པར་དུས་ཐུང་ནང་ལས་འབོར་དང༌། ལས་དོན་ཞིབ་བཤེར། ལས་བྱེད་པའི་སེམས་ཚོར་བཅས་དང་འབྲེལ་བའི་ལས་འབོར་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་བཤེར་བྱ་རྒྱུ་ཡིན།
མ་འོངས་པར་སྒྲིག་འཛུགས་ལེགས་བཅོས་ཀྱིས་ཕྱི་འབྲེལ་དང༌། ཤེས་ཡོན། འཛིན་སྐྱོང་གསུམ་ལ་ལས་བགོས་བྱ་རྒྱུ་དང༌། དེ་དག་ཁྱད་ལས་པའི་ངོ་བོ་དང་ལྡན་པའི་ཟབ་སྦྱོང་དང༌། སྦྱོང་བརྡར། ཉམས་གསོག་བཅས་དགོས་ངེས། འོན་ཀྱང་ལག་ལེན་དངོས་ཀྱི་ཐོག་ཇི་ཙམ་དོན་འཁྱོལ་ཐུབ་མིན་ད་ལྟ་བརྗོད་དཀའ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ང་ཚོས་འབྲེལ་མཐུད་བྱེད་བཞིན་ཡོད་ནའང་ལས་དོན་དེ་སྒྲུབ་ཐུབ་མིན་ནི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཐུག་ཡོད། ཅི་སྟེ་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་ན་འགྲེལ་བཤད་བརྒྱབ་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་ཤེས་ཡོན་གྱི་སྐོར་དང་གཞིས་ཆགས་འཛུགས་སྐྲུན་སོགས་འཛིན་སྐྱོང་ཚགས་མ་ཚུད་པའི་འགན་རང་ཉིད་ལ་འཁྲི་བ་ལས་གཞན་ལ་ཁག་དཀྲི་བྱ་ཡུལ་མེད། གང་ལྟར་གཞན་དབང་སྟབས་བསྟུན་མ་དགོས་པར་སོ་སོའི་འབད་བརྩོན་གྱིས་ཐུབ་པའི་ལས་དོན་རྣམས་འཐུས་ཤོར་ཕྱིན་ཚེ་ཤིན་ཏུ་ཕངས་པོ་རེད།
བཀའ་ཤག་སྐབས་ ༡༣ པས་ལས་ཁུར་ཞུས་ཏེ་སྲི་ཞུ་ལས་བྱེད་ཚོགས་སྐོང་ཐེངས་དང་པོ་འདིའི་ཐོག་འབོད་སྐུལ་དང༌། གསོལ་འདེབས། སྙན་ལྕག་ཞུ་རྒྱུ་ནི་ཁྱེད་ཚོས་ཧུར་ཐག་གནང་བ་ཙམ་མ་ཟད། གྲུབ་འབྲས་ཕྱིར་བཏོན་ཐུབ་པ། མི་གཞན་ནས་མཐོང་རྒྱུ་ཡོད་པ་ཞིག་ངེས་པར་དུ་གནང་དགོས།
མ་འོངས་པར་ང་ཚོའི་གཟུགས་བརྙན་དེ་བཟང་དུ་སོང་བ་དང༌། སྲིད་བྱུས་དང་ལྟ་གྲུབ་དང་མཐུན་པའི་འགན་བབ་ལས་དོན་རྣམས་ལེགས་གྲུབ་བྱུང་བའི་དུས་མཚམས་སུ་དེ་རིང་འདིར་ལྷན་འཛོམས་བྱུང་བ་བཞིན་སྲི་ཞུ་ལས་བྱེད་ཡོངས་རྫོགས་ཚོགས་འཛོམས་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཕུལ་ཏེ་བླང་དོར་བཀའ་སློབ་ཀྱང་སྐྱབས་འཇུག་ཞུ་འཆར་ཡོད།།

༢༠༠༦ ཕྱི་ཟླ་ ༨ ཚེས་ ༢༡ ཉིན་བཀའ་ཤག་སྐབས་ ༡༣ པའི་བཀའ་ཁྲིའི་མཛད་འགན་བཞེས་ཏེ་སྲི་ཞུ་ལས་བྱེད་རྣམས་ལ་
གནང་བའི་གསུང་བཤད།