ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ཉིན་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་དོན་གནད་འགའི་ཐད་བཀའ་འདྲི་ཞུས་པའི་བཀའ་ལན།

༄༅།། ཀིརྟིའི་བྱེས་པ་གྲྭ་ཚང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཆབ་ཚང་འཇམ་དཔལ་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ཉིན་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་དོན་གནད་འགའི་ཐད་བཀའ་འདྲི་ཞུས་པའི་བཀའ་ལན།

ཐོག་མ། ཟམ་གདོང་རིན་པོ་ཆེས། ངས་སྤྱོད་འཇུག་སློབ་སྦྱོང་ཡག་པོ་བྱས་མ་མྱོང་བས། ཁྱེད་ཚོར་ཐུགས་ཕན་གསོས་པའི་ལན་ཞུ་རྒྱུ་མེད། དེར་བརྟེན་ཁ་སྔོན་ནས་དྲི་བ་དྲིས་ལན་འདི་མི་དགོས་པ་གནང་རོགས་ཞེས་ཞུས་པ་ཡིན། འོན་ཀྱང་ཁྱེད་རྣམ་པས་ཨུ་ནན་གནང་བར་བརྟེན། དྲིས་ལན་གང་ཤེས་ཤིག་ཞུ་རྒྱུའི་འབད་རྩོལ་ཞུ་རྒྱུ་ཡིན།

དྲི་བ།       སྤྱིར་བཏང་རྒྱ་གར་ན་བསྟན་བཅོས་རྩོམ་པ་ལ་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་དང་། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པའི་ལུགས་མི་འདྲ་བ་གཉིས་གྲགས་སྟབས། རྒྱལ་སྲས་ཞི་བ་ལྷས་རྩོམ་ཐབས་གང་ཞིག་གཙོ་གནད་དུ་བཟུང་ཡོད། སྤྱོད་འཇུག་གི་གཞུང་འདིའི་རྩོམ་གཤིས་ཉམས་འགྱུར་དང་། རྩོམ་གྱི་སྒྲིག་གཞིའི་སྒྱུ་རྩལ་བྱ་ཐབས་སོགས་ཀྱི་ཐད་ཁྱད་དུ་འཕགས་པའི་ལེགས་ཆ་གཙོ་ཆེ་བ་གང་དང་གང་ཡོད་དམ།

དྲིས་ལན།  དྲི་བ་དེར་ལན་འདེབས་རྒྱུ་ཧ་ཅང་ཁག་པོ་རེད། སྤྱིར་བཏང་རྒྱ་གར་ན་བསྟན་བཅོས་རྩོམ་པ་ལ་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པར་གཙོ་བོར་བྱས་པ་དང་། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱས་པ་ཡོད་པ་དེ་འདྲ་སྤྱོད་འཇུག་གི་རྒྱ་འགྲེལ་ཞིག་གི་ནང་གསུངས་ཡོད། སློབ་དཔོན་ཀྲྀཥྞས་བརྩམས་པའི་སྤྱོད་འཇུག་རྒྱ་འགྲེལ་བསྡུས་བསྡུས་ཤིག་ཡོད་པ་དེའི་ནང་། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། ཞེས་པར་ཚིག་འགྲེལ་མཛད་སྐབས་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པར་གཙོ་བོར་བྱས་པའི་དཔེ་ལ་བཙུན་པ་ཟླ་གྲགས་དང་། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱས་པའི་དཔེ་ལ་སློབ་དཔོན་གཞན་ཞིག་བཀོད་ཡོད། འོན་ཀྱང་བོད་ཀྱི་མཁས་པའི་འགྲེལ་ཆེན་ཁག་གི་ནང་གསུངས་སྟངས་དང་། ང་རང་གིས་མཐོང་སྣང་ལྟར་བྱས་ན། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། ཞེས་གསུངས་པ་དེ་ཁེངས་སྐྱུང་བའི་གསུང་ཅིག་མ་གཏོགས། དེ་ལྟར་གསུངས་པ་སྒྲ་ཇི་བཞིན་པ་ཡིན་པར་ངོས་འཛིན་དགོས་དོན་མེད།

རྒྱ་གར་གྱི་གཞུང་རྩོམ་མཁན་མང་ཆེ་བས་རང་རང་གི་གཞུང་གི་དབུར་ཁེངས་སྐྱུང་བའམ། ཡང་ན་ཉན་པ་པོའི་སྣོད་ཀྱི་སྐྱོན་གཙོ་བོར་གཟིགས་ནས་གཞན་ཕན་གྱི་བསམ་པ་མེད་ཚུལ་གསུང་མཁན་མང་པོ་ཡོད། ཚད་མ་རྣམ་འགྲེལ་ལྟ་བུར་ཡང་། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།། དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་།། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།། སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།། ཞེས་གདུལ་བྱའི་སྣོད་ཀྱི་སྐྱོན་གཙོ་བོར་གཟིགས་ནས། འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་སོགས་གསུངས་ཏེ་ཁེངས་སྐྱུང་ནས། ཀུན་ལས་བཏུས་པ་ལ་སོགས་པའི་ལེགས་བཤད་ལ་གོམས་པ་ལྷུར་ལེན་བྱས་ནས་མཐར་ཕྱིན་པར་བྱ་བའི་ཕྱིར་ཡིན་ཚུལ་སོགས་གསུངས་ཡོད། དེ་ཚོ་སྐབས་དེ་དང་དེའི་རྒྱ་གར་བ་ཚོའི་ཡ་རབས་ཀྱི་བཀའ་མོལ་གནང་སྟངས་ལྟ་བུ་ཞིག་རེད། གང་ཡིན་ཞེ་ན། ཕྱི་རོལ་པའི་གཞུང་དེ་ཚོའི་ནང་ལའང་བསྟན་བཅོས་རྩོམ་པའི་དགོས་པ་ནི་རང་གི་སེམས་ལ་དགའ་བ་བསྐྱེད་ཙམ་གྱི་ཆེད་དུ་ཡིན་ཞེས་པའི་ཚིག་མང་པོ་ཡོང་གི་འདུག

དེས་ན། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། གསུངས་པ་དེའི་དབང་གིས། སྤྱོད་འཇུག་ལེའུ་བཅུའམ་དགུ་གང་གི་དབང་དུ་བྱས་ཀྱང་། གཞུང་དེའི་ཐོག་མཐའ་བར་གསུམ་དུ་སྡེབ་སྦྱོར་ཉམས་པའི་རིགས་རྩ་བ་ནས་མེད། སྤྱོད་འཇུག་གི་ཚིག་ཁ་ཤས་ནི་ཟླ་བ་གྲགས་པའི་རྩོམ་གཤིས་དང་ཡོངས་སུ་མཚུངས་པའི་ཧ་ཅང་སྙན་པོ་དེ་འདྲའང་མང་པོ་ཡོད། ཆུ་བོ་རབ་མེད་མེ་དོང་འདྲའི་ནང་བྱིང་བ་དག། ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག། བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས།། ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག། ཅེས་པ་ལྟ་བུ་སོགས་སྤྱོད་འཇུག་སྨོན་ལམ་ནང་གི་ཚིག་ཁ་ཤས་ཧ་ཅང་སྙན་པོ་རེད།

སྤྱོད་འཇུག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། ཚིག་གོ་བདེ་བ་གཙོ་བོར་བྱས་ནས་གསུངས་པ་ཞིག་རེད། དེ་འདྲ་ཡིན་ཙང་གདུལ་བྱ་བློ་མཆོག་དམན་སུ་འདྲ་ཞིག་གིས་ཀློག་ནའང་། གོ་བ་རགས་རིམ་ཙམ་ཞིག་ལེན་ཐུབ་པ་དང་། ཀློག་པའི་སྐབས་སུ་བརྗོད་མི་བདེ་བ་དང་ཚིག་གོང་འོག་མཐུད་དཀའ་བ་སོགས་ཀྱི་དཀའ་ངལ་གང་ཡང་མེད། སྤྱོད་འཇུག་ཆེན་མོ་དེ་གཞུང་གཞན་པ་རྣམ་འགྲེལ་རྩ་བ་དང་། མཛོད་རྩ་བ། མངོན་རྟོགས་རྒྱན་སོགས་དང་བསྡུར་ན། རྣམ་རྩ་དང་མཛོད་རྩ་སོགས་ཀྱི་སྡེབ་སྦྱོར་ཧ་ཅང་མཁྲེགས་པོ་རེད། བློ་འཛིན་བྱེད་རྒྱུར་ཡང་དཀའ་ངལ་ཤིན་ཏུ་ཆེ། རྩ་ཚིག་དེ་ཚོའི་ངོ་གདོང་རང་ལ་སྙན་ཆ་ཡང་དེ་ཙམ་མེད། དཔལ་ལྡན་ཟླ་གྲགས་སྡེབ་སྦྱོར་ལ་ཤིན་ཏུ་མཁས་པ་ཡིན་ཙང་། དབུ་མ་འཇུག་པ་ལྟ་བུ་ཡིན་ན་སྡེབ་སྦྱོར་ཧ་ཅང་ཡག་པོ་ཡིན། དབུ་མ་འཇུག་པ་དང་སྤྱོད་འཇུག་གཉིས་བསྡུར་ན། སྡེབ་སྦྱོར་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད། སྤྱོད་འཇུག་གི་གཞུང་དེ་ཕྱོགས་གཅིག་ནས་སྡེབ་སྦྱོར་མ་ཉམས་པ་གང་ཞིག་ལ། སྡེབ་སྦྱོར་གྱི་དབང་གིས་ཚིག་མཁྲེགས་པོ་མ་ཆགས་པར་ཚང་མས་གོ་ཐུབ་པ་ཞིག་སྦྱར་བ་ཡིན་ཙང་། དེ་ནི་ཁྱད་དུ་འཕགས་པའི་ལེགས་ཆ་ཞིག་རེད་བསམ་གྱི་ཡོད།

དྲི་བ།       བུ་སྟོན་སོགས་བོད་ཀྱི་མཁས་པ་འགས་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་གཞུང་གཅིག་ཏུ་གཟིགས་བཞིན་ཡོད་ནའང་། རྒྱལ་སྲས་ཞི་བ་ལྷས་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུམ་མཛད་ཡོད་པ་རྒྱ་བོད་མཁས་པའི་ཁྲོད་གྲགས་པ་ཤིན་ཏུ་ཆེ་བ་མ་ཟད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པ་ཙམ་མ་ཟད། མདོ་ཀུན་ལས་བཏུས་པའང་དགེ་བཤེས་ཤ་ར་བས་རྭ་སྒྲེང་ནས་རྒྱ་དཔེ་བླངས་ཏེ་པ་ཚབ་ཉི་མ་གྲགས་ཀྱིས་བོད་སྐད་ཐོག་བསྒྱུར་ཚུལ་བཀའ་གདམས་ཆོས་འབྱུང་དུ་གསལ་བས། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། དེ་གཉིས་གཞུང་གཅིག་རེད་དམ་ཐ་དད་རེད།

དྲིས་ལན།  དེ་གཉིས་གཞུང་ཐ་དད་རེད། ངས་བུ་སྟོན་གྱི་འགྲེལ་པ་ཀློག་མ་མྱོང་ཡང་། ཁོང་གིས་དེ་གཉིས་གཞུང་གཅིག་ཡིན་པ་གསུངས་ཡོད་ན། བུ་སྟོན་ཧ་ཅང་མཁས་པ་ཆེན་པོ་རེད། ང་ཚོས་ཁོང་ལ་ཀླན་ཀ་འཚོལ་མི་ཐུབ། འོན་ཀྱང་སྐབས་རེ་མཁས་པ་ཚོས་ཀྱང་པཎྜིས་མཉམ་པར་མ་བཞག་པའི་གཏམ་ཟེར་བ་དེ་འདྲ་གསུངས་སྲིད། དེ་ཙམ་མ་ཟད། བུ་སྟོན་གྱིས་གཞུང་ཧ་ཅང་མང་པོར་གཟིགས་གནང་གི་ཡོད་སྟབས། ཡོངས་རྫོགས་ཞིབ་ཚགས་པོ་བྱས་ནས་གཟིགས་ཡོད་པའི་ངེས་པ་མེད། དེར་བརྟེན་བུ་སྟོན་གྱིས་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ་གཉིས་གཞུང་གཅིག་ཡིན་ཚུལ་གསུངས་པ་དེ་སྒྲ་ཇི་བཞིན་པར་ཁས་བླང་དགོས་མེད།

སྤྱོད་འཇུག་ནང་མདོ་ལ་བརྟེན་ནས་ངེས་དགོས་པ་དང་། བསྟན་བཅོས་ལ་བརྟེན་ནས་ངེས་དགོས་པ་གཉིས་གསུངས་ཏེ། བསྟན་བཅོས་ལ་བརྟེན་ནས་ངེས་དགོས་པ་ལ་ཞི་བ་ལྷ་ཁོང་རང་གིས་བརྩམས་པའི་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་ལ་བལྟ་དགོས་པ་དང་། དེའི་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་ལའང་བལྟ་དགོས་པར་གསུངས་ཡོད།

སྤྱོད་འཇུག་རྩ་བར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།། གཉིས་ཀའང་འབད་པས་བལྟ་བར་བྱ།། ཞེས་པའི་ཚིག་གི་ངོ་གདོང་གི་ “གཉིས་ཀའང་”ཞེས་པར་མཁས་པ་ཚོས་བཞེད་པ་མི་མཐུན་པ་ཡོད། ཀླུ་སྒྲུབ་ཀྱིས་བརྩམས་པའི་བསླབ་བཏུས་དང་མདོ་བཏུས་གཉིས་ལ་བལྟ་དགོས་པ་གསུང་གི་ཡོད་དམ། ཞི་བ་ལྷས་བརྩམས་པའི་མདོ་བཏུས་དང་། ཀླུ་སྒྲུབ་ཀྱིས་བརྩམས་པའི་མདོ་བཏུས་གཉིས་ཀ་ལ་བལྟ་དགོས་པ་གསུང་གི་ཡོད་ཅེས་དྲི་བ་དང་འབྲེལ་ནས་དཔྱད་ཞིབ་གནང་ཡོད། རྒྱ་གར་གྱི་མཁས་པ་མང་ཆེ་བས་ཀླུ་སྒྲུབ་ཀྱིས་བརྩམས་པའི་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་ཡོད་པར་དགོངས་པ་གཅིག་མཐུན་ཡིན། ཞི་བ་ལྷ་རང་གིས་བརྩམས་པའི་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་ཡོད་པ་དེ་ཇོ་བོ་རྗེས་གསལ་པོར་གསུངས་ཡོད་པ་འགྲེལ་པ་གཞན་ཞིག་གི་ནང་དྲངས་འདུག འོན་ཀྱང་ཇོ་བོ་རྗེའི་གསུང་ངོ་མ་ངས་མཇལ་མ་སོང་། དེ་བཞིན་དུ་ཤེར་འབྱུང་བློ་གྲོས་ཀྱིས་ཀྱང་ཞི་བ་ལྷའི་མདོ་བཏུས་དང་བསླབ་བཏུས་ཡོད་པ་ཞལ་བཞེས་གནང་ཡོད། དེ་འདྲ་ཡིན་སྟབས་ངས་གོང་དུ་ཞུས་པ་ལྟར་ཤེར་འབྱུང་བློ་གྲོས་གཙོ་ཆེ་བ་བྱས་ནས་བུ་སྟོན་གྱི་གསུང་དེ་སྒྲ་ཇི་བཞིན་པར་ཁས་མ་བླངས་ཀྱང་རུང་སྙམ།

དྲི་བ།       ནཱལནྡཱ་རུ་མཁས་པ་སུ་ཞིག་གི་བརྩམས་ཆོས་ཡིན་མིན་ལ་མ་ལྟོས་པར་དེར་བཞུགས་མཁས་པ་ཚོས་གསར་དུ་ཐོན་པའི་བརྩམས་ཆོས་རེ་རེར་དཔྱད་པ་གསུམ་གྱིས་བགྲོ་གླེང་ཡང་དག་པ་གནང་རྗེས། ལེགས་ན་མཁས་པ་དང་ཁོང་གི་བརྩམས་ཆོས་གཉི་ག་གཟེངས་སུ་བསྟོད་པ་དང་། ཉེས་ན་མཁས་པ་དེ་ནཱལནྡཱ་ནས་རྒྱང་འབུད་དང་། བརྩམས་ཆོས་ཁྱི་ཡི་མཇུག་མར་འདོགས་པ་དང་། མེ་ལ་བསྲེགས་པ་སོགས་བྱེད་ཀྱི་ཡོད་པ་འདྲ། རང་རེ་བོད་ལ་དེ་འདྲ་བྱུང་ཡོད་དམ། དེས་བསྟན་བཅོས་རྩོམ་པར་དམིགས་བསལ་ཕན་གནོད་ཅི་ཞིག་བྱུང་ཡོད་དམ།

དྲིས་ལན།  དེ་འདྲ་ཡིག་ཐོག་ལ་ཡོད་པ་ཞིག་མཇལ་མྱོང་མེད། ངག་རྒྱུན་ལ་དེ་འདྲའི་བཤད་སྲོལ་འདུག སྤྱིར་བཏང་གཟེངས་བསྟོད་དང་དམའ་འབེབས་ཀྱི་བྱེད་ཕྱོགས་ལ་བརྟེན་ནས་རྩོམ་པ་པོ་ཚོ་ལ་ཕན་གནོད་གང་འདྲ་ཞིག་ཡོང་གི་ཡོད་མེད་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་རྒྱུ་རེད། ནཱལནྡཱ་ལྟ་བུའི་ནང་པའི་ཆོས་སྡེ་ཆེན་པོའི་ནང་བརྩམས་ཆོས་ཁྱི་ཡི་མཇུག་མར་འདོགས་པ་དང་། མེ་ལ་བསྲེགས་པ་དེ་འདྲ་བྱེད་ཀྱི་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་མེད། རང་རེའི་བོད་ལའང་དེ་འདྲའི་ལུགས་སྲོལ་བྱུང་ཡོད་མེད་ངས་གོ་ཐོས་མ་བྱུང་།

དྲི་བ།       རྒྱ་གར་དང་བོད་ཀྱི་མཁས་པ་ཚོའི་ཁྲོད་བསྟན་བཅོས་རྩོམ་ཐབས་ཐད་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་དེ་འདྲ་ཅི་ཞིག་བྱུང་ཡོད། ཁོང་ཚོ་ཐུན་མོང་ལ་གྲགས་པའི་བསྟན་བཅོས་རྩོམ་ཐབས་ཀྱི་རིག་པའི་གཞུང་ལུགས་དེ་འདྲ་ཡོད་དམ། ཡང་ན་དེའི་སྐོར་ནས་ངོ་སྤྲོད་ཅིག་གནང་རོགས་ཞུ།

དྲིས་ལན།  བསྟན་བཅོས་རྩོམ་ཐབས་ཀྱི་རིག་པའི་གཞུང་ལུགས་སྐོར་ངས་ཤེས་ཀྱི་མེད། ཡིན་ནའང་བསྟན་བཅོས་ཀྱི་ནང་ནས་མདོ་ཡི་འགྲེལ་པ་རྩོམ་སྟངས་སྐོར་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་རྣམ་བཤད་རིགས་པ་ཡོད། དེ་མདོ་ཡི་འགྲེལ་པ་ཚུལ་ཇི་ལྟར་རྩོམ་སྟངས་ཀྱི་རིག་པའི་གཞུང་ལུགས་འགངས་ཆེན་ཞིག་རེད། སངས་རྒྱས་ཀྱི་གསུང་ལ་འགྲེལ་པ་རྒྱག་སྟངས་ཀྱི་ཐབས་ཚུལ་དང་རྣམ་གཞག་རྣམ་བཤད་རིགས་པའི་ནང་གསལ་པོར་གསུངས་ཡོད།

སྤྱིར་བཏང་བསྟན་བཅོས་ཡིན་ན་མདོ་ཡི་དགོངས་འགྲེལ་ཡིན་པས་ཁྱབ་ཟེར་དགོས་རྒྱུ་ཡང་། བསྟན་བཅོས་མང་པོ་རང་གིས་བཀྲལ་རྒྱུའི་རྩ་བའི་མདོ་གང་ཡང་མི་གསལ། ས་ལུ་ལྗང་པའི་མདོ་འགྲེལ་ལྟ་བུ་ཡིན་ན་ཐད་ཀར་ས་ལུ་ལྗང་པའི་མདོ་དང་། མངོན་རྟོགས་རྒྱན་ལྟ་བུ་ཡིན་ན་ཐད་ཀར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་ཆགས་ཡོད། དེ་ལྟ་བུའི་མདོ་ཡི་འགྲེལ་པ་རྩོམ་སྐབས་དགོས་པ་དང་། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལན་བཅས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བཤད་དགོས་པ་དང་། བཤད་ཐབས་ཡན་ལག་ལྔ་པོ་རེ་རེའི་ནང་གསེས་སུའང་བཤད་ཐབས་ཇི་འདྲ་དགོས་ཀྱི་ཡོད་མེད་རྣམ་བཤད་རིགས་པའི་ནང་རྒྱས་པར་གསུངས་ཡོད།

རྣམ་བཤད་རིགས་པའི་སྨད་ཆའི་ནང་ཚིག་གཅིག་དོན་མང་ལ་འཇུག་པ་དང་། དོན་གཅིག་མིང་མང་ལ་འཇུག་པ་དེ་དག་ལ་སྐབས་བསྟུན་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སོགས་གསུངས་ཡོད། དེ་མ་གཏོགས་སྤྱིར་བཏང་བསྟན་བཅོས་རྩོམ་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡོད་མེད་ཐེ་ཚོམ་རེད།

སྙན་ངག་ཆེན་པོ་རྩོམ་པའི་སྐབས། དེ་ཇི་ལྟར་རྩོམ་སྟངས་སྙན་ངག་མེ་ལོང་མར་གསུངས་ཡོད། དཔེར་ན། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།། ངེས་པར་བསྟན་པའང་དེ་ཡི་སྒོ།། སོགས་གསུངས་པ་ལྟར་ཤིས༌པར་བརྗོད་པ་དང་། ཡང་མིན་ན་ཕྱག་བྱ་བ། ཡང་མིན་ན་དངོས་པོ་ངེས་པར་བསྟན་པ་གང་ཡང་རུང་བ་ཞིག་སྙན་ངག་ཆེན་པོའི་འཇུག་སྒོ་རུ་འགྲོ་དགོས་པ་དང་། བསྟན་བཅོས་ལུས་ལའང་ཚིགས་སུ་བཅད་པ་དང་། ལྷུག་པ། སྤེལ་མ་བྱེད་སྟངས། སརྒས་བཅིངས་སྟངས་སོགས་གསལ་ཡོད། དེ་ཕལ་ཆེར་སྙན་ངག་རྐྱང་པ་ལ་མ་གཏོགས་བསྟན་བཅོས་ཡོངས་ལ་ཁྱབ་པའི་རྩོམ་ཚུལ་མིན་པ་གསལ་པོ་རེད།

སྤྱིར་བཏང་རིག་པའི་གནས་ལྔ་ལ་མཁས་པ། བརྒྱུད་པ་བར་མ་ཆད་དུ་ཡོད་པ། ཡི་དམ་ལྷས་གནང་བ་ཐོབ་པའམ་མ་བཀག་པ་གསུམ་དེ་མཚན་ཉིད་ཚང་བའི་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡིན་པར་གསུང་མཁན་གྱི་མཁས་པ་ཡོད། དེ་ཡང་ཕྲན་བུའི་གུ་ཡངས་པའི་དབང་དུ་བྱས་ནས་བཤད་ན་བསྟན་བཅོས་རྩོམ་པའི་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡིན་ཡང་། བསྟན་བཅོས་རྩོམ་པ་ལ་ངེས་པར་དུ་དེ་གསུམ་ཚང་མི་དགོས་པར་གསུང་མཁན་ཡང་ཡོད། དེ་མ་གཏོགས་བསྟན་བཅོས་རྩོམ་སྟངས་བསྟན་པའི་གཞུང་ཞིག་ཡོད་པ་ངས་ཤེས་ཀྱི་མེད།

བོད་ཀྱི་བསྟན་བཅོས་རྣམས་སུ་གཞུང་སྤྱིའི་བརྗོད་བྱའི་ཁོག་འབུབ་པའི་ས་བཅད་བཀྲམས་པ་དང་། དགག་གཞག་སྤོང་གསུམ་གྱི་སྒོ་ནས་གཞུང་དོན་འཆད་པ་དེ་དག་བོད་པའི་ཐུན་མིན་ཁྱད་ཆོས་ཡིན་པར་བརྗོད་ཆོག

དྲི་བ།       སྤྱོད་འཇུག་གི་གཞུང་འདི་ནཱལནྡཱའི་པཎ་གྲུབ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་ལམ་ཚང་ལ་མ་ནོར་བར་ཉམས་སུ་ལེན་ཤེས་པའི་ཆེད་དུ་བརྩམས་པ་ཞིག་ཡིན་པ་ཡུལ་དེར་གྲགས་པ་ཤིན་ཏུ་ཆེ་ཚུལ་འདུག་སྟབས། བཤད་ཚུལ་འདིས་སྐབས་དེའི་ནཱལནྡཱའི་མཁས་པ་མང་ཆེ་བ་ཞིག་གཞུང་གི་གོ་སྟོབས་ལ་བྱང་ཚད་ངེས་ཅན་ལྡན་པ་མ་གཏོགས། གཞུང་དོན་ཉམས་ལེན་གྱི་རིམ་པར་དེ་ཙམ་གསལ་ཆ་མེད་པ་ལྟ་བུའི་མཐོང་སྣང་སྐྱེ་རུ་མི་འཇུག་གམ།

དྲིས་ལན།  སྤྱིར་བཏང་ཞི་བ་ལྷས་སྤྱོད་འཇུག་བརྩམས་པ་ལ་བརྟེན་ནས་སྐབས་དེའི་ནཱལནྡཱའི་མཁས་པ་ཚོར་གཞུང་དོན་ཉམས་སུ་ལེན་སྟངས་ཀྱི་གོ་རྟོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བརྗོད་མ་དགོས། བྱུང་རབས་ཡིན་དང་སྒྲུང་ཡིན་དབྱེ་བ་འབྱེད་རྒྱུ་ཧ་ཅང་དཀའ་ཡང་། ཡོངས་གྲགས་སུ་གསུངས་ཚུལ་ཞིག་ལ། སྐབས་དེའི་ནཱལནྡཱའི་དགེ་འདུན་པ་ཚོས་ཞི་བ་ལྷ་འདུ་ཤེས་གསུམ་པ་བ་འདྲ་པོ་ཞིག་བརྩིས་གནང་གི་ཡོད་པ་དང་། ཞི་བ་ལྷས་ཅི་ཡང་མི་ཤེས་པ་གསལ་སྟོན་གྱིས་དམའ་འབེབས་ཕྱིར་ཆེད་མངགས་གསོ་སྦྱོང་གི་མདོ་སྐྱོར་བའི་རེས་མོས་སྐོར་སྐབས་སྤྱོད་འཇུག་གསུངས་ཚུལ་གསུང་མཁན་ཡོད། དེ་ནི་ཡིན་མི་སྲིད་པ་ཞིག་རེད། གང་ཡིན་ཞེ་ན། གསོ་སྦྱོང་གི་མདོ་སྐྱོར་བར་བསྐོས་པ་ཡིན་ན། སོ་སོ་ཐར་པའི་མདོ་མ་ཡིན་པ་ཞིག་སྐྱོར་མི་སྲིད།

སྔོན་དུས་རྒྱ་གར་ནང་སང་ཉིན་གསོ་སྦྱོང་ཡིན་ན་དེ་རིང་གི་མཚན་གང་པོར་ཆོས་འཆད་ཉན་བྱེད་པའི་ལམ་སྲོལ་ཡོད། ལམ་སྲོལ་དེ་ད་ལྟའང་ཐ་ཡི་ལེན་དང་འབར་མ་སོགས་འཕགས་པ་གནས་བརྟན་སྡེ་པའི་དགོན་སྡེ་ཚོའི་ནང་ད་ལྟའང་མ་ཉམས་པར་མཚན་ཐོག་ཐག་འཆད་ཉན་གནང་སྲོལ་འདུག ང་ཚོ་བོད་བརྒྱུད་ནང་པ་ཚོས་སྟབས་བདེ་ཐག་ཆོད་བྱས་ནས། གསོ་སྦྱོང་གི་སྦྱོར་བའི་ཆོ་ག་ལ་ཆོས་བཤད་པ་དང་ཉན་པ་ཉམས་སུ་མྱོང་བའི་ཕྱག་ལེན་དུ་ཆོས་བསྒྲགས་པའི་མདོ་རེ་འདོན་པར་གདའ་བས་ཞེས་ཆོས་བསྒྲགས་པའི་མདོ་གསོ་སྦྱོང་གི་སྔོན་ལ་བཏོན་ནས། དེས་ཆོས་བཤད་པ་དང་ཉན་པ་ཉམས་སུ་མྱོང་བའི་གོ་ཆོད་པ་བྱེད་ཀྱི་ཡོད།

ངའི་བསམ་པར། སང་ཉིན་གསོ་སྦྱོང་ཡིན་པའི་སྔ་དགུང་སུ་ཆོས་འཆད་ཉན་བྱེད་སར་ཆོས་འཆད་པ་པོ་ཞི་བ་ལྷ་ལ་རེས་བསྐོར་བ་ཡིན་པར་བསམ་གྱིན་ཡོད། ཁོང་གསོ་སྦྱོང་གི་མདོ་འཆད་པར་བསྐོས་པ་ཡིན་ན། གོང་ཞུས་ལྟར་གསོ་སྦྱོང་གི་མདོ་མ་ཡིན་པ་ཞིག་གསུང་མི་ཐུབ། སྐབས་དེར་གསོ་སྦྱོང་གི་མདོ་མ་ཡིན་པའི་གཞན་པ་ཞིག་འཆད་པ་ཡིན་ན་གསོ་སྦྱོང་གི་ལས་ཉམས་ཀྱི་རེད། སོ་སོ་ཐར་པའི་མདོ་འཆད་ཉན་ཉམས་སུ་མྱོང་བ་དེ། གསོ་སྦྱོང་ངོ་མ་དེ་ཆགས་ཡོད། དེ་འདྲ་ཡིན་ཙང་གསོ་སྦྱོང་གི་སྦྱོར་ཆོག་ཆོས་འཆད་ཉན་གྱི་སྐབས་སུ་ཞི་བ་ལྷར་ཆོས་འཆད་པ་པོར་རེས་སྐོར་བར། ཁོང་གིས་སྔར་བྱུང་བ་ཞིག་འཆད་དམ། སྔར་མ་བྱུང་བ་ཞིག་འཆད་དགོས་ཀྱི་ཡོད་ཅེས་གསུང་སྐབས། དེར་འཛོམས་པའི་དགེ་འདུན་པ་ཚོས་སྔར་བྱུང་མ་མྱོང་བ་ཞིག་གསུང་གནང་ཞུས་པར། ཞི་བ་ལྷས་ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་སྤྱོད་འཇུག་འདི་གསུངས་པར་གྲགས། སྤྱོད་འཇུག་གསུང་གིན་གསུང་གིན་ནམ་མཁའ་ལ་འཕུར་ནས་ཕེབས་སོང་བ་དང་། ཤུལ་ནས་མི་བརྗེད་པའི་གཟུངས་དང་རྣ་བའི་མངོན་ཤེས་ཡོད་མཁན་ཚོས་གསན་ནས་ཡིག་ཐོག་ལ་ཕབ་པ་རེད་ཅེས་གསུངས་སྲོལ་ཡོད། དེ་ནི་གཅིག་བྱས་ན་སྒྲུང་ཡིན་རྒྱུ་རེད།

གང་ལྟར་སྤྱོད་འཇུག་གསུངས་པ་ལ་བརྟེན་ནས་ནཱལནྡཱའི་མཁས་པ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ནའང་། དེ་རྒྱུ་མཚན་དུ་བྱས་ནས་དེའི་སྔོན་ལ་ནཱལནྡཱའི་མཁས་པ་མང་ཆེ་བ་གཞུང་གི་གོ་སྟོབས་ལ་བྱང་ཚད་ངེས་ཅན་ལྡན་པ་མ་གཏོགས། གཞུང་དོན་ཉམས་ལེན་གྱི་རིམ་པར་དེ་ཙམ་གསལ་ཆ་མེད་པ་ལྟ་བུའི་མཐོང་སྣང་སྐྱེ་དགོས་དོན་མི་འདུག་བསམ་གྱི་འདུག འོན་ཀྱང་འདི་ནི་འདས་པའི་བྱུང་རབས་ལ་ཚོད་དཔག་བྱ་རྒྱུ་ཡིན་སྟབས། ངས་དེའི་སྐོར་ཐག་ཆོད་པོས་བཤད་ཐུབ་ཀྱི་མེད།

དྲི་བ།       ཞི་བ་ལྷས་སྤྱོད་འཇུག་གསུངས་པའི་སྐབས་ལ་སྤྱོད་འཇུག་དེ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་རྐྱང་པའི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་པ་མངོན་གསལ་ལྟ་བུ་ཆགས་བསྡད་ཡོད་དུས། དེར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དེ་ཚིག་གི་ངོ་གདོང་རང་ལ་ཟུར་ཙམ་ཡང་གསལ་པོ་མེད་སྟབས། སེམས་བསྐྱེད་ཚུལ་དེ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བས་མཚོན་ཕན་ཚུན་འབྲེལ་བ་གང་ཡང་མེད་པ་ཞིག་རེད་དམ། རྒྱུ་འབྲས་མན་ངག་བདུན་དེ་སྔོན་དུ་སོང་ཟིན་པའི་གང་ཟག་ཅིག་གི་དབང་དུ་བྱས་ནས་འདིར་དངོས་སུ་མ་གསུངས་པ་ཞིག་རེད།

དྲིས་ལན།  བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་དང་། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་གཉིས་ཡོངས་གྲགས་ཀྱི་དབང་དུ་བྱས་ན། གདམས་ངག་མི་འདྲ་བའི་བརྒྱུད་པ་གཉིས་ཡིན། གསེར་གླིང་པ་ནས་ཇོ་བོ་ལ་བརྒྱུད་པ་དེ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། འཇམ་དབྱངས་ནས་ཞི་བ་ལྷར་བརྒྱུད་པ་དེ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ་ཡིན། རྒྱུ་འབྲས་མན་ངག་བདུན་ལ་བརྟེན་ནས་སེམས་བསྐྱེད་ཚུལ་དབང་རྟུལ་དང་བློའི་ནུས་པ་ཆུང་བ་རྣམས་ལ་འཇུག་པ་བདེ་ཞིང་ཕན་ཐོགས་ཆེ་བ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་དབང་རྣོན་དང་བློའི་ནུས་པ་ཆེ་བ་རྣམས་ལ་ཕན་ནུས་ཆེ། སེམས་བསྐྱེད་ཚུལ་དེ་གཉིས་གང་གི་སྒོ་ནས་བློ་སྦྱངས་ནའང་བྱང་ཆུབ་ཀྱི་སེམས་སྐྱེ་ནུས་པས། གདམས་ངག་རང་རྐྱ་བ་གཉིས་ཡིན་ནའང་། དེ་གཉིས་ལ་རྒྱུ་འབྲས་ཀྱིས་འབྲེལ་བས་མཚོན་འབྲེལ་བ་གང་ཡང་མེད་ཅེས་བརྗོད་མི་ཐུབ། དེ་བཞིན་དུ་སྤྱོད་འཇུག་ཏུ་རྒྱུ་འབྲས་མན་ངག་བདུན་སྔོན་དུ་སོང་ཟིན་པའི་གང་ཟག་ཅིག་གི་དབང་དུ་བྱས་ནས་དངོས་སུ་མ་གསུངས་ཞེས་ཀྱང་ཁ་ཚོན་གཅོད་དཀའ།

དགེ་ལྡན་སྙན་རྒྱུད་ཀྱི་ལམ་སྲོལ་དུ་གཉིས་ཀ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ཡིན་པས། ཉམས་སུ་ལེན་པ་པོ་གང་ཟག་སོ་སོའི་རྒྱུད་ཚོད་དང་བསྟུན་ཏེ་འབྲེལ་བ་སྣ་ཚོགས་ཡོང་ཆོག   རྒྱུ་འབྲས་མན་ངག་བཅུ་གཅིག་དང་། བཅུ་གཉིས། བཅུ་གསུམ་དུ་བྱས་ཏེ་སྒོམ་ཚུལ་སོགས་མན་ངག་གི་ལུགས་མང་པོ་ཡོད། མན་ངག་བདུན་ལ་བདག་གཞན་མཉམ་བརྗེ་དངོས་སུ་མ་ཚང་ཡང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་རིམ་པའི་ནང་མན་ངག་བདུན་དངོས་བརྒྱུད་ཅི་རིགས་ནས་ཚང་ཡོད།

དྲི་བ།       སྤྱོད་འཇུག་ཆེན་མོ་འདི་ནཱལནྡཱའི་ཆོས་གྲྭར་ཡོངས་གྲགས་སུ་གསུངས་པའི་རྗེས་ནཱལནྡཱ་དང་། བིཀྲམཤཱིལ་སོགས་སུ་གཞུང་དེ་འཆད་ཉན་ཤུགས་ཆེ་བྱེད་པའི་ལམ་སྲོལ་གཏན་འཇགས་སུ་དར་བ་མ་ཟད། གཞུང་དེར་རྒྱ་གར་དང་བོད་ཀྱི་མཁས་པ་མང་པོས་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད་ཡོད་ན་ཡང་། དེ་དག་ལས་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་འགྲེལ་པ་དེ་རྒྱ་གར་དང་བོད་ཀྱི་མཁས་པའི་ཁྲོད་གྲགས་པ་ཤིན་ཏུ་ཆེ་བས། གཞུང་དེར་དམིགས་བསལ་གྱིས་ཁྱད་ཆོས་གང་ཞིག་ཡོད་དམ།

དྲིས་ལན།  རྒྱ་འགྲེལ་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་ནང་དུ་ཤེས་རབ་ལེའུའི་དཀའ་འགྲེལ་མཛད་བྱང་མེད་པ་དང་། ཤེར་འབྱུང་བློ་གྲོས། བཻ་རོ་ཙ་ན་རཀྵིཏ། དགེ་བ་ལྷ། བིབྷུཏིཙནྡྲ། ནག་པོ་པ། གསེར་གླིང་པ། ཇོ་བོ་རྗེས་མཛད་པའི་འགྲེལ་པ་བཅས་ཁག་བརྒྱད་དགུ་ཙམ་ཡོད། དེ་དག་ལས་ད་ལྟ་ཡོངས་གྲགས་སུ་ཡོད་པའི་སྤྱོད་འཇུག་རྩ་བ་ལེའུ་བཅུའི་བདག་ཉིད་ཅན་དེའི་གཞུང་ཚིག་དང་ཤིན་ཏུ་མཐུན་པ་དང་། སྤྱོད་འཇུག་རྩ་བའི་དབུ་ནས་མཇུག་བར་དུ་འགྲེལ་པ་བསྟར་ཆགས་སུ་ཆ་ཚང་བ་ཡོད་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ་དེ་ཡིན་པས། ཆ་ཚང་ལ་གོ་བདེ་བའི་དམིགས་བསལ་གྱིས་ཁྱད་ཆོས་ཡོད།

སྤྱོད་འཇུག་གི་རྒྱ་འགྲེལ་འགའ་ཤས་ལེའུ་ཆ་ཚང་ལ་འགྲེལ་པ་མེད་པ་དང་། འགའ་ཤས་ད་ཡོད་རྩ་བའི་ཚིག་དང་མི་མཐུན་པ། འགའ་ཤས་བསྡུས་དྲགས་ནས་གོ་བ་ཇི་བཞིན་ལོན་དཀའ་བ། འགའ་ཤས་བསྡུས་དོན་དང་ས་བཅད་ལྟ་བུ་རེད་འདུག

བསྟན་འགྱུར་ནང་ཡོད་པའི་རྒྱ་འགྲེལ་གཅིག་གི་ནང་། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ།། ཆད་པ་མེད་པ་རྟག་མེད་པ།། འོང་བ་མེད་པ་འགྲོ་མེད་པ།། ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞི་བསྟན་པ།། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལ་ལོ།། ཞེས་པ་དེ་སྤྱོད་འཇུག་ལེའུ་དང་པོའི་མཆོད་བརྗོད་ཡིན་པར་བཀྲལ་ཡོད། ཡོངས་གྲགས་སུ་དེ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཡིན་ནའང་། མཁས་པ་འགས་དེ་མདོ་ཚིག་ཡིན་པར་གསུང་མཁན་ཡང་ཡོད།

ཕྱོགས་གཞན་ཞིག་ནས་བལྟས་ན། སྐབས་དེའི་རྒྱ་དཔེ་ཕལ་ཆེར་ཤིང་ཏ་ལའི་ལོ་མར་ལག་པས་བྲིས་པ་ཡིན་སྟབས། རྩ་ཤེས་ཀྱི་མཆོད་བརྗོད་སྤྱོད་འཇུག་གི་དབུར་བྲིས་པའི་རྒྱ༌དཔེ་དེ་འདྲ་ཡོད་སྲིད། བོད་འགྱུར་སྤྱོད་འཇུག་གི་འགྲེལ་པ་དེ་ཚོའི་ནང་ནས་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ་དེ་ད་ལྟའི་ཆར་ཡང་ལེགས་སྦྱར་སྐད་ཐོག་ཆ་ཚང་བཞུགས་ཡོད། དེ་མིན་པའི་སྤྱོད་འཇུག་གི་འགྲེལ་པ་མང་ཆེ་བ་ད་ལྟའི་ཆར་ལེགས་སྦྱར་སྐད་ཐོག་མི་རྙེད།

དྲི་བ།       བོད་དུ་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་ཀྱི་བརྒྱུད་པ་འཕེལ་རིམ་ཐད་མི་འདྲ་བའི་ཁྱད་པར་ཡོད་དམ། ཡོད་ན་དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཞིག་ཡོད། ད་ལྟའི་ཆར་དེ་དག་མ་ཉམས་པར་ཡོད་དམ། རང་ཅག་རི་བོ་དགེ་ལུགས་པས་ལུང་ཁྲིད་ཀྱི་བརྒྱུད་པ་དེ་དག་ལས་གང་གཙོ་བོར་བྱེད། དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།

དྲིས་ལན།  སྤྱོད་འཇུག་གི་འཆད་ཉན་བོད་ཀྱི་དགེ་ལུགས་པའི་གདན་ས་ཆེན་པོ་ཚོའི་ནང་ལ་དེ་ཙམ་གྱིས་དར་རྒྱས་བྱུང་མེད། རྙིང་མ་བ་དང་། ས་སྐྱ་བ། བཀའ་བརྒྱུད་པ་ཚོའི་ནང་སྤྱོད་འཇུག་གི་འཆད་ཉན་དར་ཁྱབ་ཆེ་ཙམ་བྱུང་ཡོད་ཚོད། དཔེར་ན། དགེ་ལྡན་པ་ཚོས་གཙོ་བོ་སློབ་གཉེར་གནང་ཡུལ་གཞུང་ཆེན་བཀའ་པོད་ལྔའི་སྤྱི་དོན་མཐའ་དཔྱོད་འགྲེལ་པ་འགྲེལ་བཤད་སོགས་ཀྱི་ནང་སྤྱོད་འཇུག་གི་ལུང་ཧ་ཅང་མང་པོ་དྲངས་ཡོད། དེ་མ་གཏོགས་སྤྱོད་འཇུག་གི་གཞུང་ཆ་ཚང་ངེས་ཅན་གྱི་སློབ་ཚན་དུ་བཞག་ནས་འཆད་ཉན་བྱེད་པའི་ལམ་སྲོལ་དགེ་ལྡན་པའི་ཁྲོད་དེ་ཙམ་དར་ཁྱབ་ཆེ་བ་མ་བྱུང་། དེས་ན་བོད་དུ་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་ཀྱི་བརྒྱུད་པ་འཕེལ་རིམ་ཐད་མི་འདྲ་བའི་ཁྱད་པར་ཡོད་མེད་དང་། དེ་དག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཡོད། ད་ལྟའི་ཆར་དེ་དག་མ་ཉམས་པར་ཡོད་མེད། དགེ་ལུགས་པས་ལུང་ཁྲིད་གང་གཙོ་བོར་བྱས་པ། དེའི་རྒྱུ་མཚན་གང་ཡིན་སོགས་ངས་ཤེས་ཀྱི་མེད་སྟབས། ལན་འབུལ་རྒྱུ་མེད་པས་དགོངས་སེལ་ཞུ་རྒྱུ་ཡིན།

དྲི་བ།       རྒྱལ་སྲས་ཞི་བ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ་གསུམ་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་ཁྱད་པར་ཡོད་དམ།

དྲིས་ལན།  རྒྱལ་སྲས་ཞི་བ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ་གསུམ་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་ཁྱད་པར་གང་ཡང་མེད། གང་ཡིན་ཞེ་ན། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཡོངས་སུ་རྫོགས་པ་སངས་རྒྱས་བསྐྱངས་ཀྱིས་ཐོག་མར་གསུངས་ཤིང་། དེ་ལ་ཟླ་བ་གྲགས་པས་རྒྱས་འགྲེལ་བྱས། ཟླ་བ་གྲགས་པའི་རྗེས་སུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་དང་འབྲེལ་ནས་གཞུང་ཆེན་མོ་རྩོམ་མཁན་གྱི་མཁས་པ་གྲགས་ཅན་མང་དུ་བྱོན་པའི་ནང་ཞི་བ་ལྷའང་ཡོད། ཞི་བ་ལྷ་དང་། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་གསུམ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་སྐྱོང་མཁན་གཅིག་གྱུར་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ།       ཟླ༌བའི་ཞབས་དང་ཞི་བ་ལྷ་གཉིས་འཕགས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པ་རྒྱ་བོད་མཁས་པ་ཐུན་མོང་གིས་གཅིག་མཐུན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་རྒྱུ་མཚན་གཙོ་བོ་ཅི་ཞིག་ཡིན།

དྲིས་ལན།  ཟླ་བའི་ཞབས་དང་ཞི་བ་ལྷ་གཉིས་འཕགས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པ་རྒྱ་བོད་མཁས་པ་ཐུན་མོང་གིས་ངོས་འཛིན་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མེད། དེ་གཉིས་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པར་འདོད་ཆོག   འཕགས་པའི་ལུགས་ཞེས་པ་ཀླུ་སྒྲུབ་ཀྱི་ལུགས་ལ་གོ་དགོས་ཤིང་། ཀླུ་སྒྲུབ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་ངོས་འཛིན་བྱས་ཕྱིན། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་འཚོ་ཡབ་སྲས། ཞི་བ་ལྷ་སོགས་དབུ་མ་པའི་ཤིང་རྟའི་སྲོལ་མ་ཉམས་པར་འཛིན་མཁན་ཡིན་པ་དང་། བོད་དུ་ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་ངོས་འཛིན་གནང་མཁན་དང་། སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་ངོས་འཛིན་གནང་མཁན་ཅི་རིགས་ཡོད། སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ལ་འདོད་ན། ཟླ་བ་གྲགས་པ་དང་ཞི་བ་ལྷ་གཉིས་པོ་དེ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འཛིན་དུ་ཚང་མས་ངོས་འཛིན་བྱེད་ཆོག

དྲི་བ།       སྦྱིན་སོགས་ཤེས་རབ་ཀྱི་དོན་དུ་རྒྱུ་མཚན་གང་ཞིག་ལ་དགོངས་ནས་གསུངས་སྟངས་ཐད་མཁས་པའི་བཞེད་ལུགས་འདྲ་མིན་མཆིས་མོད། རྒྱལ་ཚབ་དར་མ་རིན་ཆེན་དང་ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས་སྦྱིན་སོགས་ཤེས་རབ་ཀྱི་དོན་དུ་གསུངས་པའི་དགོས་པ་ནི། སྤྱོད་འཇུག་ཆེན་མོའི་གཞུང་འདི་དང་། སྟོང་ཉིད་དངོས་སུ་སྟོན་པའི་གསུང་རབ་ཡོངས་རྫོགས་བརྒྱུད་ནས་དེ་ཁོ་ན་ཉིད་ལ་གཞོལ་བར་གཅིག་ཏུ་མཐུན་པས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུ་ཞིག་རང་རྒྱུད་ལ་མེད་ན། དུས་ནམ་ཡང་སྒྲིབ་གཉིས་ཀྱི་ས་བོན་ཟད་པར་བྱེད་མི་ནུས་ཤིང་། ཉོན་སྒྲིབ་ཙམ་གྱི་ས་བོན་ཟད་པ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་ཟིན་མི་དགོས་ཀྱང་། ཤེས་སྒྲིབ་ཀྱི་ས་བོན་ཟད་པ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཟིན་པར་བྱས་ཏེ། དུས་ཡུན་རིང་དུ་གོམས་པར་བྱེད་དགོས་སྟབས། སྐབས་འདིར་སྦྱིན་སོགས་ཐབས་ཀྱི་ཡན་ལག་འདི་དག་རང་རྒྱུད་ལྡན་གྱི་ཐེག་པ་ཆེན་པོའི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད། ཤེས་སྒྲིབ་སྤོང་ནུས་ཀྱི་གཉེན་པོ་མཐུ་ཅན་དུ་འགྱུར་བའི་དོན་དུ་གསུངས་པ་ཡིན་ཚུལ་བཤད་པ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཅི་ཞིག་ཡོད།

དྲིས་ལན།  ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། ཞེས་པའི་ཚིག་འདི་གཉིས་ལ་འགྲེལ་བཤད་བྱེད་སྟངས་མི་འདྲ་བ་གཉིས་བྱུང་ཡོད། ཡན་ལག་ཅེས་པའི་ཡན་ལག་དེ་ཤེས་རབ་ལེའུའི་གོང་དུ་སོང་མ་ཐག་པའི་བསམ་གཏན་ལེའུའི་ནང་བཤད་པའི་བསམ་གཏན་གྱི་ཉམས་ལེན་བྱེད་ཚུལ་དེ་དག་ཤེས་རབ་ཀྱི་དོན་དུ་གསུངས་ཞེས་འགྲེལ་མཁན་ཡོད། ལེའུ་གོང་འོག་གི་འབྲེལ་བ་དང་བསྟུན་ན་མ་འོས་པ་མེད་མོད། དགེ་ལྡན་པའི་སྤྱོད་འཇུག་གི་འགྲེལ་པ་ཕལ་ཆེ་བས་ཡན་ལག་འདི་དག་ཅེས་པའི་ཡན་ལག་དེ། ཤེས་རབ་ལེའུའི་སྔོན་དུ་སོང་ཟིན་པའི་ལེའུ་བརྒྱད་ཀའི་ནང་བརྗོད་དོན་ཐམས་ཅད་ཤེས་རབ་ཀྱི་དོན་དུ་གསུངས་པར་ངོས་འཛིན་བྱེད་ཅིང་། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ངོས་འཛིན་བྱེད་སྟངས་དེ་ཡང་དག་པ་ཞིག་རེད།

དབུ་མ་འཇུག་པའི་སེམས་བསྐྱེད་དྲུག་པའི་ནང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ།། མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི།། ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས།། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ།། ཞེས་ཤེས་རབ་ཀྱི་མིག་དང་མི་ལྡན་ན། སྦྱིན་སོགས་ཕར་ཕྱིན་ལྷག་མ་རྣམས་མིག་མེད་པ་དང་མཚུངས་པར་གསུངས་ཡོད། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྲོ་བར་ངེས་པར་དུ་ཤེས་རབ་ལ་ལྟོས་དགོས་པ་ཡིན། དེར་བརྟེན་ཕྱོགས་ཕན་ཚུན་གཉིས་ཀ་ལྟོས་ཀྱི་ཡོད། ཤེས་རབ་དེ་ཤེས་རབ་ལེའུའི་གོང་དུ་སོང་ཟིན་པའི་ཕར་ཕྱིན་ལྔ་གའི་དོན་དུ་གསུངས་པ་དང་། ཤེས་རབ་ལེའུའི་གོང་དུ་སོང་ཟིན་པའི་ཕར་ཕྱིན་ལྔ་ག་དེ་ཤེས་རབ་ཀྱི་དོན་དུ་གསུངས་པར་ངོས་འཛིན་བྱེད་དགོས།

ལྷག་པར་དུ་ཤེས་རབ་ཤེས་སྒྲིབ་ཀྱི་གཉེན་པོ་མཐུ་ཅན་དུ་འགྲོ་ཐུབ་པ་དེ་ཐབས་ཀྱི་ཆ་ལ་མ་ལྟོས་པ་ཐབས་མེད། ཉན་ཐོས་མཐོང་ལམ་པ་དང་སྒོམ་ལམ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། བྱང་སེམས་ས་དང་པོ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གཉིས་ཀྱིས་རང་རང་གིས་རྟོགས་བྱའི་སྟོང་ཉིད་ལ་ཕྲ་རགས་ཀྱི་ཁྱད་པར་གང་ཡང་མེད། འོན་ཀྱང་ཉན་ཐོས་མཐོང་ལམ་པ་དང་སྒོམ་ལམ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་མི་ཐུབ་པ་དང་། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་ཐུབ། བློ་དེ་གཉིས་ཀྱི་ཡུལ་སྟོང་ཉིད་ལ་ཁྱད་པར་མེད་ཀྱང་། གཅིག་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གང་ཞིག་ཆོས་ཀྱི་སྐུ་འགྲུབ་པའི་ཉེར་ལེན་གྱི་རྒྱུར་སྐྲུན་པར་བྱེད་པའི་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་སོགས་ཀྱི་ཉམས་ལེན་གྱི་རྒྱུ་རྐྱེན་གྱི་དབང་གིས་ཡིན་པས། དེ་ལྟར་འཆད་ཚུལ་དེ་ལ་གསུང་རབ་དང་གསུང་བ་པོ་གཉིས་ཀའི་དགོངས་པ་ཇི་ལྟ་བ་བཞིན་དུ་བཀྲལ་བའི་ཁྱད་ཆོས་ཡོད།

དྲི་བ།       སྤྱོད་འཇུག་ནང་། ཉམ་ཆུང་ཉོན་མོངས་ཤེས་རབ་མིག་གིས་སྤང་།། ཞེས་ཉོན་མོངས་ཉམ་ཆུང་ཆུང་ཡིན་པ་ལྟ་བུ་ཞིག་གསུངས་འདུག་པ་མ་ཟད། ད་དུང་དགེ་བ་ཉམ་ཆུང་དང་། སྟོང་ཉིད་ཉམ་ཆུང་ཟེར་བ་སོགས་ཀྱང་སྣང་བས། དེ་ལྟར་གསུངས་དགོས་པའི་དགོས་པ་དང་རྒྱུ་མཚན་དམིགས་བསལ་བ་དེ་འདྲ་ཡོད་དམ།

དྲིས་ལན།  སྤྱིར་བཏང་ཉོན་མོངས་ལ་ཉམ་ཆུང་དང་། དགེ་བ་ལ་ཉམ་ཆུང་། ཤེས་རབ་ལ་ཉམ་ཆུང་བརྗོད་པའི་སྐབས་མང་པོ་ཡོད། དགེ་བ་ལྟ་བུར་མཚོན་ན། བྱས་ལ་མ་བསགས་པའི་དགེ་བའི་རིགས་དགེ་བ་ཉམ་ཆུང་ཡིན། དེ་བཞིན་སྡིག་པ་ཡིན་ཡང་བྱས་བསགས་གཉིས་ཀ་མ་ཚང་བ་ཡིན་ན་སྡིག་པ་དེ་ཉམ་ཆུང་ཡིན། དགེ་བ་དང་སྡིག་པའི་ལས་གང་འདྲ་ཞིག་ཡིན་ཡང་། ཀུན་སློང་དང་། ཡུལ། རྟེན་གྱི་ཁྱད་པར་ལ་བརྟེན་ནས་སྟོབས་ཆེ་ཆུང་དུ་འགྱུར་འགྲོ་བ་སོགས་མང་པོ་ཡོད།

ཡང་ཉོན་མོངས་ལ་ཉམ་ཆུང་དང་ཤེས་རབ་ལ་སྟོབས་ལྡན་བརྗོད་པའི་ཡོངས་གྲགས་ཀྱི་རྒྱུ་མཚན་ནི། ཉོན་མོངས་པའི་བློ་གང་འདྲ་ཞིག་ཡིན་ཡང་དེ་འཁྲུལ་པའམ་ལོག་པའི་བློ་ཞིག་མ་གཏོགས། བློ་དོན་མཐུན་ཞིག་མེད་སྟབས། བློ་དོན་མཐུན་མ་ཡིན་པའི་རིགས་གཉེན་པོའི་སྟོབས་ཀྱིས་ལྷག་མེད་དུ་བཅོམ་ནུས་པ་ཞིག་རེད།

ཤེས་རབ་ནི་བློ་དོན་མཐུན་དང་གནས་ལུགས་མཇལ་བ་ཡིན་པས། གཉེན་པོས་བཅོམ་མི་ནུས་ཤིང་། ཇི་ཙམ་གོམས་པ་དེ་ཙམ་དུ་འཕེལ་བ་ཡིན་པས་སྟོབས་ལྡན་ཞེས་བརྗོད། དགེ་བ་ལ་ “ཉམ་ཆུང་” ཞེས་བརྗོད་པ་དཔེར་ན་གཞུང་འདིའི་ལེའུ་དང་པོའི་ཤློཀ་ ༦ པར། “དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག།” ཅེས་བྱུང་བ་ནི། དགེ་བའི་བློ་བརྒྱ་ལམ་ན་ཐང་འགའ་ལས་མི་འབྱུང་བས་རྟག་པར་དགེ་བ་མི་བྱེད་ཅིང་སྡིག་པ་རྒྱུན་དུ་བྱེད་པ་ལ་དགོངས་ནས་གསུངས་པ་ལྟ་བུ་སྐབས་སྟོབས་ཀྱི་གོ་བ་བླང་དགོས། སྟོང་ཉིད་ཉམ་ཆུང་ཟེར་བའི་ཚིག་གང་དུ་ཡོད་མ་མཇལ། ཚིག་གྲོགས་ལ་ལྟོས་ནས་གོ་བ་ལེན་དགོས།

  (བསྐྱར་སྣོན།) དྲི་བ་འདི་རྩོམ་སྒྲིག་པ་དང་ལྷན་འཕྲོས་མོལ་ཞུ་སྐབས་རྩ་ཚིག་གང་ཡིན་མ་ངེས་པས། ལན་ཆ་ཚང་ཞུས་མ་ཐུབ། རྗེས་སུ་བསྐྱར་ཞིབ་སྐབས་ཚིག་དེ་ལེའུ་བཞི་པའི་ཤློཀ་ ༤༦ པ་དེ་ཡིན་འདུག་ཅིང་། དེ་ནི་ད་ཕན་གྱི་བོད་དཔེ་མང་ཆེ་བར་ (ཁོ་བོས་མཇལ་བ་ཚང་མའི་ནང་) “ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་།།” ཞེས་གསལ་བ་ལས། “ཉམ་ཆུང་ཉོན་མོངས་” ཞེས་པ་མེད། དར་ཊིཀ་གིས་མཚོན་བོད་དཔེ་མང་ཆེ་བའི་ནང་ “ཉོན་མོངས་ཉོན་མོངས་” གཞིར་བཞག་གིས་ཚིག་འགྲེལ་མཛད་ཡོད། འོན་ཀྱང་དངོས་དོན་དུ། རྒྱ་དཔེར། “ཀླེཤཱཿ པྲཉྫཱདྲྀཥྚིསཱདྷྱཱ བརཱཀཱཿ” ཞེས་རྐང་པ་དེའི་ཚིག་མཐའ་མ་ “བརཱཀཱཿ” ཞེས་པ་སྤྱིར་ཉོན་མོངས་ལའང་འཇུག་པས། ལོ་ཆེན་གོང་མ་རྣམས་ཀྱིས་ “ཉོན་མོངས་ཉོན་མོངས་” ཞེས་བསྒྱུར་གནང་མཛད་ཀྱང་། ཚིག་དེ་དམན་པ་དང་། ཉམ་ཆུང་བ། སྟོབས་ཆུང་བ། ཕོངས་པ་སོགས་དུ་མ་ལ་འཇུག་ཏུ་རུང་བས། སྤྱོད་འཇུག་རང་དུའང་སྐབས་འགར་ “ཉམ་ཐག་” ལ་བསྒྱུར་བ་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་འབུམ་ང་༽པའི་ནང་བཞུགས་སྤྱོད་འཇུག་བཀའ་ཁྲིད་ཟིན་བྲིས་སུའང་ “ཉམ་ཆུང་ཉོན་མོངས་” ཞེས་བསྒྱུར་ན་ལེགས་ཚུལ་གསུངས་འདུག

སྐབས་འདིའི་ཉམ་ཆུང་གི་འགྲེལ་བརྗོད། ཉོན་མོངས་རྣམས་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཤིང་། ཕྱིན་ཅི་ལོག་གི་བློ་ཡིན་སྟབས། རང་གི་ཞེན་ཡུལ་དོན་ལ་མི་གནས་པས་ས་བོན་དང་བཅས་པ་སྤང་རུང་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་སྔོན་དུ་ཞུས་ཟིན་པ་ལྟར་ཡིན། དར་ཊིཀ་ལས་ཀྱང་། “ཉོན་མོངས་པ་རྩ་བ་ཕྱིན་ཅི་ལོག་ལས་བྱུང་བས་” ཞེས་གསུངས། ཡང་ན། སྐབས་འདིར། མཇུག་ཐོག་དེ་མ་ཐག་ཏུ་འོང་རྒྱུའི་ “ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན།།” ཞེས་སོགས་ཀྱི་ཤློཀའི་ཟླས་དྲངས་ཏེ་བཏགས་དོན་བཙལ་ན་མི་རྙེད་པས། རང་ངོས་ནས་བདེན་པར་མ་གྲུབ་པའི་རྒྱུ་མཚན་གྱིས་ ཉམ་ཆུང་བ་ ཞེས་སྦྱར་ཡང་རུང་ངམ་སྙམ།

སྤྱིར་དགེ་སྡིག་གང་ཡིན་ཡང་གཞི་དང་། བསམ་པ། སྦྱོར་བ། གཉེན་པོ་ཡོད་མེད། རྒྱུན་ཆགས་སུ་བྱས་མིན་སོགས་ཀྱི་སྒོ་ནས་སྟོབས་ཆེ་ཆུང་དང་། ལྕི་ཡང་གི་ཁྱད་པར་འགྲོ་ཚུལ་ཡོངས་གྲགས་ལྟར་ལགས།

དྲི་བ།       བསམ་གཏན་གྱི་མི་མཐུན་ཕྱོགས་གཙོ་བོ་དག་གང་དག་ལ་ངོས་འཛིན་དང་། བསམ་གཏན་སྒོམ་པའི་རིམ་པར་བོད་ཀྱི་མཁས་པ་ཚོར་དམིགས་བསལ་གྱི་ཐབས་ཁྱད་པར་ཅན་དེ་འདྲ་ཡོད་དམ།

དྲིས་ལན།  བསམ་གཏན་གྱི་མི་མཐུན་ཕྱོགས་གཙོ་བོ་བྱིང་རྒོད་གཉིས་ཡིན། རྨུགས་པ་དང་འཕྲོ་བ་སོགས་བྱིང་རྒོད་གཉིས་ཀྱི་ཆར་གཏོགས་པ་ཞིག་ལས་གཙོ་བོའི་གྲས་མིན། “གཙོ་བོ་” ཞེས་པའི་ཐ་སྙད་མ་སྦྱར་བར་བསམ་གཏན་གྱི་མི་མཐུན་ཕྱོགས་ཙམ་ལ་བསམས་ནས་བཤད་ན། བསམ་གཏན་གྱི་ཚེར་མ་སྒྲ་དང་། འདུ་འཛི། རྣམ་གཡེང་། ལེ་ལོ་སོགས་བསམ་གཏན་གྱི་མི་མཐུན་ཕྱོགས་ཡིན་ཚུལ་བཤད་པ་སོགས་མང་དུ་ཡོད། བྱང་ས་དང་། ཉན་ས། སྒོམ་རིམ་སོགས་ནས་བཤད་པ་མཐའ་དག་བསྡོམས་བརྒྱབ་པ་ཡིན་ན། བསམ་གཏན་སྒོམ་སྐབས་ཉེས་པ་ལྔ་སྤང་རྒྱུ་དང་། འདུ་བྱེད་བརྒྱད་བསྟེན་རྒྱུ་དེ་རང་ཡིན་པས། དེ་ལ་བལྟས་ན་གོང་དུ་བཤད་པ་ལྟར་བྱིང་རྒོད་གཉིས་མི་མཐུན་ཕྱོགས་གཙོ་བོ་ཡིན།

བོད་ཀྱི་མཁས་པ་ཚོས་ཆུ་མགོ་གངས་ལ་གཏུགས་པ་ལྟར། ཆོས་མགོ་སངས་རྒྱས་ཀྱི་གསུང་དང་། སངས་རྒྱས་ཀྱི་གསུང་གི་དགོངས་པ་ཡང་དག་པར་འགྲེལ་པའི་རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་རྣམས་ལ་གཏུག་བཞིན་ཡོད་སྟབས། བསམ་གཏན་སྒོམ་པའི་རིམ་པར་བོད་ཀྱི་མཁས་པ་ཚོར་སངས་རྒྱས་ཀྱི་གསུང་དང་། རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་སོགས་གང་དུའང་མ་གྲགས་པའི་དམིགས་བསལ་གྱི་ཐབས་ལམ་ཁྱད་པར་ཅན་དེ་འདྲ་གང་ཡང་མེད།

དྲི་བ།       སྟོང་ཉིད་ལ་མོས་པའི་ཕན་ཡོན་དང་། སྟོང་ཉིད་སྟོན་རུང་གི་སྣོད་ངོས་འཛིན་བྱེད་སྟངས་ཐད་རྒྱ་བོད་མཁས་པའི་ཁྲོད་པའི་མི་མཐུན་པའི་ཆ་ཡོད་དམ། དེའི་རྒྱུ་མཚན་གཙོ་བོ་ཅི་ཞིག་ཡིན།

དྲིས་ལན།  གུང་ཐང་བསྟན་པའི་སྒྲོན་མེའི་བསྟོད་པ་དོན་ལྡན་མའི་ནང་། འཕགས་ཡུལ་མཁས་རྣམས་གཟུར་གནས་པས།། རང་བློའི་སྟོབས་བཞིན་གྲུབ་མཐའ་འཛིན།། འདི་ན་ཐམས་ཅད་དབུ་མའི་ལམ།། བསྙེགས་ཀྱང་བློ་ཡིས་མ་ལྕོགས་པས།། ཞེས་གསུངས་པ་ལྟར་སྔོན་རྒྱ་གར་དུ་ཡིན་ན། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་གི་ཉམས་ལེན་ལ་ཞུགས་མཁན་ཚང་མ་དབུ་མ་པ་ཡིན་པའི་ངེས་པ་མེད། བླ་མ་གསེར་གླིང་པ་ལྟ་བུ་སེམས་ཙམ་པ་ཡིན་པ་དང་། ཁོང་གིས་མངོན་རྟོགས་རྒྱན་སེམས་ཙམ་པའི་ལུགས་སུ་བཀྲལ་ཡོད། སེམས་ཙམ་པའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་ན་སྟོང་ཉིད་སྟོན་པའི་སྣོད་རུང་མིན་དགོས། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་སྣོད་རུང་ཡིན་ན། སྟོང་ཉིད་བསྟན་པའི་སྣོད་རུང་ཡིན་པས་ཁྱབ་མི་དགོས།

དྲི་བ་ངོ་མ། སྟོང་ཉིད་སྟོན་རུང་གི་སྣོད་ངོས་འཛིན་བྱེད་སྟངས་ཐད་རྒྱ་བོད་མཁས་པའི་ཁྲོད་མི་མཐུན་པའི་ཆ་ཡོད་དམ་ཞེས་པ། དེ་འདྲ་མི་མཐུན་པའི་ཆ་ཡོད་པ་ངས་ཤེས་ཀྱི་མེད་ལ་ཡོད་མི་སྲིད་སྙམ། དེང་དུས་སྟོང་ཉིད་སྟོན་མཁན་ཚོས་སྟོང་ཉིད་སྤྱིར་བཏང་གི་ཤེས་བྱ་ལྟར་གསུངས་པ་མ་གཏོགས། གདུལ་བྱ་སྟོང་ཉིད་སྟོན་པའི་སྣོད་དུ་རུང་དང་མི་རུང་ཞིབ་ཚགས་གཟིགས་མཁན་དཀོན་པར་སྣང་།

དྲི་བ།       ཆོས་བརྒྱུད་མི་འདྲ་བའི་དབང་གིས་སྤྱོད་འཇུག་ཆེན་མོ་འགྲེལ་ཚུལ་ཐད་ཁྱད་པར་ཆེན་པོ་ཤོར་བ་དེ་འདྲ་ཡོད་དམ།

དྲིས་ལན།  ཆོས་བརྒྱུད་མི་འདྲ་བའི་དབང་གིས་སྤྱོད་འཇུག་ཆེན་མོ་འགྲེལ་ཚུལ་ཐད་ཁྱད་པར་ཆེན་པོ་ཤོར་བ་དེ་འདྲ་ཡོད་ངེས་རེད། དཔེར་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན།། བློ་ནི་ཀུན་རྫོབ་ཡིན་པར་བརྗོད།། ཅེས་སོགས་ཀྱི་འགྲེལ་པ་མཛད་སྟངས་ཐད་འཇུ་མི་ཕམ་དང་དར་ཊིཀ་སོགས་མི་མཐུན་པ་ཡོད། ལར་ནས་སྤྱོད་འཇུག་ཤེས་རབ་ལེའུའི་ནང་ཐལ་འགྱུར་བའི་ལྟ་བ་ཤ་སྟག་གསུངས་ཡོད་ཅིང་། རྗེ་བདག་ཉིད་ཆེན་པོས་ཐལ་འགྱུར་བའི་ལྟ་བ་འགྲེལ་སྟངས་དང་། ཇོ་ནང་པ་དང་། ཤཱཀྱ་མཆོག་ལྡན་དང་། སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་ཐལ་འགྱུར་བའི་ལྟ་བ་འགྲེལ་སྟངས་བར་མི་མཐུན་པ་ཆེན་པོ་ཡོད།

འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པའི་ནང་རྗེ་བདག་ཉིད་ཆེན་པོར་དགག་པ་མཛད་ཡོད། ལྡན་མ་བློ་ཆོས་དང་འཇུ་མི་ཕམ་གཉིས་ཀྱི་བར་རྩོད་པ་རྩོད་ལན་མང་པོ་བྱུང་བ་དེ་ཡང་སྤྱོད་འཇུག་ཤེས་རབ་ལེའུ་ནས་འཕྲོས་པ་རེད། དེ་ཡང་ཆོས་བརྒྱུད་སོ་སོས་དབུ་མའི་ལྟ་བར་འགྲེལ་བཤད་བྱེད་སྟངས་མ་མཐུན་པའི་དབང་གིས་སྤྱོད་འཇུག་གི་གཞུང་ལའང་འགྲེལ་བཤད་བྱེད་སྟངས་མི་མཐུན་པ་ཡོང་སྲིད་པ་རེད།

དྲི་བ།       བློ་སྦྱོང་དང་ལམ་རིམ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། སྤྱོད་འཇུག་ཆེན་མོ་དེ་བློ་སྦྱོང་དང་ལམ་རིམ་གཉིས་ཀའི་གཞི་མཐུན་དུ་བཞག་ན་མི་འགྲིག་པ་དེ་འདྲ་ཡོད་དམ། དེའི་རྒྱུ་མཚན་ཅི་ཞིག་ཡིན།

དྲིས་ལན།  ལམ་རིམ་ཞེས་པའི་ཐ་སྙད་དེ་རྒྱ་གཞུང་ནང་ལ་ཧ་ཅང་དཀོན་པོ་རེད། རྒྱ་གཞུང་ཡིན་པའི་སྔགས་ཀྱི་བསྟན་བཅོས་ཤིག་གི་ནང་ལམ་རིམ་ཞེས་པའི་ཐ་སྙད་ཅིག་ཡོད་པ་དེ་མ་གཏོགས། དེ་མིན་བསྟན་འགྱུར་དུ་བཞུགས་པའི་རྒྱ་གཞུང་ནས་ལམ་རིམ་ཞེས་པའི་ཐ་སྙད་མཇལ་མྱོང་མེད།

བོད་ལ་ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་མཛད་པ་ནས་ལམ་རིམ་ཞེས་པའི་ཐ་སྙད་དེ་གསར་དུ་བྱུང་བ་མངོན་ནའང་། ཇོ་བོས་མཛད་པའི་བསྟན་བཅོས་དེ་ལ་བྱང་ཆུབ་ལམ་གྱི་སྒྲོན་མ་མ་གཏོགས། བྱང་ཆུབ་ལམ་རིམ་ཞེས་པའི་ཐ་སྙད་སྦྱར་མེད། ཕྱིས་སུ་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེ་ཆུང་སོགས་མཛད་པ་ལ་བརྟེན་ནས་ལམ་རིམ་ཞེས་པའི་ཐ་སྙད་དེ་ཡོངས་གྲགས་སུ་གྱུར་པ་རེད།

བཀའ་གདམས་པའི་དགེ་བཤེས་ཚོས་མཛད་པ་མང་ཆེ་བ་བསྟན་རིམ་དང་། ས༌སྐྱ་པའི་མཁས་པ་ཚོས་མཛད་པ་མང་ཆེ་བ་ལམ་འབྲས། རྙིང་མའི་ཆོས་བརྒྱུད་དུ་སྔོན་འགྲོ་དང་བློ་སྦྱོང་སོགས་ཀྱི་ཐ་སྙད་སྦྱར། དེ་ཚོར་ལམ་རིམ་ཞེས་པའི་ཐ་སྙད་མ་སྦྱར་བ་ཙམ་མ་གཏོགས། དོན་དུ་དེ་དག་ལམ་རིམ་ཡིན།

དེང་སྐབས་ལམ་རིམ་ཞེས་པའི་ཐ་སྙད་དེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་སྟོན་པའི་བསྟན་བཅོས་ཤིག་ལ་ཟེར་གྱི་ཡོད། དམིགས་བསལ་སྔགས་རིམ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ཟེར་གྱི་ཡོད། བློ་སྦྱོང་ཞེས་པ་ནི་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེ་སོགས་ཀྱི་སྒོ་ནས་ཀུན་རྫོབ་སེམས་བསྐྱེད་ཀྱི་བློ་སྦྱོང་སྟངས་གཙོ་བོར་བྱས་ནས་གསུངས་པའི་བསྟན་བཅོས་རྣམས་ལ་ཟེར་གྱི་ཡོད།

སྤྱོད་འཇུག་ལྟ་བུ་སོ་སོས་ཉམས་ལེན་ལ་འཁྱེར་ཤེས་པ་ཡིན་ན། གཞུང་དེས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་བསྟན་ཡོད། འཆི་བ་དྲན་པ་མ་བསྒོམ་པའི་ཉེས་དམིགས། བསྒོམ་པའི་ཕན་ཡོན། འཆི་བ་དྲན་པ་ཇི་ལྟར་བསྒོམ་པ། ངན་འགྲོའི་སྡུག་བསྔལ་བསམ་པ། སྐྱབས་འགྲོ་དང་དད་པ་བསྐྱེད་པ་སོགས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བློ་སྦྱོང་ཚུལ་དང་། ཐར་པ་དོན་གཉེར་གྱི་བློ་སྐྱེ་བའི་ཐབས་སུ་སྡུག་བསྔལ་དང་ཀུན་འབྱུང་གི་འཇུག་རིམ་བསམ་པ། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་སོགས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་བློ་སྦྱོང་ཚུལ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཡིན་པ་དང་། བྱང་ཆུབ་སེམས་སྦྱོང་གི་རིམ་པ། སེམས་བསྐྱེད་ནས་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སློབ་ཚུལ་སོགས་སྐྱེས་བུ་ཆེན་པོའི་བློ་སྦྱོང་ཚུལ་བཅས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་སྤྱོད་འཇུག་ཏུ་གསུངས་ཡོད། དེར་བརྟེན་སྤྱོད་འཇུག་ལམ་རིམ་དང་བློ་སྦྱོང་གཉིས་ཀའི་གཞི་མཐུན་དུ་བཞག་ན་མི་འོས་པ་གང་ཡང་མེད། སྤྱིར་བཏང་ལམ་རིམ་ལ་བློ་སྦྱོང་མིན་པ་ཞིག་མེད་ཀྱང་། བྱང་ཆུབ་སེམས་སྦྱོང་རྐྱང་པ་སྟོན་པའི་བློ་སྦྱོང་གི་གཞུང་ལུགས་ཡིན་ན། སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་སྟོན་པའི་ཁྱབ་པ་མེད།

དྲི་བ།       སྤྱོད་འཇུག་གི་གཞུང་འདིས་ཆོས་ཁས་མི་ལེན་མཁན་ཞིག་གིས་ཀྱང་ངེས་པར་དུ་གཟབ་ནན་ངང་སྲུང་བརྩི་བྱེད་དགོས་པའི་གལ་ཆེའི་བསླབ་བྱ་གང་དང་གང་དག་ཅིག་གནང་ཡོད་དམ།

དྲིས་ལན།  ཆོས་ཁས་མི་ལེན་མཁན་གྱི་གང་ཟག་ཅིག་གི་དབང་དུ་བྱས་ནས་བཤད་ན། སྤྱོད་འཇུག་ནང་སྐྱེ་བ་འདིའི་མི་ཚེའི་བདེ་སྐྱིད་ངང་སྐྱེལ་ཐུབ་པའི་ཐབས་གལ་ཆེའི་བསླབ་བྱ་ཧ་ཅང་མང་པོ་ཡོད། འོན་ཀྱང་བསླབ་བྱ་དེ་ཚོ་ཆོས་ཁས་མི་ལེན་མཁན་ཚོའི་ཆེད་དུ་གསུངས་པ་ཡིན་པར་ངོས་འཛིན་བྱས་མི་རུང་། གང་ཡིན་ཞེ་ན། ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག། དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་འགྱུར་མིན་མཛད་ཁྱོད་ལ་མེད།། ཅེས་གསུངས་པ་བཞིན། སྤྱོད་འཇུག་ནང་གང་གསུངས་པ་དེ་ཡང་དོན་དུ་ཞི་བ་མྱ་ངན་ལས་འདའ་བའི་རྒྱུར་དམིགས་ནས་གསུངས་པ་ཤ་སྟག་ཡིན། ཆོས་ཁས་མི་ལེན་མཁན་ཚོ་ཡང་སེམས་ཅན་ཡིན་སྟབས། དེ་དག་གི་དོན་བྱེད་རྒྱུའང་བྱང་ཆུབ་སེམས་དཔའི་ཉམས་ལེན་རེད།

དེང་སྐབས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་བསམ་བློར་ཞི་བདེ་མེད་པ་དང་། བྲེལ་འཚབ་ཤུགས་ཆེན་པོ་ཡོད་པའི་མི་ཧ་ཅང་མང་པོ་རེད། ཁོང་ཚོར་དབྱིན་སྐད་ནང་ཀྲེན་ཤན་ (Tension) དང་ཨིས་ཀྲེ་རེས་ (Stress) ཟེར་བའི་དཀའ་ངལ་ཡོད། མི་དེ་ཚོའི་རིགས་བོད་ཀྱི་བླ་མ་ཚོའི་མདུན་དུ་བཀའ་སློབ་ཞུ་བར་ཡོང་སྐབས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པའི་ཚིག་དེ་ཚོ་དང་། ལྷག་པར་དུ་ཁོང་ཁྲོ་ལ་བཟོད་བསྲན་གྱིས་གདོང་ལེན་བྱེད་སྟངས་སྐོར་སྤྱོད་འཇུག་ནས་གསུངས་པའི་རིགས་པ། གཞན་གྱིས་རང་ལ་རྡུང་རྡེག་བྱུང་སྐབས། ལུས་ལ་ན་ཟུག་བྱུང་བའི་དབང་གིས་ཁོང་ཁྲོ་ཟ་འོས་པ་ཡིན་ན། དབྱུག་པ་ལ་ཁོང་ཁྲོ་ཟ་དགོས་པ་དང་། དབྱུག་པ་དེས་རང་མོས་ཀྱིས་གཞུས་མེད་པར་དབྱུག་པ་འཛིན་མཁན་གྱི་མིས་བྱེད་ཀྱི་ཡོད་པས། མི་དེ་ལ་ཁོང་ཁྲོ་ཟ་དགོས་ན། མི་དེ་ཡང་རང་དབང་མེད་པར་ཉོན་མོངས་པའི་གཞན་དབང་དུ་སོང་སྟབས། ཉོན་མོངས་ལ་ཁོང་ཁྲོ་ཟ་དགོས་པ་སོགས་ཀྱི་རྒྱུ་མཚན་བཤད་སྐབས་སེམས་ལ་ཞི་བདེ་འབྱུང་བ་དང་། ཁོང་ཁྲོའི་རིགས་ཤུགས་ཆུང་དུ་འགྲོ་བ་སོགས་ཧ་ཅང་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་ཅེས་སོགས་བཀའ་ལན་ཞིབ་རྒྱས་བསྩལ།། །།

ཀིརྟིའི་བྱེས་པ་གྲྭ་ཚང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཆབ་ཚང་འཇམ་དཔལ་གྱིས་ཕབ་འབྲི་བྱས།