ནོ་སྦེལ་ཞི་བདེའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། དེ་རིང་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་བཅུ་གསུམ་འཁོར་བའི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་བརྒྱད་པ་བཅས་དུས་སྟོན་ཁྱད་འཕགས་ཅན་གསུམ་འདུས་ཀྱི་དགའ་སྟོན་མཛད་སྒོ་འདིར་བོད་གཞུང་བཀའ་ཤག་གིས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ། འཇིག་རྟེན་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་མཁའ་ཁྱབ་སྐྱེ་འགྲོར་སྨན་པའི་མཛད་འཕྲིན་སྤྱི་དང༌། ཁྱད་པར་བོད་མིའི་སྙིང་ལ་བརྣགས་པའི་འདོད་དོན་ཆོལ་གསུམ་བོད་ཀྱི་རང་དབང་སླར་གསོས་མཚོན་བོད་མིའི་དཀའ་རྙོག་ཐམས་ཅད་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་སྒོ་ནས་སེལ་ཐབས་མཛད་དང་མཛད་བཞིན་པའི་ངོ་མཚར་རྨད་བྱུང་གི་མཛད་འཕྲིན་ལ་བཅོས་མིན་རྗེས་སུ་ཡི་རངས་ཀྱིས་མངོན་པར་བསྟོད་དེ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་སླད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་བཅུ་གསུམ་འཁོར་བའི་གཟི་བརྗིད་ཅན་གྱི་དུས་སྟོན་མཛད་སྒོ་ཁྱད་འཕགས་འདིའི་ཐོག་ངས་བཙན་བྱོལ་བོད་གཞུང་དང༌། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་གུས་གསུམ་གྱི་སྒོ་ནས་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་གསོལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གཞིས་བྱེས་བོད་འབངས་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་གང་གི་བཀའ་སློབ་གསུང་གི་བདུད་རྩི་རྣམས་སྙིང་དབུས་སུ་བཅངས་ཏེ་རང་རང་གི་བླང་དོར་གྱི་བྱེད་སྒོ་འཛོལ་མེད་ཐོག་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་ཉམས་མེད་གཅེས་འཛིན་དང༌། ལྷག་པར་བོད་མིའི་ཡ་རབས་ཀྱི་སྤྱོད་བཟང་རྣམས་མི་ཉམས་གོང་འཕེལ་གཏོང་ཐབས། བཙན་བྱོལ་བོད་མིའི་གནས་ཡུལ་གྱི་རྒྱལ་ཁབ་དང་མི་རིགས་རྣམས་ལ་གུས་བཀུར་དང་མཐུན་འབྲེལ། ཡུལ་ཁྲིམས་བརྩི་བསྲུང་སོགས་མདོར་ན་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང༌། མི་རིགས་ཀྱི་མཚན་ལར་གོང་མཐོར་སྤེལ་བའི་ཆ་རྐྱེན་དུ་འགྲོ་བ་ཞིག་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།

རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་བརྒལ་བའི་རིང་གདུག་རྩུབ་མནར་གཅོད་དང༌། མགོ་སྐོར་སླུ་བྲིད། ཀླད་པ་བཀྲུ་བའི་ཐབས་ཤེས་སོགས་བྱེད་སྒོ་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས་དང་ལེགས་བྱང༌། ཁྱད་པར་བོད་མིའི་སྙིང་སྟོབས་དང༌། རྣམ་དཔྱོད། འདུ་ཤེས་བཅས་པ་བཙན་བསྒྱུར་གྱིས་རྩ་བརླག་ཏུ་གཏོང་རྒྱུའི་ཕུགས་དམིགས་དེ་དག་མ་འགྲུབ་པར། བོད་མིའི་ནང་གི་སེམས་ཚོར་དང་རྣམ་དཔྱོད། སྙིང་སྟོབས། ཆོད་སེམས་བཅས་པ་སྔར་བས་སྲ་བརྟན་གནས་བཞིན་པ་དེ་དག་ད་ཆ་བག་མེད་ལོངས་སྤྱོད་དང་ཁྲོམ་རྭའི་ལམ་ལུགས་ལ་གཞི་རྩ་བཅོལ་བའི་དཔལ་འབྱོར་གྱི་སྲིད་བྱུས་ལག་བསྟར་བྱས་པའི་དབང་གིས་བོད་མིའི་བརྟན་ཚུགས་ལ་གནོད་སྐྱོན་གྱི་ནུས་ཤུགས་ཐེབས་དང་ཐེབས་བཞིན་པ་དེ་དག་ཧ་ཅང་དོ་སྣང་ཆེན་པོས་གདོང་ལེན་བྱེད་དགོས་པའི་སྐབས་སུ་བབས་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དང་ལམ་སྟོན། བཀའ་ཤག་གི་འབོད་བསྐུལ་གསལ་བསྒྲགས་སྔ་རྗེས་བཅས་ཀྱི་དགོངས་དོན་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་ཁག་ལ་ཕྱིར་ཟློག་བྱ་རྒྱུའི་ལས་རིམ་རྣམས་ཉེ་བའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཅི་རིགས་ནས་བསྐྱར་གསོ་གནང་འདུག་པ་དེ་དག་ལ་བཀའ་ཤག་གིས་དགའ་བསུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ལས་འགུལ་འདི་ནི་རྒྱའི་མི་རིགས་ལ་ཁྱད་གསོད་དང༌། ཁོ་ཚོའི་དཔལ་འབྱོར་ལ་གནོད་སྐྱོན་གཏོང་རྒྱུའི་ཆེད་མ་ཡིན་པར་བོད་རིགས་རྣམས་རང་ཁ་རང་གསོ་ཐུབ་པའི་དབུ་མའི་ལམ་གྱི་དཔལ་འབྱོར་གྱི་ལམ་སྲོལ་ལ་བརྟེན་ནས་ད་ལྟ་དང་མ་འོངས་པ་གཉིས་ཀར་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་སྐྱེད་དང་དཔལ་འབྱོར་ལ་རག་མ་ལུས་པ་དང༌། དེའི་དཔལ་འབྱོར་གྱི་སླུ་བྲིད་དང་བཤུ་གཞོག་འོག་གནས་མ་དགོས་པར་བསམ་བློ་དང་ནོར་སྲིད་གཉིས་ཐད་ནས་རང་སྲིད་རང་སྐྱོང་གི་གནས་བབས་གཙང་མ་ཞིག་བསྐྲུན་རྒྱུའི་སླད་དུ་ད་ལྟ་ནས་བསམ་པའི་འདུ་ཤེས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་རྒྱུའི་ཆེད་ཡིན་པ་དེ་གསལ་པོར་མཁྱེན་པའི་ཐོག་ནས་ལས་འགུལ་འདིའི་དགོས་པ་དང་དམིགས་ཡུལ་མ་ནོར་བར་ཕྱག་བསྟར་གནང་ཐུབ་པའི་རེ་བ་དང་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།

ཆེས་བློ་ཕམ་པའི་གནས་ཚུལ་ཞིག་ལ་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཡར་རྒྱས་འགྲོ་བཞིན་ཡོད་པའི་བསྒྲགས་གཏམ་ཤུགས་ཆེ་སྒྲོགས་པ་དང་ཆབས་ཅིག་ད་ལམ་ ༢༠༠༢ ཕྱི་ཟླ་ ༡༢ པའི་ཚེས་ཤར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང༌། ཨ་རི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་ཐོག་གཉིས་ཕྱོགས་ཀྱི་བགྲོ་གླེང་བསྐྱར་འགོ་ཚུགས་ལ་ཉེ་བ་བཅས་དང་སྐབས་བསྟུན་ཏེ་བོད་མདོ་ཁམས་ཁུལ་གྱི་ཆོས་ཕྱོགས་ཀྱི་སློབ་དཔོན་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང༌། ཁོང་གི་སློབ་མ་བློ་བཟང་དོན་གྲུབ་བཅས་ལ་ནག་མེད་ཉེས་འགེལ་གྱིས་ཚུལ་མཐུན་ཁྲིམས་ཀྱིས་བརྡར་ཤ་གང་ཡང་མ་བཅད་པར་སྲོག་ཐོག་གི་ཉེས་ཆད་གཏོང་བའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་དེ་ནི་ཧ་ཅང་བློ་འཚབ་སྐྱེ་འོས་པ་ཞིག་མ་ཟད། ཉེ་བའི་ཆར་བོད་རྒྱའི་འབྲེལ་ལམ་གྱི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་འགྲོ་བཞིན་པ་དེ་ལའང་དོ་ཕོག་འགྲོ་གཞིའི་གནས་ཚུལ་ཞིག་ཡིན་པ་འདིར། ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཀྱིས་ཐུགས་སྣང་ཆེན་པོའི་ཐོག་ནས་རྒྱ་དམར་ལ་གོ་བསྐོན་དང་སློབ་གསོའི་ལམ་ནས་གོང་གསལ་ཉེས་མེད་ཀྱི་བླ་གྲྭ་གཉིས་ཀྱི་སྲོག་སྐྱོབ་ཉེས་གྲོལ་ཡོང་ཐབས་གནང་འོས་ཅི་མཆིས་འཕྲལ་མྱུར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་ཟིན་པ་དེ་དག་ད་ལམ་བསྐྱར་ལྡབ་ཀྱིས་གལ་ཆེར་ནན་བརྗོད་ཞུ་རྒྱུ་མ་ཟད། ད་རེས་ཀྱི་ཉིན་མོ་འདིར་དེ་འདྲའི་ནག་ཉེས་མེད་པའི་མི་རྣམས་སྲོག་སྐྱོབ་དང་ཉེས་གྲོལ་བྱ་རྒྱུའི་ལས་འགུལ་ཤུགས་ནུས་ལྡན་པ་ཞིག་བརྩམས་པ་ཡིན་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་རྩི་ཞུ་བའི་ཐབས་ཚུལ་དེ་ལྷག་མ་མཆིས་པ་ཞིག་ཡིན་པ་སྨོས་མ་དགོས།

དེ་དང་ཕྱོགས་མཚུངས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་མཚོན་ནག་ཉེས་མེད་པའི་བོད་མིའི་ཆབ་སྲིད་བཙོན་པ་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་ཀྱང་འཕྲལ་མྱུར་གློད་བཀྲོལ་ཡོང་བ་དང༌། བོད་དང་རྒྱ་ནག་གཉིས་ཀར་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ལ་བརྡལ་བཤིག་མི་འབྱུང་བའི་མཛད་བྱུས་ཀྱི་ལེའུ་གསར་པ་ཞིག་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རབས་བཞི་པའི་དབུ་ཁྲིད་རྣམ་པ་ཚོས་དབུ་འཛུགས་གནང་བའི་རེ་བ་དང༌། འབོད་བསྐུལ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་ཅིང༌། མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང༌། བོད་མིས་མཚོན་པའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གནོད་འགལ་ནམ་ཡང་མི་འབྱུང་བའི་སྨོན་འདུན་བཅས།