ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་དཔུང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དྲུག་འཁོར་བའི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ཧི་མ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདིར་བོད་མི་ཡོངས་དང་ཞི་བདེ་ལ་དགའ་བའི་སྐྱེ་འགྲོ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེ་དང་བཅས་ཏེ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་མཁའ་ཁྱབ་སྐྱེ་འགྲོར་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང༌། ཁྱད་པར་གངས་ལྗོངས་བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་རྣམས་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཏུ་བསྒྱུར་བར་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་གཟུར་གནས་སྐྱེ་བོ་ཡོངས་ཀྱི་བཅོས་མིན་གྱི་དགའ་གུས་མངོན་པར་མཚོན་པའི་སླད་གྲགས་ཅན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་བཅུ་དྲུག་འཁོར་བའི་དུས་ཚིགས་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་འགྲོ་བའི་ཐུགས་རྗེ་ཆེ་ཞུ་དང་ྋཞབས་པད་སྲིད་མཐར་བརྟན་པའི་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན? དེ་དང་ཆབས་ཅིག་ཧི་མཱ་ལ་ཡའི་དུས་སྟོན་གྱི་གོ་སྒྲིག་མཛད་པོ་ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་མཛད་གཙོ་རྣམ་པ་དང༌། དུས་སྟོན་དུ་མཉམ་ཞུགས་གནང་མཁན་ཡུལ་མི་རྒན་གཞོན་ཡོངས་ལའང་འཚམས་འདྲི་དང༌། ཁྱེད་རྣམ་པའི་བརྒྱུད་རྒྱ་གར་དབུས་སའི་གཞུང་དང་མི་མང་ཡོངས་ལ་འདས་པའི་མི་ལོ་ ༤༦ བརྒལ་བའི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་མི་འབུམ་ལ་ཉེ་བར་ཐུགས་བརྩེ་ཆེན་པོས་གཟིགས་སྐྱོང་བླ་མེད་གནང་བར་བོད་མི་ཡོངས་ཀྱི་ངོས་ནས་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པའི་ནང་དུ་སོན་ཟིན་ནའང་ད་དུང་འཇིག་རྟེན་འདིར་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ཇི་བཞིན་མ་ཐུབ་པར་བརྡལ་བཤིག་བྱུང་བའི་གནས་ཚུལ་རྒྱལ་ཁབ་གང་སར་ཡོང་བཞིན་པ་མ་ཟད། ལྷག་པར་བོད་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚད་མེད་འགྲོ་བཞིན་པའི་གནས་ཚུལ་མུ་མཐུད་ཡོང་བཞིན་པ་འདི་ནི་ཆེས་བློ་ཕམ་གྱི་རང་བཞིན་མ་ཟད། འགྲོ་བ་མི་རིགས་ཡོངས་ཀྱིས་དོ་སྣང་དང་བསམ་གཞིག་གཏིང་ཟབ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད། ལྷག་པར་ཉེ་བའི་ཆར་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་སུ་གྲགས་པའི་བཙན་ཤེད་སློབ་གསོའི་ལས་རིམ་ཐོག་སླར་ཡང་ཤུགས་སྣོན་བསྐྱེད་པའི་དབང་གིས་འབྲས་སྤུངས་སོགས་གདན་ས་ཆེ་ཁག་རྣམས་སུ་བརྟན་ལྷིང་མེད་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་འདུག་པ་དེ་དག་ཧ་ཅང་ཡིད་འཚབ་སྐྱེ་གཞི་ཞིག་ཡིན་སྟབས། འབྲེལ་ཡོད་ཡོངས་ལ་གནས་ཚུལ་དེ་རིགས་འཕྲལ་དུ་མཚམས་འཇོག་དང༌། འབྱུང་འགྱུར་བསྐྱར་ལྡབ་མི་ཡོང་བའི་འབོད་སྐུལ་ནན་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་གཞིས་བཞུགས་བོད་མི་ཡོངས་ལའང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་ཀྱི་དགོངས་དོན་གཞི་བཟུང་དོན་མེད་བཙོན་དུ་ཚུད་པ་དང༌། མནར་གཅོད་སྡུག་སྦྱོང་གི་འོག་ཏུ་མི་ཚེ་ཆུད་ཟོས་འགྲོ་གཞིའི་རིགས་མི་ཡོང་བར་བཟོད་བསྲན་དང་སྙིང་སྟོབས་ཆེ་བསྐྱེད་ཀྱི་ངང་ནས་རྙོག་ཟིང་མི་འབྱུང་བ་དང༌། སོ་སོའི་སྐབས་བབ་ཀྱི་བསྟན་སྲིད་དང་མི་རིགས་ལ་སྨན་པའི་ལས་དོན་རྣམས་མུ་མཐུད་རྒྱུན་སྐྱོང་ཐུབ་པ་གནང་གལ་ཆེ་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། གཞིས་བྱེས་བོད་མིའི་མོས་འདུན་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་ལ་འབད་བརྩོན་གང་ཐུབ་ཞུ་མུས་མ་ཟད། འདས་པའི་ལོ་ཤས་ནང་གོམ་པ་མདུན་སྤོས་ཕྲན་བུ་ཐུབ་པ་བྱུང་ཡོད་ཀྱང༌། སྡེ་ཚན་རེ་ཟུང་གིས་ལས་རིམ་དེའི་ཁོར་ཡུག་ལ་གནོད་པའི་ལས་འགུལ་མུ་མཐུད་བརྩམས་དང་རྩོམ་བཞིན་པར་བརྟེན། འབྱུང་འགྱུར་གནས་བབ་ཇི་ཡོང་ཆ་མ་རྟོགས་པའི་ངང་གནས་དགོས་བྱུང་བ་འདི་ནི་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་མ་སྨིན་པའི་དབང་གིས་བྱུང་བ་ཞིག་ཡིན་ནམ་སྙམ། མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་དང་ལངས་ཕྱོགས་མི་མཐུན་པ་སྣ་ཚོགས་ཡོད་ཆོག་པ་དང་ཡོད་དགོས་པ་ཞིག་ཡིན་ནའང༌། རྒྱལ་ཁབ་དང་མི་རིགས་ཀྱི་གལ་ཆེའི་རྩ་དོན་སྒྲུབ་པའི་ལས་རིམ་ལ་རང་གི་ལྟ་ཚུལ་དང་མ་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་བསམ་བཞིན་གནོད་སྐྱོན་གཏོང་རྒྱུའི་འབད་བརྩོན་བྱེད་པ་དེ་རིགས་རྒྱལ་གཅེས་ཀྱི་རིང་ལུགས་དང༌། མང་གཙོའི་ལྟ་སྤྱོད་གང་དང་ཡང་མཐུན་པ་ཞིག་ག་ལ་ཡིན། འོན་ཀྱང་ཕྱི་ནང་གི་འགལ་རྐྱེན་འདི་དག་ལ་ཇི་མི་སྙམ་པར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་གི་ཐོག་བོད་རྒྱ་ཞི་མོལ་གྱི་ལས་རིམ་མུ་མཐུད་བྱ་རྒྱུ་དང༌། དེའི་ཆེད་མཐུན་ཕྱོགས་ཀྱི་ཁོར་ཡུག་སྐྲུན་ཐབས་རྒྱུན་སྐྱོང་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད། གྲུབ་འབྲས་འཐོན་མིན་ནི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཁོར་ཡུག་སྐྲུན་ཕྱོགས་ལ་རག་ལུས་པ་སྨོས་མ་དགོས། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།