ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་སྟོན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། དེ་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་བཅོ་ལྔ་འཁོར་བའི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་ཁྱད་པར་ཅན་གྱི་དུས་ཚོད་བཟང་པོ་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བས་བཀྲིན་རྗེས་དྲན་དང་གུས་འཚམས་ཞུ་རྒྱུ་དང་ཆབས་ཅིག་གཞིས་བྱེས་བོད་རིགས་ཡོངས་ལའང་བཀའ་ཤག་གིས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་བྱམས་བརྩེའི་སྙིང་པོ་ཅན་གྱི་འཚེ་མེད་ཞི་བའི་ལམ་བཟང་བསྟན་པར་མཛད་པ་ཙམ་དུ་མ་ཟད། བོད་མིའི་རང་དབང་སླར་གསོའི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ངོ་བོར་བསྒྱུར་བར་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་ཡིད་དབང་འཕྲོགས་ཏེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དང༌། རྒྱལ་སྤྱིའི་ཤེས་ལྡན་གྱི་སྐྱེ་རྒུ་གྲངས་ལས་འདས་པས་ྋགོང་ས་མཆོག་གི་ལམ་སྟོན་རྣམས་དད་གུས་སྤྲོ་གསུམ་གྱི་སྒོ་ནས་ཉམས་སུ་བླང་རྒྱུའི་འབད་བརྩོན་བྱེད་བཞིན་པ་ལྟར། མགོན་པོ་གང་གི་གདུལ་ཞིང་དུ་སྐྱེས་པའི་གཞིས་བྱེས་བོད་མི་ཚང་མས་ྋགོང་ས་མཆོག་གི་བཀའ་དགོངས་དྭང་ལེན་གྱི་ངོས་ནས་བྱམས་བརྩེའི་ལྷག་བསམ་དང༌། འཚེ་མེད་ཞི་བའི་ལྟ་སྤྱོད་ལ་ཉམས་ལེན་ལག་བསྟར་ཐུབ་ཐབས་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་ཀྱིས་གནང་དགོས་པ་ནི་རང་ཅག་རྣམས་ལ་སྐབས་སུ་བབ་པའི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་གསལ་བསྒྲགས་བྱས་ཏེ་མི་ལོ་ལྔ་བཅུ་བརྒལ་བའི་དུས་ཡུན་གྱི་བྱུང་རིམ་ལ་ཕྱི་མིག་ཅིག་བལྟས་ཚེ། འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་སྒྲིག་འཛུགས་དང༌། མི་རིགས། རྒྱལ་ཁབ་ཕལ་མོ་ཆེས་རྩི་སྲུང་ཚུལ་བཞིན་བྱས་མ་ཐུབ་པ་དང༌། མ་བྱས་པའི་དབང་གིས་ཡ་ང་བའི་གནས་ཚུལ་ཧ་ཅང་མང་པོ་བྱུང་ཡོད་པ་མ་ཟད། གངས་ལྗོངས་བོད་མི་རྣམས་ནི་སྔར་མ་གྲགས་པའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ལ་བསམ་སྤྱོད་ལས་འདས་པའི་བརྡལ་བཤིག་གིས་བཙན་གནོན་ཉམས་སུ་མྱོང་དགོས་བྱུང་སྟེ་བོད་མིའི་རྩ་འབོར་གྱི་བཞི་ཆ་གཅིག་ལ་ཉེ་བར་བཙན་དབང་མནར་གཅོད་ཀྱི་འོག་རང་སྲོག་འདོར་དགོས་བྱུང་བ་དང༌། གསོན་འཚོ་ཐུབ་པ་རྣམས་ཀྱང་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་བསམ་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱོང་དགོས་བྱུང་བ་བཅས་མདོར་ན་མི་མང་སྡེབ་གསོད་དང་ལེགས་བྱང་སྡེབ་གསོད་ཀྱི་གནས་ཚུལ་དངོས་བྱུང་མ་ཟད། སྐབས་དེར་ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་མི་ཚོགས་ཧ་ཅང་མང་པོས་སེམས་འཚབ་དང༌། དོ་སྣང་རྒྱབ་སྐྱོར་ཚད་མེད་བྱས་རུང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པས་འགྲོ་བ་མིའི་ཐོབ་ཐང་དང༌། སྐྱེ་བོ་སྒེར་གྱི་རང་དབང༌། མང་གཙོའི་ལམ་སྲོལ་སོགས་ལ་རྒྱབ་སྐྱོར་དང་བརྩི་སྲུང་བྱ་སྐད་སྒྲོགས་པའི་སྒྲིག་འཛུགས་དང་རྒྱལ་ཁབ་ཕལ་མོ་ཆེས་སོ་སོའི་དཔལ་འབྱོར་གྱི་ཁྲོམ་རྭ་དང་ཆབ་སྲིད་ཀྱི་ཁེ་ཕན་ཉག་ཅིག་གཙིགས་སུ་བཟུང་སྟེ་བོད་མིའི་གནས་ཚུལ་ལ་དོ་སྣང་ཙམ་མ་བྱས་པར་གནའ་མིའི་བོད་ཀྱི་གཏམ་དཔེར་རིལ་རིལ་རྦབ་ལ་འདྲིལ་དུས་ལེབ་ལེབ་ལྟད་མོ་ལྟ་ཞེས་པའི་གནས་ཚུལ་རང་ཅག་ལ་དངོས་སུ་བྱུང་བ་དེའང་དོ་སྣང་དང་རྗེས་དྲན་བྱེད་དགོས་པ་ཞིག་དང༌། རྒྱལ་སྤྱིའི་བྱུང་བའི་ནང་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ཕྱེད་སྨད་རིང་བྱུང་བའི་བཙན་འཛུལ་དང་མི་མང་སྡེབ་གསོད་ཀྱི་གནས་ཚུལ་དེ་ཚོར་ཞིབ་ཏུ་བརྟགས་ཚེ། མིའི་འགྲོ་བ་སྒེར་སོ་སོའི་རང་རང་གི་འགྲོ་བ་མིའི་ལས་འགན་གང་ཡིན་ངོ་ཤེས་པར་བྱས་ཏེ་སྒྲུབ་ཐབས་མ་བྱས་ན། མིའི་ཐོབ་ཐང་འབའ་ཞིག་ལ་བསམ་གཞིག་དང་རྩོད་གླེང་བྱས་པ་གཅིག་པུས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མི་ཐུབ་པ་དང༌། མི་སྒེར་སོ་སོའི་ཐོབ་ཐང་ལ་བརྡལ་བཤིག་བྱུང་སྐབས་ཀྱང་སྟོན་པ་སངས་རྒྱས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། ། གཞན་ནི་སུ་ཞིག་མགོན་དུ་འགྱུར། ། ཞེས་གསུངས་པ་ལྟར། རང་གི་སྙིང་སྟོབས་དང༌། བཟང་སྤྱོད། འཚེ་བ་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་མ་ཐུབ་ན་རྒྱལ་ཁབ་གཞན་དང༌། མི་རིགས་གཞན། ཡང་ན་གྲགས་ཅན་གྱི་སྒྲིག་འཛུགས་གཞན་ལ་ངུ་འབོད་ཞུ་སྐུལ་ཇི་ཙམ་བྱས་རུང༌། མིའི་ཐོབ་ཐང་བསྐྱར་གསོ་དང༌། སྲུང་སྐྱོབ་བྱེད་མི་ཐུབ་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་གཉིས་དངོས་རྭ་གསལ་པོ་འཕྲོད་པ་དེ་བོད་མི་ཡོངས་ཀྱིས་དགོངས་པར་མངའ་གསལ་ཡིན་སྟབས། རང་ཐོག་དངོས་བྱུང་གི་ཉམས་མྱོང་དེ་ལས་བསླབ་བྱ་ཞིག་བླངས་ཏེ་ད་རེས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གྲགས་པའི་དུས་ཚིགས་འདིའི་ཐོག་ནས་བཀའ་ཤག་གིས་གཞིས་བྱེས་བོད་མི་སྤྱི་དང༌། ལྷག་པར་ཤེས་ཡོན་ལྡན་པའི་ན་གཞོན་རྣམས་ལ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུན་མིན་གདམས་ངག་གི་ཉིང་ཁུ་འགྲོ་བ་མིའི་ལས་འགན་ནམ། གང་ཟག་སྒེར་གྱིས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་གང་ཡིན་ངོ་ཤེས་པར་བྱས་ཏེ་རང་དབང་གི་ཐོག་ནས་ལས་འགན་དེ་དག་ཚུལ་བཞིན་སྒྲུབ་ཐབས་ལ་དུས་རྟག་ཏུ་འབད་བརྩོན་གནང་དགོས་པ་དང༌། དེ་བཞིན་བོད་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་དང༌། བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཉིས་ཀའང་བོད་མིའི་སྙིང་སྟོབས་དང༌། བཟང་སྤྱོད། འཚེ་བ་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་བསྐྱར་གསོ་དང་སྲུང་སྐྱོབ་ཐུབ་པ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གོ་ལ་གཅིག་བསྒྱུར་དུ་སོང་ཟིན་པའི་འཁྲུགས་ཆ་དོད་པོའི་འཇིག་རྟེན་འདིའི་དཔལ་འབྱོར་གྱི་བྲན་དུ་སོང་བའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་འདི་དག་ལ་དཔགས་ནས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་བཟང་ངན་ཇི་འགྱུར་བོད་མི་རང་གི་ལས་འགན་སྒྲུབ་ཕྱོགས་ལ་རག་ལུས་པ་མ་གཏོགས། གཞན་སུ་ཞིག་གི་རོགས་རམ་དང་མཐུན་འགྱུར་ལ་བརྟེན་ནས་ཡོང་ཐབས་མེད་པའི་བདེན་དོན་དེ་བོད་མི་ཚོས་མཁྱེན་དགོས་པ་དང་ཚོར་སྣང་ཡོད་པ་ཞིག་གནང་དགོས་པ་གནད་ཀྱི་དོན་པོ་ཡིན་སྟབས། ད་རིང་གི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་ཀྱིས་གནས་ཚུལ་འདིའི་སྐོར་བསམ་ཞིབ་ནན་པོ་དང་ཆབས་ཅིག་འགྲོ་བ་མིའི་ལས་འགན་ཚུལ་བཞིན་དུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་བཅང་ཐུབ་ན་དུས་ཚིགས་འདི་སྲུང་བརྩི་བྱེད་པའི་དགོས་དོན་འགྲུབ་པ་ཡིན།

ཉེ་སྔོན་ ༢༠༠༤ ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་ཚོགས་ལ་གཏམ་བཤད་ཞུས་རྗེས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་ཐེངས་གསུམ་པ་ཕེབས་ཏེ་དཀར་མཛེས་སོགས་བོད་ས་འགའ་ཤས་ལ་འཚམས་འདྲི་དང༌། བེ་ཇིང་དུ་འབྲེལ་ཡོད་དཔོན་རིགས་རྣམས་དང་དོན་གནད་མང་པོའི་ཐོག་བགྲོ་གླེང་ཞིབ་རྒྱས་བྱུང་འདུག ད་ལན་གྱི་བགྲོ་གླེང་དེ་དག་སྔར་ལྷག་དོན་སྙིང་ལྡན་པ་དང༌། འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཐོག་བསམ་ཞིབ་དང་གོ་སྒྲིག་བྱ་རྒྱུར་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་བྱུང༌།

འདས་པའི་ལོ་ངོ་གཉིས་ཙམ་རིང་ཞིབ་འཇུག་དང་གྲོས་མོལ་རྒྱ་ཆེ་ནན་གཟབ་ཀྱི་བརྒྱུད་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་ད་ལམ་གྲོས་ཚོགས་སུ་བགྲོ་གླེང་གཏིང་ཟབ་གནང་རྗེས་ལེགས་བཅོས་རེ་ཟུང་དང་མཉམ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཐུབ་པ་འདི་བོད་ཀྱི་ཤེས་ཡོན་གྱི་བྱུང་བའི་ནང་གལ་གནད་ཆེ་བའི་གོམ་བགྲོད་ཅིག་ཡིན་པར་བསམ་གྱི་ཡོད།

དེ་བཞིན་དེང་རབས་རིག་གསར་ཁག་གི་མིང་ཚིག་བོད་སྐད་ནང་ཐ་སྙད་གསར་བཟོ་དགོས་རིགས་ཚད་ལྡན་དང་གཅིག་གྱུར་ཡོང་སླད་ཤེས་ལས་ནས་ཐ་སྙད་གསར་བཟོའི་ལས་གཞི་ཞིག་ད་ཆ་འགོ་འཛུགས་ཟིན་པ་ཡིན།

བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལས་འབོར་ཉམས་ཞིབ་དང་ས་མིག་གཏན་འབེབས་སྒྲིག་མཐུན་ལྟར་བྱས་མ་ཐུབ་པར་ལོ་མང་སོང་བ་དེ་བཞིན་ད་ཆ་སྒྲིག་འཛུགས་རིག་པ་དང་མཐུན་པའི་གསར་བརྗེ་ཆེན་པོ་ཞིག་གནས་སྐབས་ཡོང་ཐབས་མེད་པར་མཐོང་སྟེ་ཐབས་ལམ་གཞན་ཞིག་གི་བརྒྱུད་ལས་ཁུངས་མ་ལག་དང་བཅས་པའི་སྒྲིག་འཛུགས་བསྐྱར་བཅོས་ཀྱི་ལམ་ནས་ད་ཡོད་ལས་བྱེད་མཁུ་བསྡུ་མ་དགོས་པར། ས་མིག་དང་མཐུན་པའི་ལས་འབོར་བསྐྲུན་ཏེ་ལས་བྱེད་ཀྱི་ས་མིག་གཏན་འབེབས་བྱས་ཟིན་ཅིང༌། འབྱུང་འགྱུར་ལོ་གཉིས་རེའི་འཚམས་ནས་སྒྲིག་དོན་ལྟར་ལས་འབོར་ཉམས་ཞིབ་དང་འབྲེལ་རིམ་གྱིས་བཙན་བྱོལ་གཞུང་གི་སྲི་ཞུ་བའི་ས་མིག་འཛིན་སྐྱོང་རིག་པ་དང་མཐུན་པ་ཞིག་ཡོང་ཐབས་དང༌། སྲི་ཞུ་བ་རྣམས་ཁྱད་ལས་ཅན་གྱི་སྒྲིག་གྲལ་བཞིར་དབྱེ་རྒྱུའི་འབད་རྩོལ་འགོ་འཛུགས་ཟིན་པ་ཡིན།

མཉམ་འབྲེལ་རོགས་སྐྱོར་དང་སོ་ནམ་ལམ་སྟོན་སྡེ་ཚན་གཉིས་ཀྱིས་བོད་མིའི་གཞིས་སྒར་ཁག་ཏུ་མཉམ་འབྲེལ་དང་སོ་ནམ་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་རིམ་གཏན་འབེབས་བྱ་རྒྱུ་རྣམས་ཀྱང་ད་ཆ་མཇུག་བསྒྲིལ་ཟིན་ཏེ་ལག་བསྟར་བྱ་སྐབས་སུ་སླེབས་པ་དང༌། མཉམ་འབྲེལ་རིག་པའི་སློབ་སྦྱོང་ཐོན་པའི་ལས་བྱེད་བསྐོ་འཛུགས་བྱ་རྒྱུའི་ལས་རིམ་ཡང་དོན་འཁེལ་ཡོང་ཉེར་ཡོད་པ་བཅས་བར་སྐབས་དེའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གནད་ཆེ་རེ་ཟུང་སྙན་སྒྲོན་ཞུ་རྒྱུའི་གོ་སྐབས་བླངས་པ་ཡིན།

བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་གནས་སྐབས་འདིར་ཡང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་མ་སྨིན་པའི་དབང་གིས་ཕྱི་ནང་གི་བར་ཆད་ཅི་རིགས་ཡོང་བཞིན་པ་འདི་དག་སེལ་ཐབས་དང༌། བོད་མི་གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྟོན་མྱུར་དུ་འཆར་བའི་སླད་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་དགོས་པ་དང༌། ལྷག་པར་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་འདི་བཞིན་ལྷ་བླའི་བཀའ་ལུང་དགོངས་དོན་བོད་མིར་གལ་གནད་ཆེ་བའི་ལོ་ཚིགས་ཤིག་ཡིན་པ་ལྟར་བཀའ་ཤག་གིས་འབོད་སྐུལ་སྔ་རྗེས་ཞུས་དོན་བཞིན་ལོ་འཁོར་གཅིག་རིང་དུས་ཆེན་ཁག་ལ་ཞབས་རིམ་དང༌། སྤྱི་མཐུན་བསོད་ནམས་སྤེལ་བའི་ཆོས་སྤྱོད་ཀྱི་བྱ་བ་རྒྱ་ཆེར་གནང་བའི་མཐའ་བསྡོམས་སུ་བོད་ཤིང་སྤྲེལ་ཟླ་ ༡༢ ཚེས་ ༡༥ ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུས་རིས་མེད་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་མཛད་རྒྱུ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དེའི་ཆེད་འདི་ནས་རེ་སྐུལ་ཞུས་དོན་ལྟར་བོད་མི་ཡོངས་ཀྱིས་འབྲེལ་ཐོགས་ཞལ་འདེབས་འབུལ་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གོང་ཚེས་ཉིན་གཞིས་བྱེས་བོད་མི་ཡོངས་ཀྱིས་རང་རང་སོ་སོའི་གནས་ཡུལ་དུ་མཆོད་འབུལ་སྨོན་ལམ་གསོལ་འདེབས་སོགས་རྣམ་དཀར་དགེ་སྦྱོར་གྱི་བྱ་བ་གང་ཐུབ་ལྷག་བསམ་བཟང་པོས་འབད་སྒྲུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདིའི་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་ཀྱི་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པ་དང༌། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སོགས་ཀྱིས་མཚོན་པའི་ནག་མེད་ཆབ་སྲིད་ཀྱི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཡང་བྱེད་རྒྱུ་ཡིན།

འཛམ་གླིང་ཤར་ནུབ་ལྷོ་བྱང་གི་ཡུལ་ལུང་སོ་སོར་འཁོད་པའི་བོད་དོན་རྒྱབ་སྐྱོར་བ་ཁག་དང༌། འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལའང་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས།