དྷ་ཤོད་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོར་གནང་བའི་གསུང་བཤད།

སློབ་གཉེར་བ་རྣམ་པ་དང༌། སློབ་སྤྱིས་གཙོས་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམ་པ། དེ་བཞིན་འགན་འཛིན་རྣམ་པ། ཕྲུ་གུའི་ཕ་མ་རྣམ་པ། སྐུ་མགྲོན་རྣམ་པ་ཚང་མ་ལ། དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་གཉིས་འཁོར་བ་དང༌། ཁང་ཚན་ནང་ཁུལ་གྱི་རྒྱུག་མཆོང་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་ཐེངས་བཅུ་དྲུག་པ་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དང༌། ང་རང་སྒེར་གྱི་ངོས་ནས་ཚང་མ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀྲིན་དང༌། ྋགོང་ས་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱིས་ཕྱག་ལས་གནང་མཁན་མཛད་གཙོ་རྣམ་པའི་སྐུ་ངལ་ལ་བརྟེན་ནས་གངས་ལྗོངས་ཀྱི་བཙན་བྱོལ་ན་གཞོན་ཡོངས་སུ་རྫོགས་པ་ལ་སློབ་སྦྱོང་གི་གོ་སྐབས་ཁྱད་པར་ཅན་ཞིག་ཐོབ་ཡོད། ང་ཚོ་བཙན་བྱོལ་ལ་གནས་པའི་སྐབས་སུའང་རང་དབང་ཡོད་པའི་རྒྱལ་ཁབ་ཚོའི་ན་གཞོན་རྣམས་ལས་ལྷག་པའི་གོ་སྐབས་ཤིག་ཐོབ་ཡོད་པ། སོ་སོ་རང་ཉིད་སློབ་སྦྱོང་ལ་མ་འགྲོ་བ་དང་ཡང་ན་ཕ་མས་སློབ་སྦྱོང་ལ་མ་བཏང་བ་ཡིན་ན་མ་གཏོགས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རྙེད་པར་ལུས་པ་ཞིག་མེད། འདས་པའི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་གཞིས་བཞུགས་བོད་མི་ཚོའི་ནང་ནས་ན་གཞོན་མང་པོས་དཀའ་ངལ་དང་ཉེན་ཁ་ལ་མ་འཛེམས་པར་ྋསྐྱབས་མགོན་རིན་པོ་ཆེའི་སྐྱབས་འོག་ལ་སློབ་སྦྱོང་གི་ཆེད་དུ་རྒྱ་གར་བཙན་བྱོལ་ལ་འབྱོར་བཞིན་པ་དང༌། འབྱོར་བ་རྣམས་ལ་རིམ་པས་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཐུབ་པ་འདི། ང་ཚོ་དཀའ་ངལ་ཆེ་བའི་བཙན་བྱོལ་གྱི་བྱུང་རབས་ཀྱི་ནང་ལ་ཁྱད་དུ་འཕགས་པའི་གཟི་བརྗིད་དང༌། བློ་སྤོབས་བྱ་འོས་པའི་གནས་སྟངས་ཤིག་ཡིན་བསམ་གྱི་ཡོད། དེར་བརྟེན་སློབ་གྲྭ་ཁག་གི་དབུ་འཛུགས་ཀྱི་ཉིན་མོ་དང་ལོ་འཁོར་གྱི་དུས་ཆེན་གནང་སྐབས་ཐོག་མར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀྲིན་རྗེས་དྲན་ཞུ་རྒྱུ་ནི་བཟང་སྤྱོད་དང༌། ཆོས། ཆབ་སྲིད་གང་ཐད་ནས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་ན་སློབ་གྲྭ་རྣམས་མཐོང་བའི་སྐབས་ལ་སོ་སོ་ཡིན་ནའང་ྋགོང་ས་མཆོག་གི་བཀྲིན་རྗེས་དྲན་ཡོང་བའི་རྐྱེན་ཞིག་ཏུ་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

དམིགས་བསལ་དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་འདི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་སློབ་གྲྭ་ཞིག་རེད། གོང་དུ་སློབ་སྤྱིས་ལས་བསྡོམས་ཀྱི་ནང་དུ་གསུངས་པ་ལྟར་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བཙན་བྱོལ་ལ་ཡོད་པའི་བོད་མི་ན་གཞོན་ཚོར་སློབ་སྦྱོང་གི་གོ་སྐབས་ལས་སླ་པོ་ཞིག་ཐོབ་པ་ཡིན་ཙང༌། ཡབ་ཡུམ་མང་པོ་ཞིག་གིས་སོ་སོའི་དཔལ་འབྱོར་གྱི་གནས་བབས་མི་དམན་ཙམ་ཡོད་ནའང་རང་གི་ཕྲུ་གུའི་སློབ་སྦྱོང་གི་འགན་མ་བླངས་པར་ཉམ་ཐག་གཅིག་མཚུངས་ཀྱིས་རིན་མེད་སློབ་གྲྭར་གཏོང་ཞིང༌། གཞན་ལ་བརྟེན་ནས་བསྡད་རྒྱུའི་བག་ཆགས་བཟང་པོ་མ་ཡིན་པ་ཞིག་བོད་མི་མང་པོའི་བསམ་བློའི་ནང་དུ་འཇགས་ཡོད་རེད། འོན་ཀྱང་སློབ་གྲྭ་འདིའི་ནང་ལ་བོད་རིགས་ཕ་མ་འབྱོར་ལྡན་མང་ཆེ་བས་སོ་སོས་འགྲོ་སོང་བཏང་སྟེ་རང་གི་ཕྲུ་གུའི་སློབ་སྦྱོང་གི་འགན་སོ་སོས་བླངས་ནས་གཏང་སའི་ཡུལ་ཞིག་ལ་ཆགས་པར་བརྟེན་སློབ་གྲྭ་འདིར་གཏོང་མཁན་གྱི་ཕ་མ་ཚོ་ལའང་བཙན་བྱོལ་གཞུང་གི་ངོས་ནས་ལེགས་སོའི་བསྔགས་བརྗོད་ཡོད། ང་ཚོའི་ལོ་བཞི་བཅུ་ཞེ་དྲུག་ཞེ་བདུན་ཞིག་བཙན་བྱོལ་ལ་ཕྱིན་ཚར་བ་སོང་ཙང་གནས་ཚུལ་གང་ལའང་སོ་སོའི་རྐང་པའི་ཐོག་ལ་ལངས་ཐུབ་པ་དང༌། རང་མགོ་ཐོན་པ་ཞིག་ཡོང་དགོས་པ་ནི་མི་རིགས་ལ་རྒྱའི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང༌། རྒྱུན་རིང་པོ་ཞིག་གཞན་བརྟེན་བྱ་རྒྱུར་གཟི་བརྗིད་གང་ཡང་མེད། དེས་ན་འདིའི་ཐོག་བསམ་བློ་གཏོང་དགོས། མ་འོངས་པར་ཕ་མ་ཇེ་མང་གིས་སོ་སོའི་ཕྲུ་གུའི་སློབ་སྦྱོང་གི་འགྲོ་གྲོན་འགན་འཁྱེར་ཐུབ་པར་དགོངས་པ་བཞེས་དགོས། འདིའི་ཐོག་སློབ་གྲྭ་འདིའི་ཕྲུ་གུའི་ཕ་མ་རྣམས་ཀྱིས་མིག་དཔེ་ཡག་པོ་ཞིག་བསྟན་གནང་བ་འདི་ཡག་པོ་རེད་ཅེས་ཞུ་རྒྱུ་ཡིན། རྩེད་མོའི་འགྲན་བསྡུར་འགོ་འཛུགས་སྐབས་གཏམ་བཤད་རིང་པོ་བྱེད་དགོས་དོན་མེད་ཀྱང༌། ད་རིང་ལས་རིམ་གྱི་ནང་དུ་གཏམ་བཤད་ཀྱི་གོ་སྐབས་ཤིག་བཟོས་འདུག་པས་ངས་གོ་སྐབས་འདི་བླངས་ནས་དོན་དག་གཉིས་གསུམ་ཞིག་ཞུ་འདོད་བྱུང༌། མི་སུ་འདྲ་ཞིག་ཡིན་ནའང་རང་གི་མི་ཚེ་ཡག་པོ་བསྐྱལ་རྒྱུར་ཆུང་དུས་ནས་སློབ་སྦྱོང་གོ་སྐབས་གང་དུ་ཡོད་ནའང་འཐོབ་པའི་འབད་རྩོལ་བྱེད་རྒྱུ་ནི་ཕ་མ་དང་ཕྲུ་གུ་གཉིས་ཀའི་རང་གཤིས་ཀྱི་གནས་སྟངས་དང༌། ལས་འགན་དང་ཐོབ་ཐང་ཞིག་ཀྱང་ཆགས་ཀྱི་ཡོད་རེད། ཡིན་ནའང་མི་ཕལ་མོ་ཆེར་ཕྲུ་གུའི་མི་ཚེའི་མདུན་ལམ་ཁོ་ནའི་ཆེད་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་བསམ་ཚུལ་མ་གཏོགས། དེ་ལས་མཐོ་བའི་དམིགས་ཚད་ཅིག་གི་ཐོག་ལ་བསམ་བློ་འཁོར་གྱི་མེད། ང་ཚོ་བོད་རིགས་ན་གཞོན་ཚོས་སློབ་སྦྱོང་བྱེད་པའི་སྐབས་ལ་དམིགས་ཚད་དང་དམིགས་ཡུལ་དེ་ལས་ཧ་ཅང་མཐོ་བ་ཞིག་དགོས་པ་བཤད་མི་དགོས། བོད་མི་རིགས་དང་བོད་ཀྱི་བསྟན་པ། བོད་པའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས། ལེགས་བྱང་དང་མི་རིགས་ཀྱི་ངོས་འཛིན་དང་བཅས་པ་ཆགས་འཇིག་གི་སོ་མཚམས་ལ་སླེབས་པའི་སྐབས་འདིར། བོད་མི་མི་རེ་ངོ་རེ་ལ་དེ་དག་འཛིན་སྐྱོང་གི་ལས་འགན་ཆེན་པོ་ཞིག་འཁྲི་གི་ཡོད། དེར་བརྟེན་ང་ཚོའི་ན་གཞོན་ཚོས་སློབ་སྦྱོང་བྱེད་པའི་སྐབས་ལའང་རང་གི་མི་ཚེ་འཁྱོལ་ཙམ་གྱི་དམིགས་ཡུལ་མ་ཡིན་པར་མི་རིགས་དང་རིག་གཞུང་གི་ཞབས་འདེགས་ཞུ་ཐུབ་པ་དང༌། སློབ་སྦྱོང་བྱས་པ་དེ་ཡང་མི་རིགས་དང་རིག་གཞུང་གི་ཞབས་འདེགས་ལ་འགྲོ་བ། སློབ་སྦྱོང་ཐོན་རྗེས་སུའང་རང་དང་རང་གི་ནང་མིའི་འཚོ་ཐབས་ཐོན་ཙམ་མིན་པར། མི་རིགས་དང་རིག་གཞུང་གི་ལས་དོན་བྱེད་ཐུབ་པའི་དམིགས་ཡུལ་བཞག་ནས་བྱེད་དགོས་པར་བརྟེན། ཁྱེད་རང་ཚོ་ཚང་མས་སློབ་སྦྱོང་བྱེད་སྐབས་དམིགས་ཡུལ་མ་ནོར་བ་དང༌། དམིགས་ཡུལ་འདིའི་ཐོག་ལ་དམ་བཅའ་བརྟན་པོ་བཞག་ཐུབ་པ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ངས་ནན་ཏན་བྱས་ནས་གོ་སྐབས་བཟང་པོ་འདི་བླངས་ནས་ཞུ་རྒྱུ་ཡིན། དེ་འདྲའི་དམིགས་ཡུལ་ཆེན་པོ་ཡོད་པའི་མི་རིགས་ཤིག་གི་སློབ་སྦྱོང་གི་ལམ་སྲོལ་དེ་ཡང་བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་གྱི་རིང་ལུགས་བརྟན་པོ་བཟོ་ཆེད་བཟོས་པའི་སློབ་སྦྱོང་གི་ལམ་སྲོལ་འོག་དེད་ཕྱིན་པ་ཡིན་ན་ང་ཚོའི་དམིགས་ཡུལ་བཟང་པོ་དེ་བསྒྲུབ་རྒྱུར་ཕན་ཐོགས་ཡོང་དཀའ་བར་བརྟེན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་གྱི་འོག་ལ་ཕྱི་ནང་གི་མཁས་དབང་མང་པོ་དང་གོ་བསྡུར་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པའི་སྲིད་བྱུས་དེ་ང་ཚོས་རིམ་པས་ལག་བསྟར་བྱེད་དགོས་པ་ཞིག་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་ལ་མ་ཕབ་གོང་དུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་ནང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་ལས་དོན་མང་པོ་མདུན་བསྐྱོད་བྱས་ཟིན་པ་ཞིག་དང༌། མ་འོངས་པར་ཡང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཡོངས་རྫོགས་དང་དམིགས་བསལ་སློབ་གྲྭ་འདིའི་ནང་ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་རིམ་པས་ལག་ལེན་བསྟར་ཐུབ་པ་དང༌། ལག་ལེན་བསྟར་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་བའི་རེ་བ་ཡོད། གང་ཡིན་ཞེ་ན། ང་ཚོའི་ཕུགས་དམིགས་དང་མཐུན་པའི་ཤེས་ཡོན་ལམ་སྲོལ་ཞིག་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དགེ་རྒན་དང༌། སློབ་ཕྲུག འཛིན་སྐྱོང་བཅས་ཚང་མའི་ངོས་ནས་ཐོག་མར་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་རྟོགས་པ་དང༌། དེ་ནས་གང་ཐུབ་ཀྱིས་ལག་བསྟར་ཐུབ་པའི་ཐོག་ལ་འབད་རྩོལ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
ད་ལྟ་སྐབས་སུ་བབས་པ་རྩེད་མོ་དང་ལུས་རྩལ་གྱི་འགྲན་བསྡུར་ཞིག་གནང་གི་ཡོད་རེད། རྩེད་མོ་དང་ལུས་རྩལ་ཞེས་པ་ནི་དེང་སང་དེང་རབས་ཀྱི་རྣམ་པ་ཅན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ནི་རྣམ་པ་འདྲ་མིན་སྣ་ཚོགས་སུ་ཡོད་རུང༌། འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བ་བྱུང་བ་ནས་བཟུང་མི་ལ་རང་གཤིས་སུ་འཇགས་པའི་གཤིས་བབས་ཤིག་རེད། མི་ཚེ་དོན་དང་ལྡན་པའམ་མི་ཚེ་ཕུན་སུམ་ཚོགས་པ་ཞིག་བསྐྱལ་བ་ལ་མེད་དུ་མི་རུང་བའི་དགོས་མཁོ་གསུམ་ཡོད་པ་ལས་གང་ཞིག་མ་ཚང་ན། མི་ཚེ་དོན་ལྡན་ཞིག་བསྐྱལ་ཐུབ་ཀྱི་མེད། དེ་ཡང་མེད་དུ་མི་རུང་བའི་དགོས་མཁོ་གསུམ་པོ་ནི། ལུས་ཁམས་བདེ་ཐང་དང༌། བསམ་བློ་ཚད་ལྡན། དམིགས་ཡུལ་ངེས་ཅན་ཡོད་དགོས་པ་བཅས་རེད། དགོས་མཁོ་གསུམ་པོ་འདི་ལས་གང་རུང་ཞིག་མ་ཚང་ན། དཔལ་འབྱོར་དང༌། དབང་ཐང༌། རྣམ་དཔྱོད་སོགས་ཡོད་རུང་མི་ཚེ་དོན་ལྡན་དང་སྐྱིད་པོ་ཞིག་བསྐྱལ་མི་ཐུབ། དགོས་མཁོ་དང་པོ་ལུས་ཁམས་བདེ་ཐང་ཡོང་ཆེད་ཟས་དང༌། སྤྱོད་ལམ། བསམ་བློའི་འཁྱེར་སོ་གསུམ་ནི་མེད་དུ་མི་རུང་བའི་ཡན་ལག་རེད། ཟས་དང་སྤྱོད་ལམ་གཉིས་ལས་སྤྱོད་ལམ་དེ་གལ་ཆེ་ཞིང༌། སྤྱོད་ལམ་གྱི་ནང་ལུས་རྩལ་དང་དབུགས་འབྱུང་རྔུབ་ལ་སོགས་པ་དང༌། ལྷག་པར་དུའང་རྒྱུག་མཆོང་འཕེན་གསུམ་གྱི་ལུས་རྩལ་རྣམས་གང་ཟག་བྱེ་བྲག་པའི་གཟུགས་པོ་བདེ་ཐང་དང་བསམ་བློ་ཚད་ལྡན་གཉིས་ཀ་ལ་གལ་ཆེ་བར་བརྟེན། དེའི་ནང་ནས་ང་ཚོས་ལེགས་ཆ་མང་པོ་བླང་རྒྱུ་དང་ཉམས་མྱོང་མང་པོ་གསོག་རྒྱུའི་གོ་སྐབས་ཡོད་རེད། གཟུགས་པོ་བདེ་ཐང་ཡིན་ནའང་བསམ་བློ་ཚད་ལྡན་མེད་ན་མི་འགྲིགས་ཤིང༌། འདིར་བསམ་བློ་ཚད་ལྡན་ཞེས་པ་ནི་རང་གི་རང་བྱུང་གི་བསམ་བློ་འདི་གཞན་གྱི་བར་ཆད་དང་གནོན་ཤུགས་འོག་ལ་མི་འགྲོ་བ། གང་ལྟར་རང་དབང་གི་རྣམ་དཔྱོད་ཅེས་པ་ལ་གོ་དགོས། ང་ཚོའི་སློབ་སྦྱོང་གི་ལམ་སྲོལ་ཡག་པོ་ཞིག་མེད་ན། བསམ་བློ་རང་དབང་དུ་བཞག་མི་ཐུབ་པ་མ་ཟད་བསམ་བློའི་ཐོག་བག་ཆགས་མང་པོས་གནོན་ཤུགས་སྤྲད་དེ་གཞན་གྱི་ལད་ཟློས་དང་གཞན་གྱི་རྗེས་འབྲང་མ་གཏོགས་རང་གི་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་ཐག་གཅོད་མི་ཐུབ་པ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་བརྟེན། ཤེས་ཡོན་སྲིད་བྱུས་ནང་རྩལ་དུ་བཏོན་ནས་བཤད་པ་ལྟར། ན་གཞོན་མི་རེ་ངོ་རེས་རང་རང་སོ་སོའི་སྔོན་གྱི་ལས་དང་བསོད་ནམས་ལས་གྲུབ་པའི་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ཕྱིའི་ཤུགས་རྐྱེན་མ་ཐེབས་པ་བྱ་དགོས། ལར་ནས་ཕྱིའི་ཤུགས་རྐྱེན་རྣམས་ཤེས་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བའམ་བསམ་བློ་གཏོང་བའི་ཆ་རྐྱེན་ཙམ་མ་གཏོགས། བསམ་བློ་ཁ་སྒྱུར་བྱེད་མཁན་གྱི་ཁ་ལོ་པ་ལྟ་བུ་ཞིག་ཏུ་མ་འགྱུར་བ་དགོས། གང་ལྟར་དེ་ཚོའི་ཁྲོད་ནས་ལེགས་ཉེས་ཇི་ཡོད་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་དཔྱད་པ་བྱེད་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
རྩེད་མོའི་སྐབས་སུ་རུ་ཁག་ཏུ་བསྒྲིལ་དགོས་པས་རུ་ཁག་གི་སྒྲིག་འཛུགས་ཇི་ལྟར་འཁྱེར་དགོས་ཉམས་མྱོང་ཡོང་ཐུབ་པ་དང༌། རྩེད་མོར་དམིགས་པ་རྩེ་གཅིག་ཏུ་གཏད་དགོས་པས་བསམ་བློའི་ནུས་པ་སྤུང་རྒྱུ་དང་ཕྱོགས་གཅིག་ཏུ་དམིགས་པ་གཏད་རྒྱུའི་ཐོག་ལའང་སྦྱོང་བདར་ཡོང་རྒྱུ་ཞིག་རེད། རྩེད་མོ་དེ་སྒྲིག་ལམ་ཞིག་གི་འོག་ནས་བྱེད་དགོས་པར་བརྟེན་སྤྱི་ཚོགས་ཀྱི་སྒྲིག་ལམ་དང༌། རུ་ཁག་གི་སྒྲིག་ལམ། རང་ཉིད་གཅིག་པུའི་སྒྲིག་ལམ་བཅས་ཀྱི་ཐོག་ལའང་བསླབ་བྱ་བླང་རྒྱུ་དང་སྦྱོང་བདར་འཐོབ་རྒྱུ་ཞིག་ཡོང་གི་ཡོད་རེད། དེ་བཞིན་རྩེད་མོའི་རུ་ཁག་ནང་འགྲོ་མ་མྱོང་བའི་མི་མང་པོ་ཞིག་ཛ་དྲག་གི་གནས་སྟངས་ཡོང་སྐབས་བསམ་བློ་བརྟན་པོ་བཞག་མ་ཐུབ་པ་དང༌། སྒྲིག་ལམ་འཁྱེར་མ་ཐུབ་པའི་གནས་སྟངས་ཡོང་གི་ཡོད། རྩེད་མོའི་ནང་རྒྱལ་ཕམ་གྱི་ཛ་དྲག་ཆེན་པོའི་གནས་སྟངས་མང་པོ་ཡོང་བར་བརྟེན་རྩེད་མོ་རྒྱུན་རིང་རྩེད་མཁན་གྱི་གོམས་གཤིས་ཤིག་ཡོད་ན། ཛ་དྲག་གི་གནས་སྟངས་ཡོང་སྐབས་དྲན་སེམས་མ་འཐོར་བ་དང་འཇིགས་སྣང་མེད་པར་སེམས་བརྟན་པོ་བསྡད་ཐུབ་པ་ཡོང་གི་ཡོད། དེ་ནི་རྩེད་མོ་ཡག་པོ་ཡོང་བའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་རེད། རང་གི་མི་ཚེའི་ནང་དུའང་ཛ་དྲག་གི་གནས་སྟངས་ཡོང་སྐབས་སྒྲིག་ལམ་དང་མི་འགལ་བ་དང་བསམ་བློ་མ་འཕྱུག་པ་བསྡད་ཐུབ་པར་རྩེད་མོའི་ཐོག་ནས་སྦྱང་ཐུབ་རྒྱུ་ཞིག་རེད། ལྷག་པར་དུ་རྩེད་མོའི་སྐབས་ལ་ཐོབ་ཤོར་གང་བྱུང་ནའང་བདེ་སྡུག་གི་ཚོར་བ་མེད་པ་ཁས་ལེན་ཐུབ་པ་ལ་རྩེད་མོའི་སྙིང་དོན་ཡིན་ཞེས་དེང་རབས་པ་ཚོས་ཤོད་ཀྱི་ཡོད་པ་བཞིན། སྤྱི་ཚོགས་ནང་གནས་ཚུལ་ཡག་ཉེས་ཇི་བྱུང་ལ་བཟོད་སེམས་དང་མཐུན་ལམ་མི་ཉམས་པ་གནས་ཐུབ་པར་ཡང་རྩེད་མོའི་འདུ་ཤེས་དང་རྩེད་མོའི་རིག་པའི་ཐོག་ནས་སྦྱོང་བདར་དང་ཉམས་མྱོང་གསོག་ཐུབ་པའི་གནས་སྟངས་ཡོད་པ་ཞིག་རེད། དེར་བརྟེན་དེ་ནི་རྩེད་མོ་ཙམ་མིན་པར་མི་ཚེའི་ཉམས་མྱོང་གསོག་ཆེད་བསླབ་བྱ་བླང་སའི་རིག་གནས་བཟང་པོ་ཞིག་ལ་ངོས་འཛིན་ཐུབ་པ་ཡིན་ན་རྩེད་མོ་དེ་དོན་དང་ལྡན་པ་ཞིག་ཡོང་གི་རེད།
བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ཡོངས་རྫོགས་ཀྱིས་རྒྱུན་དུ་ལུང་འདྲེན་བྱེད་པའི་ཚིག་རྩ་ཆེན་ བྱརང་ལས་གཞན་གཅེས་བྱ ཞེས་པ་འདི་ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ནང་མེད་དུ་མི་རུང་བའི་གནད་འགག་ཆེན་པོའི་བསམ་ཚུལ་ཞིག་རེད། བསམ་ཚུལ་འདི་ཡང་རྩེད་མོའི་ལམ་ནས་ཚོད་བལྟ་བྱེད་ཐུབ་པ་དང༌། ཉམས་མྱོང་གསོག་ཐུབ་པ། སྦྱོང་བདར་ཐུབ་པ་ཞིག་ངེས་པར་དུ་ཡོད་རེད་བསམ་གྱི་འདུག གློ་བུར་དུ་བལྟས་སྐབས་རྩེད་མོ་ཞེས་པ་འགྲན་བསྡུར་གྱི་ཤོག་ཁག་གཉིས་སུ་བགོས་ཡོད་པས་དེ་ལ་རང་ལས་གཞན་གཅེས་པ་ཇི་ལྟར་ཡོང་ཐུབ་སྙམ་སྲིད། རྗེ་གུང་ཐང་པས། ལྟོ་འགྲང་ཉི་མས་དྲོད་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། །ཞེས་གསུངས་པ་བཞིན། ང་ཚོ་ལྷོད་ལྷོད་སྡོད་སྐབས་རང་ལས་གཞན་གཅེས་ཞེས་པ་དེ་བཤད་སྟབས་བདེ་པོ་མཐོང་གི་ཡོད་རུང༌། འགག་གཅིག་ལ་མི་གཞན་དང་གདོང་ཐུག་རྒྱག་སྐབས་རང་ལས་གཞན་གཅེས་ཞེས་པ་དེ་བསམ་རྒྱུ་དང་དྲན་རྒྱུ་གཉིས་ཀ་ཧ་ཅང་དཀའ་བར་བརྟེན། རྩེད་མོའི་སྐབས་ནས་རང་ལས་གཞན་གཅེས་ཐོག་སྦྱོང་བདར་ཐུབ་ཚེ་དངོས་གནས་ཕན་ཐོགས་ཆེ་བར་མཐོང༌། དེ་ནི་རང་ཕམ་གཞན་རྒྱལ་བྱེད་རྒྱུ་ཙམ་ལ་ཟེར་གྱི་མེད། ལར་ནས་རྩེད་མོའི་སྒྲིག་འཛུགས་ནི་སུ་སྔོན་ལ་སླེབས་ཐུབ་མིན་དང་ཐབས་ལམ་ཇི་འདྲ་ཞིག་གི་ཐོག་ནས་སླེབས་ཐུབ་མིན་བལྟ་རྒྱུའི་སྦྱོང་བདར་ཞིག་ཡིན་མོད། འོན་ཀྱང་དེའི་སྐབས་ལ་རང་ལས་གཞན་གཅེས་ཟེར་བ་ནི་གཞན་ཕམ་ཆེད་དུ་དྲང་བདེན་མིན་པའི་ཐབས་ལམ་སྣ་ཚོགས་ལ་མ་བརྟེན་པར་དྲང་པོ་དྲང་གཤའ་ཐོག་ནས་འགྲོ་དགོས་པ་དང༌། རྒྱལ་ཐོབ་ཆེད་དུ་ཕ་རོལ་པོ་ཁྱད་གསོད་བྱེད་པའི་བསམ་བློ་དེ་འདོར་དགོས་པ། ཕ་རོལ་པོ་ཐོབ་པའི་སྐབས་ལའང་རང་ཉིད་ཐོབ་པ་ལས་ལྷག་པའི་དགའ་ཚོར་བསྐྱེད་དགོས་པ། བསམ་བློའི་ནང་ལ་བློ་ཕམ་དང་ཁོང་ཁྲོ་སོགས་མི་ཡོང་བ་བྱེད་པ། རྩེད་མོའི་སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་རུང་ཇི་མ་ཇི་བཞིན་འཁྱེར་བ་མ་གཏོགས་འཐོབ་རྒྱུ་རྐྱང་རྐྱང་གི་ཆེད་དུ་འབད་བརྩོན་མི་བྱེད་པ། ལྷག་པར་དུ་རང་གི་འགྲན་བསྡུར་བྱེད་སའི་གཞི་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་པའི་ལས་དོན་རྣམས་ལག་བསྟར་གྱི་ཐབས་ཤེས་བྱེད་རྒྱུ་བཅས་ལ་གོ་དགོས། རང་གི་མི་ཚེའི་ནང་རང་ལས་གཞན་གཅེས་པའི་བསླབ་བྱ་དེ་ལག་ལེན་བསྟར་ཐུབ་དང་མི་ཐུབ། བསྟར་དགོས་དང་མི་དགོས། ཇི་ལྟར་བསྟར་ཐུབ་མིན་བཅས་ནི་རྩེད་མོའི་འགྲན་བསྡུར་སྐབས་སུ་སྦྱོང་བདར་གྱི་གོ་སྐབས་ཆེན་པོ་ཡོད་རེད་བསམ་གྱི་འདུག འདི་དག་ངས་ཞར་བྱུང་གི་ཚུལ་དུ་ཞུས་པ་ཡིན།
བོད་ནང་གི་གནས་སྟངས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགུང་ནའི་བབས། རྒྱལ་སྤྱིའི་གནས་བབས་བཅས་ཀྱི་ཆ་ནས་འབྱུང་འགྱུར་ལོ་ལྔའམ་བཅུ་ནི་བོད་མི་རིགས་ལ་ཧ་ཅང་གི་གནད་འགག་ཆེ་བ་དང༌། གཉན་འཕྲང་ཆེ་བའི་དུས་ཚོད་ཅིག་ཏུ་སོང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཧ་ཅང་རིག་པ་བསྒྲིམ་དགོས་པའི་གནས་སྐབས་ཤིག་ལ་སླེབས་ཡོད། དེ་ཡང་སློབ་ཕྲུག་རྣམས་ཉིན་ལྟར་འཛིན་གྲྭར་འགྲོ་དགོས་པས་བོད་སྤྱི་པའི་དོན་དུ་རིག་པ་ཇི་ལྟར་བསྒྲིམ་དགོས་སྙམ་ན། ྋགོང་ས་མཆོག་གི་དགོངས་གཞི་དང་ལྷ་དང་བླ་མའི་ལུང་བསྟན་ཚང་མའི་ནང་ལ། ད་ལྟའི་གནས་སྐབས་སུ་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་གསུངས་ཡོད། གང་ལྟར་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་འཁྱོག་ན་བོད་ཀྱི་གནས་བབས་འདི་འགྲིགས་ཆགས་ཡོང་ཐུབ་པའི་མཚམས་ལ་སླེབས་ཡོད་པས། ཁྱེད་ཚོ་ཚང་མས་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱེད་རྒྱུ་དེ་ཡང་བོད་སྤྱི་མཐུན་གྱི་བསོད་ནམས་སྤེལ་བའི་ཆེད་དུ་ཡིན་བསམས་པ་དང༌། ལྷག་པར་དུ་སྔ་དགོང་ཞལ་འདོན་རྣམས་བོད་སྤྱི་པའི་བསོད་ནམས་གསོག་པའི་དོན་དུ་གནང་དགོས་པ་མ་ཟད། ྋསྐྱབས་མགོན་རིན་པོ་ཆེས་མཛད་པའི་སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་བསྐུལ་འདི་བོད་ཕྱི་ནང་གཉིས་ནས་གང་ཐུབ་གྲངས་གསོག་དགོས་པའི་ལུང་བསྟན་དང་བཀའ་སློབ་ཡོད་པར་བརྟེན། སྔ་དགོང་ཞལ་འདོན་ནང་ངེས་པར་དུ་ཐུགས་དམ་གནད་བསྐུལ་འདོན་ནས་བོད་སྤྱི་མཐུན་གྱི་བསོད་ནམས་ཆེད་དུ་སྨོན་ལམ་དང་བསམ་བློ་ཤུགས་ཆེན་པོ་ཞིག་གཏོང་ཐུབ་ན། སེམས་ཤུགས་ཀྱི་ནུས་པའམ་སྨོན་ལམ་གྱི་ནུས་པ་འདི་ཧ་ཅང་ནུས་པ་ཆེན་པོ་ཞིག་ཡིན་པས། སློབ་ཕྲུག་ཆུང་ཆུང་ཡན་ཆད་ནས་དགེ་རྒན་ལས་བྱེད་མན་ཆད་ཚང་མས་མཉམ་རུབ་བྱེད་ཐུབ་པ་ཞིག་རེད། གང་ལྟར་སོ་སོའི་རྒྱུན་ལྡན་གྱི་ལས་ཀ་རྣམས་ཕར་བཞག་ནས་ལོགས་སུ་བྱེད་རྒྱུ་གང་ཡང་མེད། མདོར་ན་རང་གི་འགྲོ་འཆག་ཉལ་འདུག་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཇི་བྱས་ཚང་མ་བོད་སྤྱི་པའི་བསོད་ནམས་འཕེལ་བའི་དོན་དུ་ཚང་མས་དགོངས་བཞེད་གནང་རོགས་གནང་ཞུ་རྒྱུ་ཡིན།
ཁྱེད་ཚོས་རྩེད་འགྲན་གྱི་རེའུ་མིག་དང་རྣམ་གཞག་ཡོངས་རྫོགས་བོད་སྐད་ཐོག་བསྒྱུར་གནང་ཐུབ་པ་འདི་ཧ་ཅང་ཡག་པོ་བྱུང་འདུག ལེགས་སོ་དང་བསྔགས་བརྗོད་ཡོད།།

༢༠༠༦ ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་དྷ་ཤོད་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོར་གནང་བའི་གསུང་བཤད།