དབུ་མའི་ལམ་སྐོར་གནང་བའི་གསུང་བཤད།

༄༅། ། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ནས་བོད་དོན་བདེན་མཐའ་སེལ་བ་དང༌། ཕྱོགས་གཞན་ཞིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ཇི་སྲིད་མཛད་པའི་བར་དུ་གཏན་འཇགས་གནས་རྒྱུ་ཡིན་པར་ང་རང་སྒེར་ངོས་ཀྱིས་རྒྱུ་མཚན་མང་པོའི་སྒོ་ནས་ཡིད་ཆེས་བྱེད་ཀྱི་ཡོད། སི་ཊ་སི་སྦག་གི་གསུང་བཤད་དང༌། ཞི་བའི་དོན་ཚན་ལྔ་གཉིས་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་ཀྱི་རྩ་བ་ཡིན། རིག་པའི་གཞུང་ལུགས་ལ་བསྐྱར་བཅོས་དང་སྣོན་འཕྲི་སྤོར་གཅོག་ཡོང་སྲིད་པ་ཞིག་རེད། རིག་པའི་གཞུང་ལུགས་ནང་སླེབས་སྐབས་ཞིབ་ཚགས་པོའི་གནས་ཚུལ་མང་པོ་ཕྲ་ཞིང་ཕྲ་བའི་གནད་དོན་མང་པོ་སླེབས་ཀྱི་ཡོད། དེར་བརྟེན་ཞིབ་ཕྲའི་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན། རིག་པའི་གཞུང་ལུགས་གཅིག་ནང་ཡོད་པ་དེ་རིག་པའི་གཞུང་ལུགས་གཞན་གྱི་ནང་མེད་པ་དཔེར་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བར་པའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ནང་གསུངས་པའི་དབུ་མའི་ལྟ་བ་དེ་ཇི་སྲིད་ཀྱི་སངས་རྒྱས་བསྟན་པ་གནས་པའི་བར་དུ་དབུ་མའི་ལྟ་བ་རང་འཇགས་གནས་རྒྱུ་མ་གཏོགས་དེ་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མེད། ཡིན་ཡང་དེ་རིག་པའི་གཞུང་ལུགས་ནང་སླེབས་པའི་སྐབས་སུ་གྲུབ་མཐའ་སྨྲ་བ་བཞིན་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་སྡེ་མི་འདྲ་བ་བཀྲལ་གྱི་ཡོད། དབུ་མའི་གྲུབ་མཐའ་སྨྲ་བ་རྐྱང་པར་མཚོན་ཡང་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང༌། བསྟན་པའི་བདག་པོ་སངས་རྒྱས་ཀྱི་དགོངས་པ་འགྲེལ་ཚུལ་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་མི་མཐུན་པ་བྱུང་ཡོད།

དབུ་མ་བར་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་ཕྱིན་ཡོད། ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་ཀྱི་རྗེས་འབྲངས་ཀྱང་དགོངས་པ་མཐུན་གྱི་མེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིས་ཀླུ་སྒྲུབ་དང་དབུ་མའི་གཞུང་ལུགས་ལ་ངོས་ལེན་བྱས་ཡ?ད་ཀྱང༌། དབུ་མའི་གཞུང་གི་འཆད་ཚུལ་དང་འགྲེལ་ཚུལ་མི་འདྲ་བ་ཆགས་ཀྱི་ཡོད། ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཏོད་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་དུ་གནས་ཐུབ་པ་དགོས་པ་ཞིག་གལ་ཆེན་པོ་ཡིན། དེ་ལྟར་མི་ཐུབ་པ་ཡིན་ཡང་ཇི་སྲིད་དུ་ྋགོང་ས་མཆོག་གི་དབུ་ཁྲིད་ཡོད་པ་དེ་སྲིད་དུ་གནས་ཐུབ་པ་བྱེད་རྒྱུ་བོད་མི་མང་ཚོགས་ཀྱི་ལས་འགན་ཞིག་རེད་ལ། ལྷག་དོན་ལས་ཀྱི་སྣེ་མོར་གཏོགས་པའི་སྲི་ཞུའི་ལས་བྱེད་ཀྱི་ལས་འགན་ཆེ་ཤོས་ཆགས་ཀྱི་ཡོད།

སྤྱིར་བཏང་དབུ་མའི་ལམ་ཞེས་བརྗོད་དུས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་བྱུས་ཡོངས་རྫོགས་ལ་ཁྱབ་པའི་གནས་སྟངས་ཤིག་རེད་མ་གཏོགས་བོད་རྒྱའི་འབྲེལ་ལམ་རྐྱང་པའི་ཆེད་དུ་མིན། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ནང་གཟིགས་ན་བོད་ཀྱི་ཆབ་སྲིད་ཀྱི་སྲིད་བྱུས་དང༌། ཤེས་ཡོན་གྱི་སྲིད་བྱུས། དཔལ་འབྱོར་གྱི་སྲིད་བྱུས་ཚང་མར་ྋགོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་བྱུས་ཤ་སྟག་ལག་ལེན་བསྟར་དགོས་པའི་དགོངས་ཚུལ་ཡོད་པ་ཞིག་ཡིན། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཞིག་ཡིན་ལ་དུས་རབས་ཀྱི་དགོས་མཁོའང་ཆགས་ཡོད། ང་ཚོས་ལག་ལེན་དུ་བསྟར་ཐུབ་མིན་ལ་མ་ལྟོས་པར་ཤེས་དགོས་པ་དང་བསམ་དགོས་པའི་གནས་སྟངས་ཆགས་ཡོད།

དེ་རིང་འདིར་རྩལ་བཏོན་ནས་འགྲེལ་བཤད་བྱེད་དགོས་དོན་ནི་བོད་ཀྱི་རྩ་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནས་ཁ་བྲལ་འགྲོ་མི་དགོས་པའི་ཐོག་ནས་བོད་མིའི་མངོན་འདོད་སྒྲུབ་ཐུབ་པའི་རང་?ྐྱོང་གི་གནས་བབ་དེ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནས་ཚུལ་མང་ཆེ་བ་དབུ་མའི་ལམ་གྱི་ངོ་སྤྲོད་ནང་ཞུས་ཡོད། དེར་བརྟེན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་གང་ཞིག་ཡིན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་མ་གཏོགས་དེ་ལས་གཞན་པའི་སྲིད་བྱུས་མིན་པ་གཅིག་གྱུར་ཡིན་པ་དེའང་ངོས་འཛིན་གནང་དགོས་པ་ཡིན། བོད་རྒྱའི་འབྲེལ་ལམ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་དབུ་མའི་ལམ་ནི་དངོས་སུ་ལག་བསྟར་གནང་ནས་ལོ་ ༢༦ བརྒལ་བ་འགྲོ་གི་ཡོད། དོན་དམ་དུ་དབུ་མའི་ལམ་གྱི་ངོ་སྤྲོད་དང་གསལ་བཤད་ལོ་ ༢༦ གོང་ནས་བྱེད་ཐུབ་པ་ཞིག་དང༌། བོད་མི་མང་ཚོགས་ནང་དབུ་མའི་ལམ་གྱི་གནས་ཚུལ་རགས་པ་ཙམ་ར་འཕྲོད་པ་བཟོ་དགོས་པའི་གནས་སྟངས་རེད། ཡིན་ཡང་དེ་བཟོ་ཐུབ་མེད། ད་ལྟ་གཞི་ནས་གསལ་བསྒྲགས་བྱེད་རྒྱུ་འགོ་འཛུགས་བྱས་པ་དེ་ཕྱོགས་གཅིག་ནས་བལྟས་ན་ཕྱིས་དྲགས་པ་ལྟ་བུ་དང༌། རྗེས་ལུས་ཐེབས་པ་གཟིགས་སྲིད་པ་ཞིག་རེད། ཡིན་ཡང་བཀའ་ཤག་གིས་ད་ལྟའི་གནས་སྐབས་ལ་བསྐྱར་དུ་མང་ཚོགས་ལ་གོ་བསྐོན་བྱེད་རྒྱུའི་ལས་གཞི་བརྩམས་དགོས་པའི་བསམ་ཚུལ་ཡོང་བའི་རྒྱུ་རྐྱེན་ནི་ད་ལྟ་ཕྱིས་དྲགས་མེད་པ་བསམ་གྱི་ཡོད། ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་ཞི་མོལ་གྱི་བོད་རྒྱའི་འབྲེལ་ལམ་གྱི་ལས་རིམ་བསྐྱར་འཛུགས་ཐུབ་པ་བྱུང་ཡོད། བོད་རྒྱའི་འབྲེལ་ལམ་གྱི་ལས་རིམ་དེ་འདས་པའི་ལོ་བཞིའི་ནང་འགྱུར་བ་མེད་པར་མུ་མཐུད་པ་དང༌། ལོ་རེ་ནས་ལོ་རེ་གོམ་གང་མདུན་སྤོས་བྱེད་ཐུབ་པ། ཆེ་ཆུང་ལ་མི་ལྟོས་པར་ལོ་རེ་བཞིན་མདུན་བསྐྱོད་བྱེད་ཐུབ་པའི་གནས་སྟངས་བྱུང་ཡོད།

དེར་བརྟེན་ད་དུང་ཡང་ལོ་ཤས་ཀྱི་བར་ད་ལྟའི་ལས་རིམ་འགྲོ་བཞིན་པའི་བོད་རྒྱ་ཞི་མོལ་གྱི་བརྒྱུད་ལམ་འབུད་རྒྱག་བརྒྱབ་དགོས་པའི་གནས་སྟངས་ཡིན། འབུད་རྒྱག་བརྒྱབ་རྒྱུར་བཙན་བྱོལ་གཞུང་གི་ངོས་ནས་ཆོད་སེམས་བརྟན་པོ་ཡོད། ལས་རིམ་དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་མི་དེ་ཚོས་གནས་ཚུལ་མང་པོ་ཞིག་གསུང་རྒྱུ་ཡོད་པའི་ནང་ནས་བོད་ཀྱི་སྤྱི་ཚོགས་ནང་དང་རྒྱ་མིའི་སྤྱི་ཚོགས་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་མའི་ལམ་ག?ི་ཐོག་མང་མོས་དང་རྒྱབ་སྐྱོར་ཤུགས་ཆེན་པོ་མེད་པ། གལ་སྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ཞི་མོལ་འགྲིགས་ཆགས་བྱུང་བའི་དབང་དུ་བཏང་ཡང་བཙན་བྱོལ་བོད་མི་མང་ཆེ་བས་བརྩི་བཀུར་ཞུ་གི་མེད་པའི་དྭོགས་པ་རྣམ་རྟོག་ག་དུས་ཡིན་ཡང་བཤད་ཀྱི་ཡོད། དྭོགས་པ་རྣམ་རྟོག་སེལ་དགོས་པ་གལ་ཆེན་པོ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་རིང་ལུགས་ནང་འགྲོ་བཞིན་པར་བརྟེན་ཡོངས་རྫོགས་གཅིག་གྱུར་ཡོང་ཐུབ་ཐབས་མེད་ལ། ཡོང་དགོས་དོན་མེད། ཡིན་ཡང་མང་མོས་ཀྱི་རྒྱབ་སྐྱོར་ཡོད་ཅེས་བཙན་བྱོལ་གཞུང་གིས་ལབ་ཀྱི་ཡོད། བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པ་དང༌། མང་མོས་ཀྱི་རྒྱབ་སྐྱོར་ཡོད་པའི་རྒྱུ་མཚན་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་ནང་མང་མོས་བྱུང་བ་དང༌། དེ་དང་ཕྱོགས་མཚུངས་པའི་མི་མང་གི་སྐུ་ཚབ་མཚོན་པའི་སྤྱ་འཐུས་གྲོས་ཚོགས་ནང་མས་མོས་ཙམ་མ་ཟད། སྤྱི་མོས་ཡོད་པ་ང་ཚོའི་སྒྲུབ་བྱེད་ཡིན། དེར་བརྟེན་ང་ཚོས་ཚོད་དཔག་བྱེད་རྒྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབུམའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ངེས་པར་དུ་མང་བ་ཡོད་པ་མ་གཏོགས་ཉུང་བ་རྩ་བ་ནས་མེད།

ཡིན་ནའང་མང་བ་ཡོད་པ་དེ་མངོན་གསལ་དོད་པོ་ཆགས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དེའི་ནང་ནས་སྲི་ཞུའི་ལས་བྱེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནས་སྟངས་ཆ་ཚང་བ་གོ་རྟོགས་གསལ་པོ་མེད་པ་ཡིན་ན་མི་མང་ནང་གོ་རྟོགས་གསལ་པོ་ཡོང་རྒྱུའི་རེ་བ་བྱེད་རྒྱུ་རེ་བ་མཐོ་དྲགས་པའི་གནས་སྟངས་ངེས་པར་ཆགས་འགྲོ་གི་རེད། སྲི་ཞུའི་ལས་བྱེད་ཡིན་ཕྱིན་ཆད་སྒེར་གྱི་ལྟ་གྲུབ་དང༌། ཆབ་སྲིད་ཀྱི་ལངས་ཕྱོགས་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་གཞུང་གི་སྲི་ཞུའི་ལས་ཀ་བྱེད་སྐབས་བཙན་བྱོལ་གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་འགྲེལ་བརྗོད་དང་རྒྱབ་སྐྱོར་བྱེད་དགོས་པ་རང་བཞིན་གྱིས་ཁྲིམས་དང་བཟང་སྤྱོད་གཉིས་ཀའི་ཐོག་ནས་ཁུར་དུ་བབ་པ་ཞིག་ཡིན།

སྲི་ཞུའི་ལས་བྱེད་ཡོངས་ཀྱིས་གཞུང་གི་སྲིད་བྱུས་ལ་འགྲེལ་བརྗོད་དང༌། རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་ནའང་གང་ཟག་སྒེར་གྱི་བསམ་ཚུལ་གང་ཡིན་ཤེས་ཀྱི་མེད་ཀྱང་གཞུང་གི་ལས་དོན་ལག་བསྟར་བྱེད་སྐབས་བྱེད་མི་ཐུབ་པ་ཡིན་ན། སྲི་ཞུའི་ལས་བྱེད་ཀྱི་མཚན་ཉིད་ཚང་གི་མེད། གལ་སྲིད་གང་ཟག་བྱེ་བྲག་པ་གཅིག་ལ་དེ་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ན། མུ་མཐུད་དེ་གཞུང་གི་སྲི་ཞུའི་ལས་བྱེད་བྱས་ན་འགྲིག་གི་མེད། རང་གི་ལྟ་གྲུབ་ཧ་ཅང་གི་བརྟན་པོ་ཡོད་པའི་ཆ་ནས་གཞུང་གི་ལས་དོན་ཐོག་ལའང་རྒྱབ་སྐྱོར་བྱེད་མི་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་ན། སྲི་ཞུ་ལས་བྱེད་ནས་དགོངས་པ་ཞུས་ཏེ་མང་ཚོགས་ནང་ནས་གཞུང་གི་སྲིད་བྱུས་ལ་དགག་བྱ་བྱེད་ཆོག་པའི་ས་ཆ་ནས་དགག་བྱ་བྱེད་དགོས་པ་དང༌། འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱས་པ་ཡིན་ཡང༌། ལས་བྱེད་ནང་བསྡད་ནས་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱེད་ཐུབ་ཐབས་མེད། མང་ཚོགས་ནས་མང་གཙོའི་ལམ་སྲོལ་དང་མཐུན་པའི་སྒོ་ནས་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱེད་དགོས་པ་ཡིན།

སྲི་ཞུའི་ལས་བྱེད་ཡོངས་ཀྱིས་གཞུང་གི་སྲིད་བྱུས་དང་ལྷག་དོན་བོད་ཀྱི་རྩ་དོན་དང་འབྲེལ་བའི་སྲིད་བྱུས་དབུ་མའི་ལམ་གྱི་བྱུང་རིམ་དང་ལངས་ཕྱོགས་ཞིབ་ཕྲ་ཤེས་དགོས་པ་གལ་ཆེན་པོ་ཡིན། གལ་སྲིད་གཞུང་ཞབས་སོ་སོའི་ངོས་ནས་མ་མཁྱེན་པ་ཡོད་ན་སོ་སོས་ངོས་འཛིན་གནང་སྟེ་སློབ་སྦྱོང་བྱས་ཏེ་ཤེས་པ་བྱེད་དགོས། གཞི་རིམ་གྱི་གནས་སྟངས་ངེས་པར་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མང་ཚོགས་ནང་ནས་དབུ་མའི་ལམ་ལ་འདོད་པ་མེད་མཁན་ཞིག་དང༌། དགག་བྱ་གནང་མཁན་ཞིག་ཡིན་ཡང་དབུ་མའི་ལམ་ག?ི་གནས་སྟངས་ཡོངས་རྫོགས་ཤེས་པའི་སྒོ་ནས་དགག་བྱ་གནང་དགོས་པ་ལས་དབུ་མའི་ལམ་གྱི་གནས་ཚུལ་མ་ཤེས་པའི་ཐོག་ནས་གང་བྱུང་གིས་དགག་བྱ་བྱས་ཚེ་རང་འདོད་ཀྱི་དགག་བྱ་དང༌། མུན་ནག་མདའ་འཕེན་ཆགས་ཀྱི་ཡོད། དབུ་མའི་ལམ་ལ་འདོད་པ་མེད་མཁན་དགག་བྱ་གནང་འདོད་ཡོད་མཁན་མི་གཅིག་ཡིན་ཡང་མ་གནང་གོང་དུ་ཕྱོགས་སྔ་གསལ་པོ་ཤེས་དགོས་པ་ཡིན། བོད་ལ་གཏམ་དཔེ་ཡོད། ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་པའི་ཉི་མ་ཤར་ཟེར་སྲོལ་ཡོད།

ཕྱོགས་སྔའི་ནམ་མ་ལངས་གོང་ཉི་མ་ཤར་ཚེ་ཉི་མ་ཚད་ལྡན་ཆགས་ཀྱི་མེད། སྔོན་ལ་ཕྱོགས་སྔ་གསལ་པོ་ཤེས་རྒྱུ་གལ་ཆེན་པོ་ཡིན། དབུ་མའི་ལམ་ལ་འདོད་པ་ཡོད་མཁན་དང༌། མེད་མཁན་སུ་ཡིན་ཡང་ཕྱོགས་གཉིས་ཀ་ནས་དབུ་མའི་ལམ་གྱི་ལྟ་གྲུབ་ཆ་ཚང་བ་ཤེས་ཏེ་དགག་པ་གནང་ན་ནུས་པ་ཡོད་པ་དང༌། དོན་དང་ལྡན་པ་ཡོང་གི་རེད། རྒྱབ་སྐྱོར་གནང་ཡང་ནུས་པ་ཡོད་པ་དང༌། དོན་དང་ལྡན་པ་ཡོང་གི་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་ཀྱང༌། ཡིན་ཡང་ཁོང་ཚོས་དབུ་མའི་ལམ་གྱི་གནས་སྟངས་ཆ་ཚང་མ་ཤེས་པ་ཡིན་ན། རྒྱབ་སྐྱོར་དེའང་བརྟན་པོ་མེད་པ་དང༌། བླུན་པོ་མཆུ་སྣ་གར་ཁྲིད་བྱས་ཏེ་རྒྱབ་སྐྱོར་ཡོད་པ་དེ་རྒྱབ་སྐྱོར་མེད་པ་སླ་པོའི་རྣམ་པ་མངོན་འཇུག་རྒྱུར་བྱེད་བདེ་པོ་ཆགས་སྲིད་པར་བརྟེན། ལས་གཞི་འདི་དམིགས་ཀྱིས་བཀར་ནས་ལོ་འདིའི་ནང་འགོ་འཛུགས་བྱས་ཏེ་ལས་གཞི་བརྩམས་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན། གཞུང་ཞབས་ཡོངས་རྫོགས་ངོ་སྤྲོད་བྱེད་མཁན་གྲས་སུ་སླེབས་ཡོད། ངོ་སྤྲོད་བྱེད་མཁན་གྲས་སུ་ཡོད་པའི་མི་དེར་ངོ་སྤྲོད་བྱེད་རྒྱུའི་རྒྱུ་ཆ་ཆ་ཚང་ཤེས་དགོས་པ་ལས་གལ་ཏེ་མ་ཤེས་པ་ཡིན་ཚེ་ངོ་སྤྲོད་བྱེད་ཐུབ་ཐབས་མེད། ངོ་སྤྲོད་བྱས་པའི་དབང་དུ་བཏང་ཡང་ནོར་འཁྲུལ་ཡོང་རྒྱུའི་ཉེན་ཁ་ཡོད།

ད་ལྟ་འདིར་ཡོད་པའི་གཞུང་ཞབས་ཡོངས་རྫོགས་ལ་ངས་དཔེ་མཚོན་གྱི་དྲི་བ་ཁ་ཤས་ཤིག་ཞུས་པ་ཡིན་ན། དྲི་བར་ལམ་སེང་ངོས་ལ་ལན་འདེབས་བྱེད་ཟེར་གྱི་མེད། ངའི་དྲི་བ་ཁྱེད་ཚོའི་བསམ་བློའི་ནང་ཏག་ཏག་ལན་འདེབས་བྱས་ཆོག་འདུག་དང་མི་འདུག ལན་འདེབས་བརྒྱབ་ཆོག་ཆོག་ཡོད་ཚེ་འགྲིག་གི་ཡོད། གཞུང་ཞབས་ཀྱི་ཁྱད་ཆོས་ཚང་ཡོད། ལན་བརྒྱབ་ཆོག་མེད་པ་དང་བརྟན་པོ་མེད་ཚེ་འགྲིགས་ཀྱི་མེད། རྣམ་ཀུན་གཞུང་ཞབས་ནང་ངག་རྒྱུགས་ལེན་པའི་སྐབས་སུ་ངས་དྲི་བ་གཅིག་པ་མང་པོ་དྲིས་ཀྱི་ཡོད། དཔེར་ན། ད་ལྟ་ངས་གཞུང་ཞབས་གཅིག་ལ་དེ་ལྟར་དྲིས་པ་ཡིན་ན།

༡ བོད་རང་བཙན་ག་དུས་ཤོར་བ་རེད། ཤོར་བའི་ཟླ་དུས་ཚེས་གྲངས་ག་དུས་རེད།

༢ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞི་བའི་དོན་ཚན་ལྔ་གང་དང་གང་རེད།

༣ སི་ཊ་སི་སྦག་གི་གྲོས་འཆར་དོན་ཚན་བདུན་གང་དང་གང་རེད།

༤ རྒྱ་མིའི་ངོས་ནས་གཏམ་བཤད་བྱེད་སྐབས་སི་ཊ་སི་སྦག་གི་གསུང་བཤད་ཞེས་མིང་བཏགས་ཀྱི་མེད། དོན་ཚན་ལྔ་དང་དོན་ཚན་བདུན་ཞེས་ཡིག་ཆ་གཉིས་པོར་མིང་བཏགས་སྟངས་དེ་ལྟར་བཏགས་ཀྱི་ཡོད། ང་ཚོས་དོན་ཚན་བདུན་རེད་དང་མ་རེད། གང་ལབ་ཀྱི་རེད། རེད་ཅེས་ལབ་པ་ཡིན་ན་དོན་ཚན་བདུན་གང་དང་གང་རེད།

༥ རྒྱུ་མཚན་གང་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མང་མོས་ཐག་གཅོད་འོས་བསྡུ་བྱེད་ཅེས་བཀའ་གནང་བ་རེད། ག་དུས། ག་པར་བཀའ་གནང་བ་རེད།

༦ མང་མོས་ཐག་གཅོད་བྱེད་རྒྱུའི་ལས་རིམ་གང་འདྲ་བྱས་ཏེ་བརྩམས་པ་རེད། ཕྱིས་སུ་མི་བྱཻད་རྒྱུའི་ཇི་ལྟར་བྱས་ཏེ་ཐག་ཆོད་པ་རེད། ག་དུས་ཐག་ཆོད་པ་རེད། དེ་དག་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་བྱུང་བའི་གནས་སྟངས་ཡིན། དེ་དག་དྲིས་པ་ཡིན་ན་ཁྱེད་ཚོའི་དགོངས་པའི་ནང་ལ་ལན་འདེབས་བྱ་ཆོག་ཆོག་འདུག་གམ། དེ་དག་ལ་ལན་འདེབས་བྱ་ཆོག་ཆོག་ཡོད་ན་གང་ལ་གང་འཚམས་ཀྱི་གནས་ཚུལ་འགྲིགས་ཡོད། ལན་འདེབས་བྱ་ཆོག་ཆོག་མེད་ན་གཞི་ནས་བསྐྱར་དུ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་ཡོད་ཚེ། སྲི་ཞུའི་ལས་བྱེད་ཀྱི་གཞི་རིམ་གྱི་དགོས་མཁོའི་སྤྱིར་བཏང་ཤེས་བྱ་མང་པོ་ཚང་མེད་པའི་གནས་སྟངས་ཡིན། དེར་བརྟེན་དེ་རིང་བཀའ་ཤག་ངོས་ནས་སྲི་ཞུའི་ལས་བྱེད་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ནི། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་བྱེད་རྒྱུའི་ལས་གཞི་བརྩམས་ཀྱི་ཡོད། ལས་གཞི་འདིའི་ནང་སྲི་ཞུའི་ལས་བྱེད་ཚང་མས་རྒྱག་གཅིག་མཆོངས་གཅིག་དང༌། མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པ་མེད་དུ་མི་རུང་བ་ཞིག་ཡིན། དེའི་ཆེད་དུ་སོ་སོ་རང་ཉིད་ཀྱིས་དབུ་མའི་ལམ་གྱི་གནས་སྟངས་ཆ་ཚང་ཤེས་དགོས་ཀྱི་ཡོད། དབུ་མའི་ལམ་གྱི་བྱུང་རིམ། དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱི་རྩ་དོན་གང་ཡིན་པ་ཆ་ཚང་ཤེས་དགོས་ཀྱི་ཡོད། གལ་ཏེ་ཤེས་ཀྱི་མེད་ཚེ་གཞུང་ཞབས་ཚོས་ངེས་པར་དུ་སློབ་སྦྱོང་གནང་རོགས། ཟླ་བ་གཅིག་གཉིས་ནང་ཚང་མས་རགས་པ་ཙམ་ཞིག་ཐུགས་ལ་ངེས་པ་གནང་རོགས། དྲིལ་བསྒྲགས་ཆེད་ཕྱི་དྲིལ་ལས་བྱེད་ཙམ་མ་ཡིན་པར་ལས་ཁུངས་གང་རུང་ཞིག་ནས་མི་འདི་འདྲ་ཞིག་དབུ་མའི་ལམ་དྲིལ་བསྒྲགས་བྱེད་པར་འགྲོ་དགོས་ཞེས་ལབ་ན་གཞི་ནས་གྲ་སྒྲིག་བྱེད་མི་དགོས་པར། དེ་རིང་འགྲོ་དགོས་ལབ་པ་ཡིན་ཡང༌། དེ་རིང་བཤད་ཆོག་ཡོད་པ། དེའི་ཆེད་དུ་ཡིག་ཆ་མང་པོ་སྔོག་མི་དགོས་པ་དང༌། ཕར་རྒྱུགས་ཚུར་རྒྱུགས་མང་པོ་བྱེད་མི་དགོས་པར་ཡིག་ཆ་ཚང་མ་ཕྱོགས་བསྡོམས་བྱས་ཏེ་ཕྱི་དྲིལ་ལས་ཁུངས་ནས་དེབ་ཆུང་བཏོན་པ་རེད། དེབ་ཆུང་དེར་གཟིགས་པ་ཡིན་ན་སྒྲོམ་གཞི་རགས་པ་ཙམ་ཆ་ཚང་ཤེས་རྒྱུ་ཡིན། དེའི་ནང་གི་དོན་ཚན་རེ་རེ་བཞིན་ཞིབ་ཚགས་བྱས་ཏེ་སློབ་སྦྱོང་གནང་བ་ཡིན་ན། སློབ་སྦྱོང་གནང་རྒྱུའི་གནས་སྟངས་མང་པོ་ཡོད་པ་དེ་དག་རིམ་པས་མུ་མཐུད་དེ་གནང་ཐུབ་ན། ཧ་ཅང་ཡག་པོ་ཡོང་གི་རེད།

སྤྱིར་བཏང་གཞུང་གི་སྲི་ཞུའི་ལས་བྱེད་པ་གཅིག་ལ་གཞུང་གི་གནད་འགག་ཆེ་བའི་སྲིད་བྱུས་ཁག་ཆ་ཚང་ཤེས་དགོས་པ་ཡིན། དཔེར་ན། རྩ་དོན་དང་འབྲེལ་བའི་སྲིད་བྱུས་ཆ་ཚང་གཞུང་གི་སྲི་ཞུའི་ལས་བྱེད་ཡོངས་རྫོགས་ཀྱིས་ཤེས་དགོས་པ་དང༌། ཤེས་རིག་ལས་བྱེད་ཡིན་ན་ཤེས་རིག་གི་སྲིད་བྱུས་ཤེས་དགོས་པ། འཕྲོད་བསྟེན་ལས་བྱེད་ཡིན་ན་འཕྲོད་བསྟེན་གྱི་སྲིད་བྱུས་ཤེས་དགོས་པ་སོ་སོའི་སྐབས་བབ་ཀྱི་རིགས་གཅིག་རྐང་འཛིན་གྱི་གནས་སྟངས་ཡིན་པས། དེ་དག་ལ་ཐུགས་སྣང་མ་གནང་ཚེ་ཉི་མ་གང་འཁྱོལ་གྱི་གཞུང་ཞབས་ཆགས་འགྲོ་གི་རེད་ལ། ང་ཚོ་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཡོངས་ཀྱི་གནས་སྟངས་གཟུགས་བརྙན་ད་ལྟ་ཡག་པོ་དང་གཙང་མ་མེད། དེང་སྐབས་གཟུགས་བརྙན་ཏོག་ཙམ་ཡག་ཏུ་གཏོང་ཐུབ་ན་བསམ་པའི་འབད་བརྩོན་མང་པོ་བྱེད་ཀྱི་ཡོད། དེར་བརྟེན་གཟུགས་བརྙན་ཡག་ཏུ་གཏོང་རྒྱུར་ལས་ཀའི་འབྱོན་ཐང་དང༌། ལས་ཀའི་འབྱོན་ཐང་དེ་མངོན་གསལ་དོད་པོ་བྱེད་རྒྱུ་གཉིས་ཀ་དགོས་ཀྱི་ཡོད། འབྱོན་ཐང་ཡོད། དཀའ་ལས་བརྒྱབ་ཀྱི་ཡོད། ཡིན་ཡང་ང་ཚོ་ལག་ག་པར་ཐོགས་ཀྱི་ཡོད་ཟེར་ན། ང་ཚོར་འབྱོན་ཐང་ཡོད་པ་དང་དཀའ་ལས་བརྒྱབ་པ་དེ་སུས་བལྟས་ཀྱང་མཐོང་ཐུབ་པ་དེ་བཟོ་ཐུབ་ཀྱི་མེད། དྲང་པོ་དྲང་བཞག་ཡིན་པ་གལ་ཆེན་པོ་ཡིན། དྲང་པོ་དྲང་བཞག་ཡིན་པ་ཚང་མས་མཐོང་ཐུབ་པ་བཟོ་རྒྱུ་དེའང་དེ་དང་གཅིག་གྱུར་གྱི་གལ་ཆེན་པོ་ཡིན། དཀའ་ལས་བརྒྱབ་རྒྱུ་དེ་གལ་ཆེན་པོ་ཡིན། དཀའ་ལས་བརྒྱབ་རྒྱུ་དེ་མངོན་གསལ་དོད་པོ་བཟོ་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་སྲིད་བྱུས་ཤེས་རྒྱུའང་གལ་ཆེན་པོ་ཡིན།

གོ་སྐབས་ཡོངས་རྫོགས་མང་ཚོགས་ལ་གསལ་སྟོན་བྱེད་ཐུབ་རྒྱུ་གལ་ཆེན་པོ་ཡིན། དེ་ཆགས་པ་ཡིན་ན་ང་ཚོས་དཀའ་ལས་བརྒྱབ་པ་བཞིན་གསལ་པོ་བྱས་ཏེ་ྋགོང་ས་མཆོག་གི་གཟིགས་སྣང་དང༌། མང་ཚོགས་ཀྱི་མཐོང་སྣང་ལ་སླེབས་ཐུབ་པ་ཆགས་ཀྱི་རཻད། དེ་བྱུང་བ་ཡིན་ན། ང་ཚོའི་གཟུགས་བརྙན་བསྐྱར་གསོ་བྱེད་ཐུབ་རྒྱུ་ཡིན། ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་ནང་དོན་དང་གཟུགས་བརྙན་གཉིས་ཀ་ཆ་སྙོམ་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་མེད་པ་ཡིན་ན་གྱོང་རག་གི་ཡོད། དེའི་ཆེད་དུ་དེ་རིང་འདི་ནས་འགོ་འཛུགས་ཞུས་པ་རེད།

ང་ཚོར་གོ་སྐབས་བྱུང་ཚེ་ཟླ་གཅིག་ཙམ་གོ་སྐབས་ཕུལ་ནས་རྩ་དོན་དང་འབྲེལ་བའི་བོད་རྒྱ་ཞི་མོལ་དང་འབྲེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་གཞུང་ཞབས་ཚོའི་མཁྱེན་ཚད་དང་གོ་རྟོགས་གང་ཙམ་སླེབས་འདུགཚོད་དཔག་བྱེད་རྒྱུའི་ཆེད་ང་ཚོ་བསྐྱར་དུ་བགྲོ་གླེང་ཚོགས་འདུ་དང་དྲི་བ་དྲིས་ལན་བྱེད་རྒྱུའི་གོ་སྐབས་བཟོ་མི་སྲིད་པ་མ་རེད། བཟོས་ཚེ་དེ་སྐབས་གསུང་ཆོག་མེད་ན་ཐུགས་སྟབས་བདེ་པོ་ཡོང་གི་མ་རེད། གལ་ཏེ་དུས་ཚོད་བྱུང་ཚེ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱེད་རྒྱུའི་གོ་སྐབས་བཟོ་རྒྱུའི་འདོད་པ་ཡོད། དེ་ལུགས་ཚང་མས་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པ་ཁག་ཡག་ཐག་ཆོད་བྱུང་འདུག ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཚོད་གང་འཚམས་འགོར་ཡང་ལས་དོན་ཞིབ་ཚགས་བྱེད་པའི་རིགས་ལ་དུས་ཚོད་འགོར་སྲིད་པ་ཡིན། ད་ལྟ་རྒྱུ་ཆ་གང་ཡོད་པ་དེ་དག་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་བྱེད་རྒྱུའི་ལས་རིམ་སྔོན་འཆར་ཡོད་པ་ལྟར། ཚད་དང་ལྡན་པ་འགྲོ་ཐུབ་དགོས་པ་དེའང་ངེས་པར་དུ་གནང་དགོས་ཀྱི་འདུག་པས་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ཚང་མར་བསྐྱར་དུ་གསལ་འདེབས་དང་དྲན་བསྐུལ་ཞུ་རྒྱུ་ཡིན། ཟླ་བ་ལྔ་དྲུག་རྗེས་ལ་མང་ཚོགས་ནང་ཁྱད་པར་གང་ཕྱིན་ཡོད་མེད་བསྐྱར་ཞིབ་བྱེད་རྒྱུའི་གོ་སྐབས་ཡོང་ངེས་ཡིན། ཐུགས་རྗེ་ཆེ།