བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་སྟོན་སློབ་གྲྭའི་དུས་ཆེན་སྲུང་བརྩི་ཐོག་གསུང་བཤད་གནང་བ།

༈ ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་གནང་བའི་གསུང་བཤད།

_OHH8704-2 ༄༅།། ཁྱབ་བདག་འཁོར་ལོའི་མགོན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། དེ་རིང་འདིར་འདུས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཆེས་མཐོའི་མཛད་གཙོ་རྣམ་པ། སམ་བྷོ་ཊ་དང་དཔེ་སྟོན་སློབ་གྲྭའི་ལས་ཀྱི་སྣེ་ལ་གཏོགས་པ་རྣམ་པ། སློབ་ཕྲུག་རྣམ་པ། གཞན་ཡང་ཕྱོགས་མཐའ་ནས་འདུས་པའི་སྐུ་མགྲོན་རྣམ་པ་ཚང་མར། ཐོག་མར་དེ་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་༸ཞབས་སོར་འཁོད་པའི་སྐལ་བཟང་གི་དགའ་སྟོན་འདིར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་འདིར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཐུང་ངུ་ཐོབ་པ་འདིའི་ཐོག་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག འོན་ཀྱང་ང་རང་སྒེར་དང་འབྲེལ་བ་ཡོད་པའི་དགོངས་སེལ་དང་། གསལ་བཤད། མཐོང་ཚུལ་བཅས་ཞུ་རྒྱུ་ཡིན།
ཐོག་མར་དགོངས་སེལ་ཞུ་རྒྱུ་ནི། བར་ལམ་ཕྱི་ནང་གི་མི་མང་པོ་དང་། ལྷག་པར་དཔེ་སྟོན་སློབ་གྲྭར་ཉམས་ཞིབ་ཆེད་ཕེབས་མཁན་རྒྱ་གར་གྱི་མཁས་པ་ཁ་ཤས་ཀྱིས། ཁྱེད་རང་བཀའ་ཤག་ལ་ཡོད་སྐབས་དཔེ་སྟོན་སློབ་གྲྭ་འདི་ས་ཆ་ཧ་ཅང་གུ་དོག་པོ་ཞིག་ནང་བཙུགས་འདུག ཁང་པ་སྐྱོ་པོ་དང་། རྩེད་ཐང་ཡང་མི་འདུག དེ་གང་འདྲ་བྱས་པ་རེད། དེ་ནོར་འཁྲུལ་ཆེན་པོ་རེད་ཅེས་བརྗོད་མཁན་བྱུང་། ད་ལྟ་ཕྱིར་བལྟས་སློག་སྐབས་དངོས་ཡོད་ཀྱི་གནས་སྟངས་རེད་འདུག སྐབས་དེ་དུས་ས་ཁང་སྟོང་པ་འཕྲལ་དུ་ཐོབ་ཐུབ་པ་འདི་མ་གཏོགས་མེད། ཕྱོགས་གཞན་ནས་དྷ་རམ་ས་ལར་མགོ་འཛུགས་ཐུབ་པ་ཡིན་ན་ང་དང་། ཕྱག་སྦྲེལ་ཤེས་རིག་བཀའ་བློན། གཞན་ཡང་རྡ་སར་ཡོད་པའི་མཁས་དབང་ཚོས་ཡང་ཡང་གཟིགས་རྟོག་གནང་རྒྱུར་ཁྱད་པར་ཞིག་ཡོང་གི་རེད་བསམས་ནས་བཙུགས་པ་རེད། སྐབས་དེར་དཔེ་སྟོན་སློབ་གྲྭར་སློབ་ཕྲུག་འཛུལ་མཁན་ཉུང་ངུ་ལས་མེད། ཁྲལ་ལྟ་བུར་ཕྱོགས་མཐའ་ཁག་ནས་འཁྲིད་ཡོང་བའི་སློབ་ཕྲུག་ཉུང་ཤས་ལས་བཙུགས་པ་ཡིན་སྟབས། ས་ཁུལ་དེ་འགྲིགས་པ་ལྟ་བུ་ཞིག་མཐོང་བ་རེད། བར་ལམ་ནས་དཔེ་སྟོན་སློབ་གྲྭར་སློབ་ཕྲུག་ཇེ་མང་སོང་སྟབས། ད་ལྟ་གུ་དོག་པོ་ཆགས་ཡོད་ཚོད་འདུག དེར་བརྟེན་སྐབས་དེའི་འཛིན་སྐྱོང་གིས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་མ་ཐུབ་པའི་སྐྱོན་ཆ་བྱུང་བ་ངོས་ལེན་ཞུས་པའི་ཐོག་ནས་དགོངས་སེལ་ཞུ་རྒྱུ་ཡིན།
གསལ་བཤད་ཞུ་རྒྱུ་ནི། བོད་པའི་སྤྱི་ཚོགས་ནང་མི་མང་པོས་ཤེས་ཡོན་སྲིད་བྱུས་འདི་ངས་བཟོས་པ་ལྟ་བུ་ཞིག་ལ་དགོངས་མཁན་ཡོད་ཚོད་འདུག ཁྱེད་རང་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དང་། ཁྱེད་རང་གིས་བརྩམས་པའི་ཤེས་ཡོན་སྲིད་བྱུས་ཞེས་འབྲི་མཁན་དང་གསུང་མཁན་ཡོང་གི་འདུག ང་ཚོའི་བཀའ་ཤག་སྐབས་སུ་མགོ་འཛུགས་བྱས་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ཤེས་ཡོན་སྲིད་བྱུས་ངས་བཟོས་པ་མིན་པ་དེ་ངེས་པར་དུ་མཁྱེན་དགོས། དཔེར་ན། རྒྱ་གར་ནང་ཌོག་ཊར་བི་ཨར་ཨམ་བེཌ་ཀར་ (Dr.B.R. Ambedkar) མཆོག་ལ་རྒྱ་གར་རྩ་ཁྲིམས་ཀྱི་རྩོམ་པ་པོ་ཞེས་བརྗོད་སྐབས། ཨམ་བེཌ་ཀར་མཆོག་གིས་གྲོས་ཚོགས་ནང་ངས་དེ་འདྲ་ཐོས་སྐབས་ང་རང་ངོ་ཚ་སྟེ་རྔུལ་ཆུ་ཐོན་གྱི་འདུག་ཅེས་གསུངས་མྱོང་བྱུང་འདུག གང་ལགས་ཤེ་ན། ཨམ་བེཌ་ཀར་མཆོག་གིས་རྒྱ་གར་རྩ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་པ་རེད། འོན་ཀྱང་ངས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ནང་ཐེ་གཏོགས་གང་ཡང་བྱས་མེད།
ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་བསམ་བློའི་ས་བོན་གང་ནས་རྙེད་པ་རེད་ཅེ་ན། འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་མ་འོངས་ཤེས་ཡོན་ཐོག་བཀའ་སློབ་རིམ་སྩལ་གནང་བ་དེ་ཚོའི་ནང་ནས་ཕྱོགས་བསྡུས་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་དམ་ཆོས་ནས་བྱུང་བའི་རིགས། དེ་བཞིན་རྒྱ་གར་གྱི་སྔོན་བྱོན་མཁས་པ་མང་པོའི་གསུང་ལ་གཞིར་བཞག་སྟེ། ༢༠༠༢ ཕྱི་ཟླ་ ༡ པོའི་ནང་རྒྱུན་རིང་ཉམས་མྱོང་ཡོད་པའི་དགེ་རྒན་དང་སློབ་སྤྱི་བཅས་མི་གྲངས་ ༢༠༠ ཙམ་ལས་གྲུབ་པའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཉིན་གསུམ་གྱི་བགྲོ་གླེང་གི་གྲུབ་དོན་བཅས་ལས་བྱུང་། དེའི་ཐོག་ནས་རྙེད་པའི་བསམ་བློའི་ས་བོན་དངོས་སུ་ཡིག་ཐོག་ལ་ཕབ་མཁན་ནི་སྐབས་དེ་དུས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་ལགས་ཀྱི་གཙོ་སྐྱོང་འོག་བོད་ཁྱིམ་གྱི་དགེ་ཟུར་ཌོག་ཊར་བུ་མོ་ཚེ་རིང་ལགས་དང་། བོད་ཁྱིམ་གྱི་ཤེས་རིག་འགན་འཛིན་ངག་དབང་རྡོ་རྗེ་ལགས། རིགས་ལམ་སློབ་གྲྭའི་དགེ་རྒན་བློ་བཟང་རིན་ཆེན་ལགས། ཤེས་རིག་གི་ལས་བྱེད་ཆུང་ཚེ་རིང་ལགས་བཅས་ལས་གྲུབ་པའི་ཟིན་བྲིས་ཚོགས་ཚུང་བཙུགས་ཏེ། ཟིན་བྲིས་དང་པོ་དང་གཉིས་པ་ཟིན་བྲིས་ཚོགས་ཆུང་གིས་བཟོས་པ་རེད། དེའི་རྗེས་ལྡི་ལིར་ཚོགས་པའི་རྒྱ་གར་མཁས་པ་ཁག་གི་ཚོགས་འདུ་དང་། ལྡེ་ར་ལྡུན་གྱི་སྲོང་བཙན་དཔེ་མཛོད་ཁང་དུ་ཚོགས་པའི་བོད་ཀྱི་མཁས་པ་ཁག་གི་ཚོགས་འདུ། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དྷ་རམ་ས་ལར་ཚོགས་པའི་ནུབ་ཕྱོགས་མཁས་པ་ཁག་གི་ཚོགས་འདུ་བཅས་ཚོགས་འདུ་རིམ་པ་གསུམ་གྱི་ནང་ཞིབ་བསྡུར་གནང་བ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཟིན་བྲིས་དང་པོ་དང་གཉིས་པ་འགྲེམས་སྤེལ་གྱིས་དགོངས་འཆར་བྱུང་བ་ཆ་ཚང་ཕྱོགས་བསྡུས་བྱས་པ་ཟིན་བྲིས་ཚོགས་ཆུང་དང་བཀའ་ཤག་གིས་གཏན་ལ་ཕབ་པ་དེ་ ༢༠༠༤ ཕྱི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། ཚོགས་ཆུང་ཆ་བགོས་ཀྱི་བགྲོ་གླེང་། དེའི་རྗེས་དོན་ཚན་རེ་རེ་བཞིན་སྤྱི་མོས་མང་མོས་ཀྱིས་གཏན་ལ་ཕབ་སྟེ་དོན་ཚན་མང་ཆེ་བ་ཆེས་མཐོའི་མང་མོས་ཐོག་ཕྱིན་པ་མ་ཟད། མཐའ་མའི་ཕྱོགས་བསྡོམས་ཀྱི་ཡིག་ཆ་དེ་སྤྱི་མོས་ཐོག་གཏན་ལ་ཕབ་པ་རེད།
དེར་བརྟེན་ཤེས་ཡོན་སྲིད་བྱུས་ཀྱི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་གནས་ཚད་མཉམ་པའི་ཡིག་ཆ་ཡིན་སྟབས། མ་འོངས་པར་འདི་ལ་བསྐྱར་བཅོས་དང་འགྱུར་བ་གཏོང་དགོས་རིགས་གང་ཟག་བྱེ་བྲག་པ་དང་། ལས་ཁུངས་བྱེ་བྲག་པ་ཞིག་གི་དབང་ཚད་འོག་མེད་པར། སྤྱི་འཐུས་ལྷན་ཚོགས་རང་གིས་བསྐྱར་ཞིབ་དང་བསྐྱར་བཅོས་གནང་དགོས་པ_OHH8699འི་གནས་སྟངས་ཤིག་ཆགས་ཡོད། དེས་ན་ཤེས་ཡོན་སྲིད་བྱུས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་འདི་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་ཞིག་ཡིན་དགོངས་ཏེ། བདག་པོའི་འདུ་ཤེས་བཟུང་ནས་འདི་ལ་སྲུང་སྐྱོབ་དང་རྒྱུན་གནས། བསྐྱར་བཅོས་དགོས་རིགས་དུས་ནས་དུས་སུ་གཟིགས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད།
དེ་ནས་མཐོང་ཚུལ་ནི། ཐོག་མར་དཔེ་སྟོན་སློབ་གྲྭ་འདི་བཙུགས་སྐབས་ཚང་མ་དྭོགས་པ་རྣམ་རྟོག་ངང་བསྡད་པ་རེད་ལ། འཛུལ་མཁན་ཡང་ཉུང་ངུ་ལས་མེད། ད་ལྟ་འདིའི་ནང་མ་ཚུད་པའི་སྡུག་བསྔལ་མ་གཏོགས། འཛུལ་མཁན་མེད་པའི་སྡུག་བསྔལ་མེད་པ་དེ་ཡག་པོ་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་འདས་པའི་ལོ་གཅིག་ནང་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་རྣམས་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་བཅུ་གཅིག་ནང་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་དགེ་རྒན་དང་སྤྱི་ཚོགས་ནང་སེམས་ཁྲལ་ཆེ་ཤོས་གང་རེད་ཅེ་ན། འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་སློབ་ཀྱི་མེད་པར་བརྟེན། ཨིན་སྐད་སོགས་རྗེས་ལུས་ཐེབས་ཀྱི་རེད་བསམ་པའི་དོགས་པ་ཞིག་ཡོད། འོན་ཀྱང་ད་ལྟ་དངོས་སུ་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག་ལ་སླེབས་སྐབས་རྗེས་ལུས་ཐེབས་རྒྱུའི་ཚབ་ཏུ་སྔོན་འགྲོའི་འཛིན་གྲྭ་ནས་ཨིན་ཇི་བསླབས་ཏེ་ཡོང་མཁན་ཚོ་དང་ཁོང་ཚོ་བསྡུར་སྐབས་སྔོན་ལ་མ་གཏོགས། རྗེས་སུ་ལུས་པ་བྱུང་མེད་པ་དངོས་མཐོང་ལག་ཟིན་བྱུང་འདུག འདི་གནས་ཚུལ་བཟང་པོ་ཞིག་རེད་བསམ་གྱི་འདུག ཕྱི་ནང་གི་མི་རིགས་མང་པོས་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་དཔེ་བལྟ་རྒྱུ་ཞིག་ལ་ཡོང་གི་འདུག་ཅེས་བསྔགས་བརྗོད་གནང་མཁན་མང་པོ་འདུག དེར་བརྟེན་སྔོན་མ་ང་ཚོར་ཡོད་པའི་དྭོགས་པ་རྣམ་རྟོག་རྣམས་བསངས་ཐུབ་པ་ཞིག་བྱུང་ཡོད། སྔོན་མ་དཔེ་སྟོན་སློབ་གྲྭ་ཐོག་མར་འཛུགས་སྐབས་འདི་ལ་ཚོད་བལྟ་སློབ་གྲྭ་བརྗོད་དགོས་ཞེས་གསུང་མཁན་མང་པོ་བྱུང་། སྐབས་དེར་ང་ཚོས་ཚོད་བལྟ་བྱེད་དགོས་པ་གང་ཡང་མེད། སྔོན་གྱི་མཁས་པ་གོང་མ་ཚོས་ཚོད་བལྟ་གནང་གྲུབ་པ་ཞིག་རེད། འདི་དཔེ་སྟོན་ཆེད་ཡིན་ཞེས་བཤད་དེ་དཔེ་སྟོན་སློབ་གྲྭ་འདི་བཙུགས་པ་རེད།
དེ་རིང་དཔེ་སྟོན་སློབ་གྲྭ་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་སློབ་གྲྭ་འདིའི་ནང་མུ་མཐུད་ཕྱག་ལས་གནང་མཁན་གྱི་དགེ་རྒན་དང་ལས་བྱེད། ཞིབ་ཚགས་པོས་སློབ་སྦྱོང་གནང་མཁན་གྱི་སློབ་ཕྲུག་ཚང་མར་ངས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤེས་ཡོན་སྲིད་བྱུས་བཟོ་འགོད་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་ཞིབ་དང་བཀའ་སློབ་སྩལ་བ་དང་། དཔེ་སྟོན་སློབ་གྲྭ་འདི་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་གསོལ་རས་གནང་བ། དེ་རིང་མཛད་འཆར་མང་པོ་ཕྱིར་བསྡུ་མཛད་པའི་སྐབས་ཤིག་ཡིན་ནའང་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་དངོས་སུ་༸ཞབས་སོར་འཁོད་པ་འདི་ཚང་མའི་བསོད་སྐལ་ཆེན་པོ་ཞིག་རེད། དེར་བརྟེན་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་ཆབས་ཅིག ཁྱེད་ཚོའི་མི་ཚེ་དོན་ལྡན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།