དཔེ་སྟོན་ཡབ་ཆེན།

བུ་མོ་བསྟན་འཛིན་ལྷག་པ། འཛིན་གྲྭ། བཅུ་པ། ལོ་༡༥ དཔེ་སྟོན་སློབ་གྲྭ།
ཁྱེད་ནི་དཔེ་སྟོན་སློབ་གྲྭའི་ཡབ་ཆེན་ཡིན།།
ཁྱེད་ནི་རིག་གཞུང་ཞིག་གི་བང་མཛོད་ཡིན།།
ཁྱེད་ནི་བཙན་བྱོལ་བོད་མིའི་རེ་བ་ཡིན།།
དེ་རིང་བུ་མོས་ཁྱེད་ལ་འཚམས་འདྲི་ཞུ།།

སྔོ་ལྗང་གིི་གོ་ལ་འདིར་ཡབ་ཆེན་ཞེས་པ་དེ་ནི་མེད་དུ་མི་རུང་བའི་ཐ་སྙད་ཅིག་དང་། མི་སྣ་གལ་ཆེ་ཤོས་ཤིིག་ཡིན་སྟབས། ངས་ག་དུས་ཡིན་རུང་ཡབ་ཆེན་ཁྱེད་ལ་རྗེས་སུ་ཡི་རང་གྲངས་མེད་ཞུ་བཞིན་ཡོད། རྒྱུ་མཚན་ནི་ཁྱེད་ཉིད་འགྲོ་བ་ཀུན་ལ་རིན་ཐང་ཆེ་བའི་མི་སྣ་གལ་ཆེ་ཞིག་རེད་ལ། དེ་བས་ཁྱེད་ཀྱིས་བོད་མི་ཀུན་གྱི་སྐྱོ་བ་སངས་པ་དང་ཁྱེད་ཀྱིས་བོད་མི་ཡོངས་ལ་བདེ་སྐྱིད་སྦྱིན་ཡོད། ཁྱེད་ཀྱིས་བོད་ཕྲུག་ང་ཚོར་ཤེས་བྱའི་ར་བ་ཆུང་ཆུང་ཞིག་བསྐྲུན་པ་དང་། ཁྱེད་ནི་ང་ཚོའི་རིག་གནས་ཀྱི་བང་མཛོད་ཡིན་ལ། དེ་བས་ང་ཚོར་དཔེ་སྟོན་སློབ་མ་ཡིན་པར་སྤོབས་པ་སྦྱིན།
ཁྱེད་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ནས་དཔེ་སྟོན་སློབ་མ་ཚོར་ཞེན་ཁོག་དང་ལ་རྒྱ་ཡི་ཚོར་བ་གནང། ཁྱེད་ཀྱིས་རང་དོན་དོར་ནས། བོད་མི་ཚོའི་ཆེད་གཞན་དོན་ཁོ་ན་བསྒྲུབས་པས། གཞིས་བྱེས་བོད་མི་ཡོངས་ཀྱིས་ཁྱེད་ཉིད་གཙུག་ཏུ་བཀུར།
ཁྱེད་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་ངང་ལས་ལ་བརྩོན་ཞིང། བཙན་བྱོལ་གཞུང་དང། དཔེ་སྟོན་དགེ་ལས་སློབ་གསུམ་ལ་ཉི་འོད་བསྐྲུན། ཁྱེད་ནི་དཔེ་སྟོན་སློབ་གྲྭའི་ཨ་ཕ་ཡིན་པས། ང་ཚོས་དུས་ནམ་ཡང་ཁྱེད་ཀྱི་མཛད་འཕྲིན་བརྗེད་པར་དཀའ། ང་ཚོ་དཔེ་སྟོན་ན་ཆུང་སློབ་མ་ཚོ་ཡབ་ཆེན་ཁྱེད་ཀྱི་ཕྱག་ཟུང་འོག་ནས་འཚར་ལོངས་བྱུང་ལ། ཁྱེད་ཀྱིས་བོད་སྐད་ཡིག་གི་མེ་རོ་གསོས་ཡོད།
༢༠༠༡ ལོར་ཁྱེད་ཉིད་ང་ཚོ་བཙན་བྱོལ་བོད་མི་ཚོའི་བཀའ་བློན་ཁྲི་པར་གྱུར་བས། ཁྱེད་ཀྱིས་བོད་མི་ཡི་དཀའ་ངལ་ཁྲི་ཁྲག་མང་པོ་སེལ་ཐུབ་པ་དེ་ཡང་ཁྱེད་ཀྱི་བྱས་རྗེས་རླབས་ཆེན་ཞིག་ཡིན། ཁྱེད་ཀྱིས་འཛམ་གླིང་འདིར་བདེ་སྐྱིད་ཀྱི་ཉིན་མ་ཞིག་བསྐྲུན་སོང་ལ། ནང་དོན་རིག་པ་ཙམ་མ་ཡིན་པར་བོད་ཀྱི་ཐུན་མོང་རིག་གནས་དང། བོད་སྐད་ཡིག་ཐོག་ལ་ཁྱད་དུ་འཕགས་པའི་མི་སྣ་གཙོ་བོ་ཞིག་གནང་ཡོད།
ཁྱེད་མེད་ཚེ་ང་ཚོས་བོད་ཡིག་མི་ཤེས་ལ། སྤྱི་ཚོགས་རིག་གནས་དང་ཚན་རིག་གི་སློབ་ཚན་དག་ཀྱང་བོད་ཡིག་ཐོག་ཇི་ལྟར་སྦྱོང་ཐུབ། ཁྱེད་ཀྱིས་ཀློག་དེབ་དེ་དག་བོད་ཡིག་ཐོག་བསྐྲུན་པར་བརྟེན། བོད་ཕྲུག་ཡོངས་ལ་ཧ་ཅང་ཕན་ཐོགས་བྱུང་། ཁྱེད་ནི་མངོན་སུམ་རྫུ་འཕྲུལ་དང་ལྡན་པའི་མི་ཞིག་དང་མཚུངས། ཁྱེད་ཀྱིས་བཞད་འཛུམ་གནང་ཐེངས་རེར་ངའི་སེམས་ཀྱི་དཀའ་ངལ་རྣམས་རང་བཞིན་དུ་སེལ། ང་རང་ཁྱེད་ཀྱིས་འཛུགས་སྐྲུན་བྱས་པའི་སློབ་གྲྭ་དེར་ཞུགས་པ་ནས་བཟུང། སློབ་སྦྱོང་གང་སྤྱིའི་ཐད་ཡར་རྒྱས་ཕྱིན་པ་ནི། ཁྱེད་ཁོ་ནའི་བཀའ་དྲིན་ཡིན།
ཁྱེད་ཀྱི་འཁྲུངས་སྐར་ནི་བོད་མི་ང་ཚོར་མཚོན་ན་ནམ་རྒྱུན་དང་མི་འདྲ་སྟེ། སྤྲོ་སྣང་ལྡན་པའི་ཉིན་མོ་ཞིག་ཡིན། བུ་མོ་ངས་ཁྱེད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་ལྷན། ངས་དུས་རྟག་ཏུ་ཁྱེད་ཉིད་ནད་མེད་ཚེ་རིང་དང། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད།