དཔེ་སྟོན་ཡབ་ཆེན་གྱི་འཁྲུངས་སྐར་ལ་ཕུལ་བ།

མིང་། བསྟན་འཛིན་ལྷ་བུ། རང་ལོ་ ༡༥ དཔེ་སྟོན་སློབ་གྲྭ
བོད་མིའི་བདེ་སྡུག་སེལ་མཁན་དཔེ་སྟོན་ཡབ་ཆེན་ལགས།།
ཤེས་ཡོན་དོ་ར་ཆུང་ཆུང་ཁྱེད་ཀྱིས་གསར་དུ་བསྐྲུན།།
ཤེས་ཡོན་སྲིད་བྱུས་དགོངས་དོན་བསྒྲུབ་པར་ཁྱེད་ཀྱིས་སྨོན།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བཀྲ་ཤིས་འཚམས་འདྲིས་བསུ།།

སྔོ་ཞིང་དྭངས་བའི་ནམ་མཁའ།
གསེར་འོད་འཕྲོ་བའི་ཉི་མ།
མཐོ་བརྗིད་རབ་དཀར་གྱི་གངས་རི་དང།
དྭངས་བསིལ་གྱི་རྒྱུག་ཆུ་རིང་མོ།

ཨེ་མ།
ཕྱོགས་བཞི་ཡོངས་རྫོགས་ནགས་རིས་བསྐོར་ཞིང།
དཀྱིལ་དུ་ཡངས་ཤིང་ཡིད་དུ་འོང་བའི་ཐང་ཆེན་ཐོག་ཤེས་རིག་གི་དོ་ར་ཞིག་ལྷུན་པོར་ཆགས།
དེ་ལས་ཀྱང་ཉམས་དགའ་བ་ནི།
སློབ་གྲྭའི་ནང་གི་མཛེས་ལྗོངས་དེ་དག་སློབ་མའི་བློ་རིག་གི་རྣམ་དཔྱོད་ལྟར།
ཁྲ་ལྷམ་མེར་གསལ་ཞིང་།
གངས་ཕྲུག་རྣམས་ཀྱི་འཚོ་བ་ཡང་བདེ་བར་གྱུར།

ལྟོས་དང།
དགའ་སྤྲོའི་རྣམ་འགྱུར་དང་དགོད་སྒྲའི་འཛུམ་མདངས་ཀྱིས་ཁེངས་པའི་སློབ་ཕྲུག་རྣམས་རྩེ་ཐང་ཐོག་ཏུ་རྩེད་འཇོར་རོལ་བཞིན་མཆིས།
བུ་ཆུང་ང་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་འོག་བཙུགས་པའི་སློབ་གྲྭ་དེའི་ནང་དུ་གོམ་སྟབས་ཐོག་མར་སྤོ་སྐབས།
བདག་གི་སེམས་ནང་འགན་འཁུར་ཆེན་པོ་ཞིག་དང་།
ང་ཚོ་ནི་བོད་མི་རིགས་ཀྱི་མ་འོངས་སོན་རྩ་ཡིན་སྟབས།
ངེས་པར་དུ་སློབ་སྦྱོང་ཡག་པོ་སྦྱངས་དགོས་པའི་དམ་བཅའ་བཞག་པ་ཡིན།

དཔེ་སྟོན་གྱི་ཡབ་ཆེན་ལགས།
ཁྱེད་ནི་ང་ཚོར་དཀོན་མཆོག་གི་གནང་བའི་ཕྱགས་རྟགས་ལེགས་ཤོས་ཡིན་ལ།
ཁྱེད་ནི་ང་ཚོ་ཁ་སྐོམ་སྐབས་ཀྱི་ཆུ་བོ་ཞིག་དང་མཚུངས།
༢༠༠༤ ཟླ་༡༠ཚེས་༩ཉིན་ཤེས་ཡོན་སྲིད་བྱུས་ལག་བསྟར་ཆེད་དུ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་པ་ཞིག་གསར་དུ་བསྐྲུན།
དེ་ཡང་ཁྱེད་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་གཙོ་བོ་སྟེ།
རང་དབང་དང། གཞན་ཕན། རྒྱུན་འཛིན། གསར་བཏོད་བཅས་ཀྱི་ཐོག
རིན་བྲལ་གྱི་བཀའ་སློབ་གང་མང་བསྩལ་བས།
ཁྱེད་ནི་ང་ཚོའི་མུན་སེལ་གྱི་སྒྲོན་མེ་ཞིག་ཡིན།
དཔེ་སྟོན་གྱི་ཡབ་ཆེན་ལགས།
ཁྱེད་ཀྱིས་གསན་བྱུང་ངམ།
བོད་ནང་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས།
བཙན་བྱོལ་དུ་ཡོད་པའི་མ་འོངས་སོན་རྩ་རྣམས་ལ་རེ་བ་རྒྱག་བཞིན་ཡོད་ཟེར།
ཁྱེད་ཀྱིས་དགོངས་ཨེ་བྱུང་ངམ།
སློབ་མ་ང་ཚོས་རེ་བ་དེ་དག་ཆུད་ཟོས་སུ་མི་གཏོང་བར།
རྡོ་ལ་ཨི་ཁུང་ཕུག་པ་བཞིན་སློབ་ལ་འབད་ཏེ།
བོད་གཞིས་བྱེས་གཉིས་མཉམ་འཛོམས་ཀྱིས།
ཕོ་བྲང་པོ་ཏ་ལའི་མདུན་དུ་མཉམ་འཛོམས་ཀྱིས།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏང་ཐུབ་པར་བྱ་ངེས་ཡིན།

དཔེ་སྟོན་གྱི་ཡབ་ཆེན་ལགས།
ཁྱེད་ནི་ང་ཚོ་དཔེ་སྟོན་སློབ་ཕྲུག་ཚང་མའི་སེམས་ཁོངས་ནས་བརྗེད་ཐབས་མེད་པའི་རྡོ་རིང་ཞིག་ཡིན་ལ།
ཁྱེད་ཀྱིས་ང་ཚོར་བཅངས་པའི་ཐུགས་རེ་རྣམས་བསྐངས་དང་སྐོང་བཞིན་ཡོད།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོར།
དཔེ་སྟོན་དགེ་སློབ་ཡོངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང།
ཁྱེད་ཀྱི་མཛད་འཕྲིན་མི་ནུབ་བརྟན་པོར་གནས་པར་སྨོན།