དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་།

༄༅། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་ངའི་བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་རོ། ཞེས་ལུང་བསྟན་པ་ལྟར། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པའི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། ཁྲི་བཙན་ཀྱི་དུས་སུ་དམ་ཆོས་བོད་སྐད་ལ་བསྒྱུར།ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་དར། ཁྲི་རལ་གྱི་དུས་སུ་བསྟན་པ་རྒྱ་ཆེར་དར་མོད་ཀྱང་། གླང་དར་གྱི་བྱེད་སྤྱོད་ལ་བརྟེན་ནས་དབུས་གཙང་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྣུབས། སླར་ཡང་མདོ་ཁམས་སྨད་ནས་མཆེད་དེ་དབུས་གཙང་དུ་བསྟན་པ་དར།
བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱ་གར་ནཱ་ལེནྡྲའི་པཎ་ཌི་ཏ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཤིང་། བསྟན་པ་ལ་དག་ཐེར་མཛད་དེ་ཡང་དག་པའི་ཆོས་ཀྱི་སྣང་བས་བོད་ཁམས་ཁྱབ། དེ་ནས་བཟུང་ཆོས་ཀྱི་འཕྲིན་ལས་ལ་བརྟེན་ནས་སྲིད་ཀྱི་ཁ་ལོ་ཡང་ངམ་ངམ་ཤུགས་ཀྱིས་དབང་བསྒྱུར་བར་མཛད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར།
གནས་དང་དུས་ཀྱི་དབང་གིས་སྲིད་ཀྱི་ཁ་ལོ་བསྒྱུར་བའི་སྐབས་ལྔ་རུ་ཕྱེས་པ་དེ་དག་ཀྱང་ཕྱིའི་རྣམ་པ་སྲིད་དབང་འཕྲོག་རྩོད་དང་། གྲུབ་མཐས་འཐེན་འཁྱེར་ཙམ་དུ་གྱུར་ཀྱང་། རྩ་བའི་ཆ་ནས་ནང་པའི་བསྟན་པ་ལ་སྙིང་ནས་དད་ཅིང་། ལས་འབྲས་ལ་བློ་སྙིང་བྲང་གསུམ་གཏོད་པའི་མི་རིགས་ཤིག་ཡིན་པ་བསྙོན་དུ་མེད་སྟབས།
དེའི་ཤུགས་རྐྱེན་གྱིས་ད་ལྟའང་ཕྱིའི་བཙན་སྐུལ་ལ་མ་བལྟོས་པར་དགེ་བཅུའི་ཁྲིམས་རང་སྲུང་དང་། བརྩེ་བ་བཅོས་མིན་དུ་འཁྲུངས་པའི་ཉེར་ལེན་གྱིས། སངས་རྒྱས་ཀྱི་བསྟན་པ་ཡང་དག་པར་དར་ཞིང་། ནང་བསམ་བློའི་བདེ་སྐྱིད་ཟད་པ་མེད་པར་གནས་སོ།
དུས་རབས་ཉི་ཤུ་པའི་དུས་འགོ་རུ་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་དེང་རབས་གོ་མཚོན་གྱིས་སྙིང་སྟོབས་ཡོངས་སུ་གསོས་པའི་སྟོབས་ཆེན་རྒྱལ་ཁབ་དུ་མས་ཉམ་ཆུང་མི་རིགས་རྣམས་ཟ་འགོ་བརྩམས། དུས་མཚུངས་སུ་བོད་ཆོས་ལྡན་གྱི་ཞིང་ཁམས་སུའང་ཕྱིའི་རྒྱལ་ཁབ་ལྔའི་འདྲེ་ལག་རིང་དུ་བརྐྱངས་པའི་འཐབ་རྩོད་ཁྲོད། རྒྱ་ནག་དམར་པོའི་གཞུང་ལ་རྒྱལ་ཁ་ཐོབ་སྟེ།
བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཁྱུར་མིད་བྱས། རྐྱེན་དེ་ཡིས་བོད་རང་དབང་སླར་གསོ་དང་། སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་༸གོང་ས་༸རྒྱལ་བའི་དབང་བོ་མཆོག་སྐུ་འཁོར་དང་བཅས་རྒྱ་གར་འཕགས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཡ་མ་བྲལ་བའི་མཛད་འཕྲིན་བླ་ན་མེད་པ་སྐྱོང་སྐབས།
རབ་བྱུང་བ་རྣམས་རིག་གནས་དང་སྲིད་ཕྱོགས་ལ་རྒྱུས་མེད་པས་ལམ་སྟོར་བའི་མགྲོན་པོ་ལྟར་གྱུར་བ་དང་། ཁྱིམ་པ་རྣམས་ཆབ་སྲིད་ལ་ཤས་ཆེར་ཕྱོགས་ནས་ཆོས་ཀྱི་གནད་ལ་མུན་སྲོས་པའི་སྐབས། ༸གོང་ས་༸རྒྱལ་བའི་དབང་པོའི་འཕྲིན་ལས་ཀྱི་གདུགས་དཀར་བོ་མཁའ་ཁྱབ་ཏུ་སྒྲེང་བའི་ནུས་མཐུ་དང་སྙིང་སྟོབས་ལྡན་པ།
ཆོས་སྲིད་རིག་གནས་དང་བཅས་པ་ནམ་ལངས་པ་ལྟ་བུའི་རྣམ་དཔྱོད་འགྲན་ཟླ་མེད་པ། མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས། ཕྱི་ནང་བོད་མི་ཡོངས་ཀྱི་བསྟན་སྲིད་ཀྱི་ལ་རྒྱ་དང་། སྒོས་སུ་༸གོང་ས་༸རྒྱལ་བའི་དབང་པོའི་བཞེད་དགོངས་བླ་ན་མེད་པ་བསྒྲུབ་ཕྱིར།
ཆོས་སྲིད་ཟུང་འབྲེལ་གྱི་འགན་འཁྲི་བཀའ་བློན་ཁྲི་པའི་མཚན་གྱི་མེ་ཏོག་བརྩེ་བས་བདག་གིར་བཞེས་པ་ན། བོད་དམངས་གཙོ་ཡང་དག་པ་དང་དོན་དང་ལྡན་པའི་སྙན་གྲགས་བ་དན་དཀར་པོ་སྲིད་གསུམ་དུ་གཡོ་བ་མ་ཟད། འཛམ་གླིང་ཆེ་དགུའི་ལུང་གིས་བསྔགས་པའི་གསེར་གྱི་གླེགས་བུ་ཡང་ཆར་དུ་བསྙིལ་བར་བྱེད་ལ། ཆོས་ལ་སྡང་བའི་སྲིན་བྱ་རྣམས་ཅང་མེད་སྟོང་བའི་དབྱིངས་སུ་བྲོས་ཤིང་།
ཆོས་ལུགས་འཐེན་འཁྱེར་གྱི་སྦྲང་མའི་གླུ་སྐད་དག་བདེན་ཚིག་འབྲུག་སྒྲའི་དབྱངས་ཀྱིས་ཟིལ་གནོན་མཁས་པའི་མཛད་པ་ནི། མཁས་དབང་འབུམ་ཕྲག་དུ་མས་ཆ་ཙམ་ཡང་བསྒྲུན་ནུས་པ་ལྟ་ཅི། ལད་མོ་ཙམ་ཡང་མི་འོང་བ་མངོན་སུམ་གྱིས་གྲུབ་པས།
གཟུར་གནས་བློ་ལྡན་ཡོངས་ཀྱིས་དགའ་བསུ་དང་ལེགས་སོའི་མི་ཏོག་དཀར་པོའི་ཕྲེང་བ་ཕྱོགས་མཚམས་སྟེང་འོག་མུ་མེད་ཀྱི་མཐར་སྤྲོས་པ་ད་དུང་ཡང་ཉམས་པ་མེད་པར་གནས་པ་ལགས་ན། སྤྱིར་འཛམ་གླིང་མི་དམངས་ཡོངས་དང་ཁྱད་པར་དུ་བོད་གངས་ཅན་གྱི་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཀྱི་འོད་སྣང་འདྲེན་པའི་བྱེད་པོར་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་ཏུ་བརྟན་ཅིང་དགེ་བའི་སྨོན་འདུན་དང་བཅས།
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་རབ་གནས་ཤིང་རྟ་ལོའི་བོད་ཟླ་ ༠༨ ཚེས་ ༡༤ ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༠༧ ཉིན་ཕུལ་བ་དགེ་ལེགས་སུ་གྱུར་ཅིག