དགའ་ལྡན་ཕོ་བྲང་རྗེས་དྲན་དང༌མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་འཚོལ་བ།

ཕྱི་ལོ་༢༠༠༢ ཟླ་༡༠ ཚེས་༥ ཉིན་བོད་གཞུང་དགའ་ལྡན་ཕོ་བྲང་གི་རླབས་ཆེན་ལོ་རྒྱུས་ལ་རྗེས་དྲན་དང༌། མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་གནང་བའི་གསུང་བཤད།

༄༅།། ད་རིང་འདིར་ཕེབས་པའི་བཀའ་བློན་རྣམ་པ་དང༌། བཀུར་འོས་སྤྱི་འཐུས་རྣམ་པ། དྲུང་ཆེ་ཁག་གིས་མཚོན་པའི་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་སེར་སྐྱ་མི་མང་ཚང་མར་ཞུ་རྒྱུར། ཟླ་ཤས་གོང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་རིམ་ནང་དེ་རིང་གི་གསུང་བཤད་ལས་རིམ་འདིའི་ཐོག་སྐད་ཆ་ཤོད་རྒྱུའི་རེ་སྐུལ་བྱུང་ཡང༌། གཞུང་གི་ལས་དོན་མང་བའི་རྐྱེན་གྱིས་དེ་རིང་གཏམ་བཤད་ཀྱི་བརྗོད་གཞི་དང༌། བརྗོད་ཚིག་ཐད་བསམ་བློ་གཏོང་རྒྱུ་དང༌། གོ་སྒྲིག་ཞུ་རྒྱུའི་དུས་ཁོམ་མ་བྱུང་བར་བརྟེན། ཐོག་མར་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན། དེ་རིང་གི་བརྗོད་གཞིའི་ནང་དོན་གནད་ཧ་ཅང་གཏིང་ཟབ་པོ་གཉིས་བཞག་འདུག དེ་ནི་དགའ་ལྡན་ཕོ་བྲང་གི་བྱུང་རིམ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། མ་འོངས་པའི་གཞུང་གི་ལངས་ཕྱོགས་ག་འདྲ་ཞིག་ལ་འགྲོ་དགོས་མིན་དེ་གཉིས་རེད།

བརྗོད་གཞི་འདི་གཉིས་ཀ་རང་རེར་ལྐོག་གྱུར་ལྟ་བུ་ཆགས་ཡོད། གཅིག་ནི་འདས་པ་ཡིན་པ་དང༌། འདས་པའི་བྱུང་བའི་གནས་ཚུལ་འབྲི་མཁན་ཚོས་རང་ཉིད་འཚོ་བའི་སྐབས་དེ་དང་དེའི་སོ་སོའི་འདོད་ཚུལ་གཞིར་བཟུང་ནས་བྲིས་པ་དང༌། དེ་ཡང་ལེགས་པའི་ཆ་གཙོ་བོར་བཟུང་ནས་བྲིས་པ་མང་བ་ཡོད། དེར་བརྟེན་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས་འདས་པའི་གནས་ཚུལ་ཇི་མ་ཇི་བཞིན་ཆ་ཚང་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན། གངས་རི་ཞིག་ལ་མཚོན་ན། གངས་ཤུལ་གསར་པའི་ཐོག་མི་ཞིག་གིས་གོམ་བགྲོད་བྱས་པ་ཡིན་ན་རྐང་རྗེས་གསལ་པོ་མཐོང་ཐུབ་རྒྱུ་ཡིན་ཡང༌། རྗེས་སུ་གངས་རི་དེར་ཁ་བ་ཡང་ཡང་བབས་པ་དང༌། རླུང་འཚུབ་བརྒྱབས་པ་སོགས་ཀྱིས་རྐང་རྗེས་དེ་དག་ཟུབ་འགྲོ་བ་རེད། རྗེས་སུ་རྐང་རྗེས་དེ་དག་གལ་ཏེ་བཙལ་དགོས་བྱུང་ན་འགའ་ཞིག་རྙེད་སྲིད་ཀྱང་ཆ་ཚང་རྙེད་རྒྱུ་ཁག་པོ་ཡིན། ལོ་རྒྱུས་རིག་པའམ་བྱུང་བའི་གནས་ཚུལ་ནི་དེ་ལྟར་ཆགས་ཡོད།

མང་ཆེ་བ་ཚོད་དཔག་བྱེད་རྒྱུ་དང༌། དེའི་ཐོག་རང་གི་ལྟ་ཚུལ་འགྲེལ་བཤད་བརྒྱབས་ཏེ་གུང་སྒྲིག་ཡོང་གི་ཡོད། འདས་པའི་ལོ་༣༦༠ རིང་གང་བྱུང་བའི་གནས་བབ་ལ་རང་རེས་ཕྱོགས་བསྡོམས་བྱེད་རྒྱུ་འདི་ལས་སླ་པོའི་གནས་ཚུལ་ཞིག་གཏན་ནས་མིན། ལྷག་པར་མ་འོངས་པའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་ཏེ་ཚོད་དཔག་བྱེད་རྒྱུ་ནི་དེ་བས་དཀའ་ངལ་ཆེ་བ་ཡོད། མཚན་ཉིད་པས་མ་འོངས་པ་ལ་གོ་རིམ་མེད་ཅེས་པའི་གསུང་རྒྱུན་ཞིག་ཡོད། མ་འོངས་པ་ལ་གོ་རིམ་མེད་སྟབས་ང་ཚོས་གོ་རིམ་ཞིག་བསྒྲིགས་ཀྱང་དེ་ནི་རྨི་ལམ་ཙམ་ཞིག་ཡིན། བརྒྱ་ཆ་ཇི་ཙམ་འགྲུབ་ཀྱི་ཡོད་པ་དང་ཇི་ཙམ་འགྲུབ་ཀྱི་མེད་པ་ཐག་བཅད་ནས་བརྗོད་རྒྱུ་ཁག་པོ་ཡིན།

འོན་ཀྱང་རང་ཅག་འགྲོ་བ་མི་ཞིག་ཡིན་པ་དང༌། འགྲོ་བ་མིའི་རྣམ་དཔྱོད་ནི་སེམས་ཅན་གཞན་དག་ལས་ཁྱད་དུ་འཕགས་པ་ཡོད། འགྲོ་བ་མིར་བླང་དོར་འབྱེད་པའི་ཤེས་རབ་ཡོད་པ་ཡིན། ཤེས་རབ་འདི་བེད་སྤྱོད་གཏོང་སྐབས་ག་དུས་ཡིན་ཡང་འདས་པ་དང༌། མ་འོངས་པའི་གནས་ཚུལ་ཐོག་འགྲོ་བ་མ་གཏོགས། ད་ལྟ་བར་ཧ་ལམ་མི་གནས་པ་ལྟ་བུའི་མིའི་གཤིས་རྒྱུད་ཅིག་ཡོད། ཇིདྡཱུ་ཀྲྀཥ྄ཎམཱུརྟིའི་ལྟ་བའི་རྣམ་གཞག་མཐར་ཐུག་པ་ཚིག་གཅིག་ནང་བསྡུས་ནས་བརྗོད་ན། སེམས་ད་ལྟ་བས་ཡུལ་ད་ལྟ་བ་མཐོང་ཐུབ་ཀྱི་འདུག་གམ་ཞེས་དྲིས་ན། དེ་མཐོང་ཐུབ་རྒྱུ་ཁག་པོ་ཡིན་པའི་ངོས་འཛིན་གནང་ཡོད། བློས་ཡུལ་ལ་དཔྱད་པའི་ཚེ་འདས་པའི་རྗེས་བསྙེགས་ནས་འགྲོ་བའམ། ཡང་ན་མ་འོངས་པའི་སྔོན་བསུས་ནས་འགྲོ་བ་མ་གཏོགས། རྫོགས་ཆེན་པའི་གསུང་རྒྱུན་ལྟར་ད་ལྟ་བའི་ཤེས་པ་སོ་མ་ལ་རང་སྟོབས་ཀྱིས་འཇུག་པ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་རང་རེས་བརྗོད་གཞི་གང་ཞིག་བཞག་ཀྱང་བརྗོད་གཞི་དེའི་འདས་པ་དང༌། མ་འོངས་པའི་རྗེས་བསྙེགས་ནས་འགྲོ་བ་ལས་ད་ལྟ་བ་འདི་བརྗོད་གཞི་མིན་པ་ལྟ་བུ་མཐོང་གི་ཡོད།

དེར་བརྟེན་རྩོམ་སྒྲིག་པ་ཚོས་ཀྱང་ད་ལྟ་བའི་སྐོར་མང་པོ་འབྲི་སྲོལ་མེད་པས། ད་ལྟ་བའི་གནས་ཚུལ་རྣམས་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པའི་རྗེས་གསལ་པོ་ཤེས་རྟོགས་མི་ཐུབ་པ་ཆགས་ཀྱི་ཡོད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་ནང་དུའང་བོད་མི་ཚོས་ད་ལྟ་བའི་གནས་ཚུལ་ཞྭ་གོས་སོགས་དེབ་ཐེར་ནང་འགོད་རྒྱུའི་བསམ་བློར་འཁོར་གྱི་མེད་ཅེས་གསུངས་ཡོད་པ་དངོས་གནས་རེད། འོན་ཀྱང་མིའི་བསམ་བློའི་འགྲོ་ཕྱོགས་འདི་གོང་དུ་ཞུས་པ་ལྟར་འདས་པའི་གནས་ཚུལ་གྱི་རྗེས་སུ་འཇུག་རྒྱུ་དང༌། ཡང་ན་མ་འོངས་པའི་སྔོན་བསུ་བའི་བསམ་བློའི་གཏོང་ཕྱོགས་ཐོག་མཐའ་གཅིག་ཏུ་གོམས་པའི་དབང་གིས་རང་ཤུགས་སུ་འཇུག་གི་ཡོད་སྟབས། དེའི་ནང་མ་གནས་ཐབས་མེད་ཡིན།

ལོ་༣༦༠ ཡི་འདས་པའི་བྱུང་རབས་ལ་ཕྱི་མིག་ལྟ་སྐབས་བསམ་བློ་ཞིག་བཏང་ན་དུས་ཚོད་དེ་ཙམ་རིང་པོ་མིན། ད་ལྟ་འཚོ་ཞིང་གནས་པའི་མི་རང་ལོ་དྲུག་ཅུ་སོན་པ་ཞིག་གིས་བསམ་བློ་བཏང་ན་ལོ་༣༦༠ ནང་ནས་ལོ་༦༠ འདི་རང་གི་མི་ཚེའི་ནང་གི་ཉམས་མྱོང་ཞིག་ཡིན། ལོ་༣༦༠ ནང་གི་བརྒྱ་ཆ་གང་མཚམས་ཤིག་རང་གི་མི་ཚེའི་ནང་བྱུང་བའི་ལོ་རྒྱུས་ཆགས་ཡོད། ད་ལྟ་འདིར་སྐད་ཆ་ཤོད་མཁན་གྱི་གང་ཟག་ང་རང་ལ་མཚོན་ན་འཛམ་གླིང་དམག་ཆེན་གཉིས་པའི་དུས་མཇུག་གི་ལོ་རྒྱུས་དང༌། སྤྱི་ཚོགས་གནས་སྟངས་ཀྱི་དུས་ཚོད་ཐུང་ངུ་ཞིག་མཐོང་ཡོད། དེ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་འོག་རྒྱ་མི་དང་མཉམ་དུ་ལོ་བརྒྱད་ལྷག་ཙམ་གནས་པའི་སྐབས་ཀྱི་གནས་ཚུལ་གྱི་མྱོང་ཚོར་ཟབ་པོ་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་འོག་ས་གནས་སྲིད་གཞུང་གི་སྤྱི་ཡོངས་དབང་ཚད་དང༌། ལྷག་པར་ྋརྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྲོལ་རྒྱུན་མཚན་མཐོང་དང༌། གོ་གནས་སྐུ་དབང་གང་ལའང་འགྱུར་བ་གཏན་ནས་མི་གཏོང་ཞེས་པའི་ཆ་རྐྱེན་འོག་ལོ་བརྒྱད་ཕྱིན་པའི་སྐབས་སུ་གནས་ཚུལ་གྱི་འཕེལ་ཕྱོགས་ཇི་འདྲ་ཞིག་གི་ཐོག་གནས་ཡོད་པ་མྱོང་ཚོར་གསལ་པོ་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་དང༌། དེའི་སྐབས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག ཟླ་བ་བཅུ་ལྷག་ཙམ་རྗེས་བོད་དུ་ཆིབས་ཞལ་སྒྱུར་སྐབས་སུ་བོད་ཀྱི་ཁོར་ཡུག་གནས་སྟངས་མི་འདྲ་བ་གང་ཞིག་བྱུང་ཡོད་མེད། དེའི་རྗེས་ྋརྒྱལ་བ་ཡབ་སྲས་རྣམ་གཉིས་རྒྱ་གར་དུ་ཆིབས་སྒྱུར་གནང་བའི་བྱུང་རིམ་སོགས་ད་ལྟའི་དུས་སྐབས་སུ་དེ་དག་འདས་པའི་བྱུང་རབས་ཀྱི་གནས་ཚུལ་དུ་གྱུར་ཡོད་ཀྱང༌། ད་ལྟ་མི་གཅིག་གི་མི་ཚེའི་ནང་གི་མྱོང་ཚོར་དངོས་ཀྱི་བྱུང་རིམ་ནང་གནས་ཡོད།

དགའ་ལྡན་ཕོ་བྲང་གི་བྱུང་རབས་ཀྱི་གནས་བབ་ལ་ཕྱོགས་བསྡོམས་བྱེད་སྐབས་རང་ཉིད་ཀྱིས་མཐོང་བའི་གནས་ཚུལ་གྱི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་བསྟན་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཙན་བྱོལ་དུ་ཆིབས་སྒྱུར་མ་གནང་བར་གྱི་ལོ་བརྒྱད་དགུ་རིང་གི་དགའ་ལྡན་ཕོ་བྲང་གཞུང་གི་གནས་སྟངས་དེ་ཕལ་ཆེར་དེའི་གོང་གི་ལོ་སུམ་བརྒྱ་ཐམ་པར་ཕྱི་མིག་ལྟ་བའི་དཔེ་མཚོན་བྱས་ན་ལེགས་ཤོས་ཡིན་སྙམ། ཕྱི་ལོ་༡༩༥༩ ལོའི་རྗེས་ཀྱི་གཞུང་གི་གནས་སྟངས་འདི་འདས་པའི་ལོ་སུམ་བརྒྱ་ཐམ་པའི་བྱུང་རབས་ལ་ཕྱི་མིག་ལྟ་བའི་དཔེ་མཚོན་བཟུང་ན་དོན་ལ་གནས་རྒྱུ་ཁག་པོ་ཡིན། གང་ཡིན་ཞེ་ན། འགྱུར་བ་ཆེན་པོ་ཕྱིན་ཡོད། འགྱུར་བ་དེ་དག་ནང་མང་པོ་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་རང་རེས་དྭང་དུ་བླངས་ཏེ་འགྱུར་བ་བཏང་བ་དང༌། འགྱུར་བ་ཁ་ཤས་དུས་ཀྱི་འགྱུར་བའི་ཐོག་ནས་མ་བཏང་མཐུ་མེད་བྱུང་བའང་ཡོད། ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཇི་འདྲ་ཞིག་ཡོད་ཀྱང་ང་རང་ཚོས་དེའི་གོ་དོན་མ་རྟོགས་པར་འགྱུར་བ་གཏོང་མ་ཐུབ་པར་ལུས་པ་དེ་འདྲ་བཅས་སྣ་ཚོགས་ཡོད། འདི་ནི་བར་སྐབས་ལོ་༤༣ གྱི་གནས་སྟངས་ཀྱི་བྱུང་བའི་གནས་ཚུལ་རེད། འདི་ལོགས་སུ་ཕྱེ་ནས་དེའི་སྔོན་གྱི་དགའ་ལྡན་ཕོ་བྲང་གི་བྱུང་རིམ་ལ་བལྟས་ན་ང་རང་ལྟ་བུས་ཚོད་ཐིག་པོ་ཞིག་གི་ཐོག་ནས་བརྗོད་རྒྱུ་ཧ་ཅང་དཀའ་བའི་གནས་ཚུལ་ཆགས་ཡོད།

ལོ་བརྒྱ་ཕྲག་གསུམ་བརྒལ་བའི་རིང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་སྐྱོང་སྟངས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌། བོད་ཀྱི་རིག་པའི་གཞུང་ལུགས། ལྷག་པར་ནང་དོན་རིག་པའི་གཞུང་ལུགས་ཀྱི་སློབ་གཉེར་གྱི་སྲོལ་རྒྱུན་རྣམས་མི་ཉམས་གཅེས་འཛིན་བྱས་པ་མ་ཟད། ཡར་རྒྱས་གོང་འཕེལ་ཧ་ཅང་ཆེན་པོ་བཏང་ཐུབ་པ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་བོད་ཀྱི་མི་རིགས་འདི་འཛམ་གླིང་ནང་འབུར་དུ་ཐོན་པའི་རིག་གཞུང་གི་རིན་ཐང་དང་ལྡན་པར་ངོས་ལེན་ཡོང་བཞིན་པ་འདི་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་གཞུང་འདི་བསམ་གྱིས་མི་ཁྱབ་པའི་སྲིད་གཞུང་བཟང་པོ་ཞིག་དང༌། དེའི་དབང་བསྒྱུར་ལ་བརྟེན་ནས་ཆབ་འབངས་རྣམས་ཆོས་སྲིད་གཉིས་ཀའི་འཚོ་བ་བཟང་པོ་ལ་ལོངས་སྤྱོད་ཐུབ་པ་བྱུང་ཡོད་པ་ནི་བསྔགས་པར་འོས་པ་ཡིན་པར་འགྲེལ་བཤད་རྒྱག་ཐུབ། ཡང་ཞན་ཆའི་གནས་ཚུལ་ནས་བལྟས་པ་ཡིན་ན་དུས་ཡུན་དེའི་ནང་ནུབ་གླིང་ཡོ་རོབ་ནང་འགྱུར་བ་ཇི་ཙམ་ཕྱིན་ཡོད་པ་དང༌། ལྷག་པར་བོད་དང་ས་འབྲེལ་གྱི་རྒྱལ་ཁབ་རྒྱ་ནག་དང༌། རྒྱ་གར། ཨཕ་ག་ནི་སི་ཏན་སོགས་ཀྱི་ནང་འགྱུར་བ་ཇི་ཙམ་བྱུང་བ། དེ་བཞིན་འཛམ་གླིང་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་བ་ཆེན་པོ་ཕྱིན་པའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་པ་ཚོས་གཡས་བལྟ་གཡོན་བལྟ་གང་ཡང་མ་བྱས་པར་བོད་ཀྱི་ས་ཁུལ་ཁུག་ཀྱོག་ནང་ཟུར་དུ་བསྡད་ནས་མཐའ་མ་ཕྱི་ལོ་༡༩༥༠ ལོར་བོད་ནང་རྒྱ་དམར་གྱིས་བཙན་འཛུལ་བྱེད་སྐབས་བོད་ཀྱི་མིང་ཡང་གོ་མ་མྱོང་བའི་རྒྱལ་ཁབ་མང་པོ་ཡོད་པ་དང༌། དེ་དག་ལ་བོད་ཅེས་པའི་རྒྱལ་ཁབ་ཅིག་ཡོད་པ་ས་ཁྲའི་ཐོག་ནས་ངོ་སྤྲོད་ཀྱིས་འགྲེལ་བརྗོད་བྱེད་ན་མ་གཏོགས། རྒྱུས་མེད་པ་མང་བའི་དབང་གིས་མཐའ་མ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་སྐབས་དེར་བོད་དོན་བགྲོ་གླེང་བྱུང་སྐབས་གནས་ཚུལ་ཆ་ཚང་བ་གསལ་པོ་མི་འདུག་ཅེས་ཐག་གཅོད་གང་ཡང་མེད་པར་བགྲོ་གླེང་བར་མཚམས་བཞག་དགོས་པའི་བློ་ཕམ་གྱི་གནས་ཚུལ་བྱུང་ཡོད། བར་སྐབས་དེར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཡོད་པ་མ་ཟད། འགའ་ཤས་ཀྱིས་བོད་དང་མཉམ་དུ་གཞུང་ཚབ་ཀྱི་འབྲེལ་བ་དང་ཆིངས་ཡིག་ཡོད་པ་རྒྱུ་མཚན་དུ་བཀོད་ནས་རྒྱལ་ཚོགས་ནང་ཚུད་པའང་བྱུང་ཡོད་ཀྱང༌། བོད་ནི་ཁེར་རྐྱང་ཟུར་དུ་ལུས་ནས་ཆབ་སྲིད་ཀྱི་ཐོག་གོམ་པ་གང་ཡང་མ་སྤོས་པའི་གནས་ཚུལ་དེ་དག་ལ་ཕྱིར་བལྟས་ཀྱི་ཐོག་ནས་ཞིབ་བཤེར་དང་བཟང་ངན་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་བརྩི་ན་བརྒྱ་ཆ་ལོན་རྒྱུ་དཀའ་བ་ཆགས་ཡོད།

བོད་རྒྱ་གཉིས་ནི་ལོ་སྟོང་ཕྲག་མང་པོའི་རིང་ནས་ཕན་ཚུན་འབྲེལ་བ་ཡོད་པ་དང༌། མེལ་སྟོང་ཕྲག་མང་པོའི་ས་མཚམས་འབྲེལ་བའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཡིན་ནའང༌། རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱེད་པའི་སྐབས་རྒྱ་གར་གྱི་དབུ་ཁྲིད་ཚོའི་བསམ་བློའི་ནང་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་གཞག་ན་མ་གཏོགས། རང་བཙན་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ཁས་ལེན་བྱས་པ་ཡིན་ན། བོད་པས་རང་མགོ་འཐོན་གྱི་མ་རེད་སྙམ་པའི་བསམ་པའི་ནང་བག་ཆགས་གཏིང་ཟབ་ཅིག་བྱུང་ཡོད། དེ་ནི་སྐབས་དེའི་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་སྐྱོང་བྱེད་མཁན་གྱི་དབུ་ཁྲིད་ཚོའི་མཛད་ཕྱོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་མ་བྱས་ཐབས་མེད་ཡིན། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་ལོ་ཤས་རྗེས་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནེཧརཱུ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཐོག་མར་མཇལ་འཕྲད་བྱུང་བའི་སྐབས་ནེཧརཱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཇལ་འཕྲད་ཞུ་རྒྱུ་དེ་ལོ་ལྔ་དྲུག་ཙམ་གྱིས་ཕྱིས་དྲགས་སོང་ཞེས་གསུངས་ཚུལ་རྒྱ་གར་བའི་ངག་རྒྱུན་དུ་ཡོད། དེ་ནི་ནེཧརཱུས་ཐོག་མ་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་པའི་སྐབས་ྋགོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་བོད་ལ་མེད་པ་གཞིར་བཞག་བྱས་པ་མཚོན་ཐུབ། ཕྱི་ལོ་༡༩༡༣།༡༩༡༤ ལོར་སིམ་ལའི་ཆིངས་ཡིག་སྐབས་དབྱིན་ཇིའི་གཞུང་གིས་རྒྱ་མིས་བོད་ཐོག་Suzerainty ཞེས་མིང་ཙམ་གྱི་མངའ་དབང་ཡོད་པ་ཁས་ལེན་དགོས་པའི་ཨུ་ཚུགས་མཐའ་བསྐྱལ་བྱས་པའི་རྒྱུ་མཚན་ཡང༌། བོད་དེ་རྒྱལ་ཁབ་ཆེ་བ་ཞིག་དང་མཉམ་དུ་མ་སྦྱར་བ་ཡིན་ན་རང་རྐྱ་འཕེར་བའི་ཐོག་ནས་གནས་ཐུབ་ཀྱི་མེད་པའི་ཚོད་དཔག་བྱས་ཡོད།

གནས་ཚུལ་དེ་དག་ལ་གཞིགས་ན་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་གསལ་པོ་རེད། མདོ་དོན་འདས་པའི་ལོ་༣༦༠ རིང་གི་བོད་གཞུང་གི་ལས་དོན་ལ་ཕྱོགས་ཡོངས་ནས་བསྡོམས་ཤིག་བརྒྱབ་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་དང༌། རིག་གནས་ཡར་རྒྱས་ཀྱི་ཆེད་དུ་ལས་དོན་གང་བསྒྲུབ་དགོས་པ་རྣམས་ཆ་ཚང་བསྒྲུབས་ཐུབ་པ་བྱུང་ཡོད་པ་དེ་ནི་དགའ་ལྡན་ཕོ་བྲང་གི་གཞུང་མ་བྱུང་གོང་གི་བོད་ཀྱི་གཞུང་གཞན་དག་ལས་ཧ་ཅང་ལེགས་པ་དང༌། ཚགས་ཚུད། སྲ་བརྟན། གཞི་རྒྱ་ཆེ་བ་བཅས་བྱུང་ཡོད། དེ་ལ་བརྟེན་ནས་བོད་ལ་ལོ་རྒྱུས་ཀྱི་གོད་ཆགས་ཆེ་ཤོས་བྱུང་བའི་སྐབས་སུའང་འཛམ་གླིང་གི་མི་ཕལ་མོ་ཆེས་བོད་ལ་འཕྲལ་དུ་དོ་སྣང་བྱེད་དགོས་པ་དང༌། རྒྱབ་སྐྱོར་བྱེད་དགོས་པ། རྒྱ་ནག་གཞུང་གི་སྟོབས་ཤུགས་ལ་བལྟས་ན་ཉིན་ཤས་ནང་བོད་ཀྱི་གནས་ཚུལ་ནག་འབྱམས་སུ་གཏོང་ཐུབ་ཚོད་དུ་ཡོད་ནའང༌། འདས་པའི་ལོ་༥༠ ལྷག་གི་རིང་འཛམ་གླིང་ནང་རྒྱ་ནག་དང་ཁ་གཏད་བཅའ་ནས་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་དགའ་ལྡན་ཕོ་བྲང་པའི་གཞུང་འདིས་བསྐྲུན་ཡོད་སྟབས། བཀྲིན་ཧ་ཅང་ཆེན་པོ་ཡིན་པས་རང་ཅག་རྣམས་ཀྱིས་བཀྲིན་རྗེས་དྲན་ངེས་པར་དུ་བྱེད་དགོས།

ལྷག་པར་དུ་དུས་རབས་བཅུ་དྲུག་བཅུ་བདུན་པའི་སྐབས་ཀྱི་ཡོ་རོབ་དང༌། ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཇི་འདྲ་ཞིག་ཡིན་ཡང་རུང༌། ཡང་ན་ཁྱིམ་མཚེས་རྒྱ་གར་ནང་ཡོད་པའི་རྒྱལ་ཕྲན་དྲུག་བརྒྱར་ཉེ་བས་དབང་སྒྱུར་བྱས་པའི་རྒྱལ་ཁབ་རྣམས་དང་བསྡུར་བ་ཡིན་ན། ཆབ་སྲིད་དང་འཛིན་སྐྱོང་གི་ལམ་སྲོལ་གང་ཐད་ནས་སྐབས་དེའི་རྒྱལ་ཁབ་ཁག་གི་གཞུང་སྐྱོང་སྟངས་ལས་དགའ་ལྡན་ཕོ་བྲང་གི་གཞུང་སྐྱོང་སྟངས་དེ་ཁྱད་དུ་འཕགས་པའི་གསར་གཏོད་དང་ཡར་ཐོན་ཡོད་པ་དང༌། བསམ་རྒྱ་ཆེ་ལ་ཆབ་སྲིད་ཀྱི་གོ་རྟོགས་གཏིང་ཟབ་ཡོད་པ་ངོས་འཛིན་བྱས་ཐུབ། ལོ་༣༦༠ དེའང་ཆ་ཤས་ཕྱེ་ན། ཐོག་མའི་ལོ་བརྒྱ་ཙམ་རིང་ལེགས་ཤོས་བྱུང་ཡོད་པ་དང༌། དེ་ནས་རིམ་གྱིས་ཉམས་གུད་ཕྱིན་ཡོད། ལྷག་པར་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་ནས་བཅུ་གཉིས་པའི་བར་རྒྱལ་དབང་སྐུ་ཕྲེང་མང་ཙམ་ཞིག་སྐུ་ཚེ་ཡུན་རིང་མ་བརྟན་པ་དང༌། སྐུ་ཚེ་མ་བརྟན་པའི་རྒྱུ་རྐྱེན་ཡང་བོད་ཀྱི་སྲི་ཞུ་བ་དང་ཆབ་འབངས་ཚོའི་བྱེད་ལས་ལ་བརྟེན་ནས་བྱུང་ཡོད།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་ངལ་འཛེམས་མེད་ཀྱིས་བསྟན་པ་རྒྱས་ཐབས་དང༌། ཆབ་སྲིད་ཕྲ་ཚུགས་ཐབས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་ནའང༌། མཐའ་མ་རི་ལུག་པ་ཐག་པས་མི་འདུམས་པ་ལྟ་བུའི་གནས་ཚུལ་ཡོང་རྒྱུའི་མ་འོངས་སྔོན་གཟིགས་ཀྱིས་ཆུ་སྤྲེལ་ཞལ་གདམས་ནང་གསལ་པོར་བཀའ་གནང་ཡོད། ལོ་སུམ་བརྒྱའི་བརྒྱ་ཕྲག་མཐའ་མ་འདི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ནུས་པ་ཉམས་གུད་ཆེ་ཤོས་ཀྱི་དུས་ཚོད་ཡིན་པར་ངོས་འཛིན་བྱེད་ཆོག དེའི་རྗེས་ཀྱི་ལོ་༦༠ ཐམ་པ་ནི་རང་རེའི་མི་རབས་རྒན་པ་ཚོའི་མི་ཐོག་ཏུ་བྱུང་བ་མཐོང་ཆོས་མངོན་གྱུར་གྱི་གནས་ཚུལ་ཡིན་པར་བརྟེན། བཟང་ངན་ཇི་བྱུང་རང་རེའི་དྲན་ལམ་དུ་ཡོད་པ་ཡིན། དེ་ལྟར་དགེ་མཚན་ཆེ་བའི་ངོ་མཚར་རླབས་ཆེན་གྱི་ལོ་རྒྱུས་ཡོད་ལ། སྐྱོན་གནད་ཆེ་བའི་གནས་ཚུལ་ཡང་མང་པོ་ཞིག་བྱུང་ཡོད།

ང་ཚོས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབུ་བརྙེས་ནས་ལོ་༣༦༠ འཁོར་བའི་དུས་དྲན་བྱེད་དགོས་པའི་རྒྱུ་མཚན་ནི། ལོ་༣༦༠ རིང་ཆབ་སྲིད་དབང་འཛིན་པ་ཚོས་ནོར་འཁྲུལ་གཏན་ནས་བྱས་མེད་པར་ངོས་འཛིན་བྱས་ཏེ་དྲན་གསོ་བྱེད་ཀྱི་མེད། ལོ་རྒྱུས་ལ་དྲན་གསོ་བྱེད་སྐབས་སྐྱོན་གང་དང་གང་བྱུང་ཡོད་པ་དང༌། དགེ་མཚན་གང་དང་གང་བྱུང་ཡོད་པ་དེ་དག་ཕྱོགས་བསྡོམས་བྱས་ཏེ་འདས་པའི་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་མ་འོངས་པའི་འདུན་ལམ་ཐོག་དགེ་འདོན་སྐྱོན་སེལ་བྱེད་རྒྱུའི་ཆེད་དུ་དུས་དྲན་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བརྗོད་ན་ལོ་༣༦༠ བར་བོད་མིའི་གཞུང་ཞིག་རྒྱུན་མཐུད་དེ་གནས་ཐུབ་པ་དེའི་དབང་གིས་ཆབ་སྲིད་དང་ཁྲིམས་སྲོལ་གྱི་ནང་བོད་ཀྱི་ངོ་བོ་རྩ་བརླག་ཏུ་མི་འགྲོ་བའི་སྲོག་རྩ་ལྟ་བུར་གནས་པའི་དོན་སྙིང་རླབས་ཆེན་ཞིག་བྱུང་ཡོད། ལོ་རྒྱུས་ཀྱི་ནང་ལས་ཀྱི་སྣེ་མོ་བ་ཚོས་ནོར་འཁྲུལ་ཚབས་ཆེ་བཏང་ཡོད་པའི་དབང་དུ་བཏང་ཡང༌། སྤྱི་ཡོངས་ནས་ཁྲིམས་དང་ལམ་སྲོལ་གང་གི་ཆ་ནས་ཀྱང་གཞུང་གི་སྒྲོམ་གཞི་མི་ཉམས་རྒྱུན་འཛིན་བྱས་ཐུབ་པ་འདི་རྒྱུ་རྐྱེན་ཇི་འདྲ་ཞིག་ལ་བརྟེན་ནས་བྱུང་བ་དང༌། དེའི་སྲོག་རྩ་ག་འདྲ་ཞིག་ལ་གནས་ཡོད་པ་དེ་དག་ངོ་ཤེས་ན་བཀྲིན་རྗེས་དྲན་བྱེད་ཆོག་པ་དང༌། བྱེད་འོས་པ་ཞིག་ཆགས་ཡོད།

ཕྱོགས་གསུམ་པ་ཞིག་ནས་བལྟས་ན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་ས་ཁྱོན་དང་ཆབ་འབངས་ཡོངས་རྫོགས་དབང་དུ་བསྡུས་པའི་རྗེས་ཀུན་གཟིགས་ྋགོང་ས་ལྔ་པ་ཆེན་པོས་བོད་ཀྱི་སྲིད་དབང་བདག་གིར་བཞེས་ཏེ་དགའ་ལྡན་ཕོ་བྲང་གི་གཞུང་འཛུགས་རྒྱུའི་ཞལ་བཞེས་གནང་མེད་པ་ཡིན་ན། བོད་སྤྱིའི་གནས་བབ་ཧ་ཅང་ཉམས་དམའ་པོ་ཡོང་རྒྱུ་དང༌། རིང་པོར་མ་ཐོགས་པར་བོད་སོག་པོའི་མངའ་འོག་ཏུ་འགྲོ་རྒྱུ་གཏན་འཁེལ་བ་དང༌། གལ་སྲིད་སོག་པོའི་དབང་སྒྱུར་འོག་ཕྱིན་པ་ཡིན་ན་སླར་ཡང་བོད་སིལ་བུར་འཐོར་རྒྱུ་མ་གཏོགས། བོད་སོག་ཆིག་བསྒྲིལ་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུའི་རེ་བ་གཏན་ནས་མེད་པ་སྐབས་དེའི་བོད་སོག་གཉིས་ཀའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ན་གསལ་པོར་ཤེས་ཐུབ། དེ་འདྲའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་རང་གི་ཐུགས་འདོད་ཡོད་མིན་ལ་མ་ལྟོས་པར་སྙིང་སྟོབས་ཀྱི་གོ་ཆ་ཆེན་པོ་བཞེས་ཏེ་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་གི་ཐུགས་འགན་བཞེས་པ་ལ་བརྟེན་ནས་དུས་ད་ལྟའང་བོད་གངས་ཅན་གྱི་ལྗོངས་གོང་བུ་གཅིག་གྱུར་དུ་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་འདི་ནི་བཀྲིན་རྗེས་དྲན་བྱེད་འོས་པའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་ཡིན་པར་རང་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལོ་རྒྱུས་སྨྲ་བ་ཚོར་རང་རང་གི་མཐོང་ཚུལ་སྣ་ཚོགས་ཡོད་སྲིད་པ་རེད། སྐབས་དེའི་གནས་སྟངས་ཁྱོན་ཡོངས་ལ་བསམ་བློ་བཏང་བ་ཡིན་ན། དགའ་ལྡན་ཕོ་བྲང་གི་གཞུང་ཚུགས་ཐུབ་པ་འདིས་བོད་ཀྱི་མི་རིགས་དང༌། བོད་ཀྱི་རྒྱལ་ཁབ། བོད་ཀྱི་བསྟན་པ། བོད་ཀྱི་རིག་གཞུང་སོགས་ཐམས་ཅད་ལ་ཕན་ཐོགས་རླབས་ཆེ་བྱུང་ཡོད། འདས་པའི་བྱུང་བའི་གནས་ཚུལ་ལ་ངོས་འཛིན་དང༌། ཕྱོགས་བསྡོམས་དེ་ཙམ་ཞིག་ཡིན།

མ་འོངས་པའི་ལངས་ཕྱོགས་ག་འདྲ་ཞིག་དགོས་པའི་སྐོར་ངོས་ནས་གསལ་པོ་བརྗོད་མི་ཐུབ། ད་ལྟ་ང་ཚོའི་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་བློ་གཏད་བྱས་ཏེ་ལག་བསྟར་དང་མདུན་བསྐྱོད་བྱེད་བཞིན་པ་ཡིན་པས། མ་འོངས་པའི་འདུན་ལམ་ཡང་མང་ཚོགས་ཀྱིས་ཐག་གཅད་རྒྱུ་མ་གཏོགས། མི་རེ་གཉིས་ཀྱི་བསམ་ཚུལ་གྱི་ཐོག་ནས་ཐག་གཅོད་ཐབས་མེད་ལ། གལ་ཏེ་ཐག་བཅད་པ་ཡིན་ནའང་ལམ་དུ་འགྲོ་མི་ཐུབ། མ་འོངས་པར་གནས་ཚུལ་ཇི་འདྲ་ཞིག་ཡོང་མིན་ནི་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་རག་ལུས་ཡོད་ལ། ལྷག་པར་བོད་མི་ན་གཞོན་ཚོའི་འཚར་ལོངས་བྱེད་སྟངས་དང་འབྲེལ་བ་གཏིང་ཟབ་ཡོད། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་བོད་སྤྱི་ཡོངས་ཀྱི་མི་འབོར་དང་བསྡུར་ན་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན། བོད་མི་མང་ཆེ་བ་ད་ལྟའང་བོད་ཀྱི་ནང་དུ་ཡོད། དོན་དངོས་ཐོག་བོད་ཀྱི་བདག་པོ་བོད་ཀྱི་རྒྱ་ཆེ་མི་མང་རྣམས་རེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་མ་འོངས་པའི་བོད་ཀྱི་གནས་སྟངས་ནི་གཞིས་བཞུགས་བོད་རྒྱ་ཆེ་མི་མང་གིས་ཐག་གཅོད་བྱེད་དགོས་པ་ལས། ང་ཚོ་བྱེས་འབྱོར་བོད་མི་ཉུང་ཤས་ཀྱིས་ཐག་གཅོད་མི་ཐུབ་ཅེས་ཞི་བའི་དོན་ཚན་ལྔ་དང༌། སི་ཏྲས་སྦག་གྲོས་འཆར། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བཅས་ཚང་མའི་ནང་ཡོངས་གྲགས་ཀྱིས་བཀའ་གནང་ཡོད་པ་མ་ཟད། རྒྱུན་གྱི་དགོངས་བཞེས་ཉམས་བཞེས་ཀྱང་དེ་རང་རེད།

འོན་ཀྱང་གཞིས་བྱེས་གཉིས་ཀྱི་བོད་མིའི་དབར་ཁྱད་པར་ཞིག་ཡོད་པ་ནི། བོད་ནང་རྒྱ་དམར་བཙན་གནོན་འོག་འཚར་ལོངས་བྱས་པའི་བོད་མི་ན་གཞོན་ཚོར་སྤྱིར་མང་གཙོའི་ལམ་སྲོལ་དང༌། ཁྱད་པར་དེང་སྐབས་ཡར་ཐོན་ཅན་གྱི་ལུང་པ་མང་པོའི་ནང་ལག་ལེན་བྱེད་བཞིན་པའི་མང་གཙོའི་ལམ་སྲོལ་དང་ལྟ་གྲུབ་ཀྱི་སྐོར་མཐོང་ཐོས་མེད་ལ། ཉམས་མྱོང་ནི་དེ་བས་ཀྱང་མེད། རྒྱ་དམར་དབང་འཛིན་པས་ལྕགས་ཀྱི་ཡོལ་བའི་ནང་གསོ་སྐྱོང་དང་འཚར་ལོངས་བྱས་པ་ཡིན་སྟབས། ཁོང་ཚོའི་འཇིག་རྟེན་ལ་ལྟ་ཚུལ་དང་མཐོང་ཚུལ་ནི་རྒྱ་ནག་ནང་གི་གནས་སྟངས་ལ་ལྟ་ཚུལ་དང་མཐོང་ཚུལ་ལས་ལྷག་པ་ཞིག་གང་ཡང་མེད། རང་ཅག་བཙན་བྱོལ་བ་རྣམས་རང་དབང་གི་ལུང་པའི་ནང་ཕྱིའི་གནས་ཚུལ་མང་པོ་ཞིག་མཐོང་ཐོས་དང་ཤེས་རྟོགས་ཡོད་སྟབས། ང་ཚོ་ཉམས་མྱོང་དང་མཐོང་རྒྱ་ཐོས་རྒྱ་ཆེ་བ་ཡོད་པར་བརྟེན། བསམ་ཚུལ་བཤད་ཐུབ་པ་དང༌། ལམ་སྟོན་བྱེད་ཐུབ་པ། དཔེ་མཚོན་བསྟན་ཐུབ་པ་ཞིག་ཡོང་རྒྱུར་ྋགོང་ས་མཆོག་གིས་ཐུགས་རེ་གནང་གི་ཡོད། ང་རང་ལ་མཚོན་ན་དུས་རྒྱུན་དུ་མ་འོངས་པའི་བོད་ཀྱི་འདུན་ལམ་སྐོར་བློ་འཚབ་ཆེན་པོ་ཡོང་གི་འདུག བོད་རང་སྲིད་རང་སྐྱོང་གི་རྩོད་ལེན་བྱེད་མཁན་ཡིན་ནའང་འདྲ། ཡང་ན་རང་བཙན་གཙང་མའི་རྩོད་ལེན་བྱེད་མཁན་ཡིན་ནའང་འདྲ། གང་ལྟར་བསྒྲུབ་བྱའི་རྩ་དོན་འགྲུབ་རྒྱུར་གཞི་རྩའི་དཀའ་ངལ་ཆེན་པོ་ཡོད་པ་བཤད་མ་དགོས་ཀྱང༌། བོད་རང་དབང་ཐོབ་པའི་རྗེས་སུ་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་ངལ་ཆེ་བ་ཡིན། བོད་རང་སྲིད་རང་སྐྱོང་ངམ། ཡང་ན་རང་བཙན་གཙང་མ་བྱུང་བའི་རྗེས་ཀྱི་བོད་དེ་ཇི་འདྲ་ཞིག་བྱས་ཏེ་འཛིན་སྐྱོང་བྱེད་དགོས་པའི་གནད་དོན་གྱི་ཐོག་ཚང་མས་བསམ་བློ་ནན་པོ་ཞིག་གཏོང་དགོས་པ་ཡིན།

ད་ལྟའི་གནས་སྐབས་སུ་རང་སྐྱོང་དང་རང་བཙན་རྩོད་ལེན་བྱེད་མཁན་སུ་འདྲ་ཞིག་ཡིན་ཡང་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང༌། དེའི་འཛིན་སྐྱོང་བྱེད་སྟངས་སྐོར་མཐོང་སྣང་དང་འཆར་གཞི་གསལ་པོ་ཕལ་ཆེར་མེད་པ་ཞིག་མངོན་གྱི་འདུག དེ་ནི་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་བློའི་ནང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྐོར་ལྟ་གྲུབ་གསལ་པོ་དང་ཐག་ཆོད་པོ་ཞིག་གཏན་ནས་མེད་པར་བསམ་བློ་གུ་དོག་པོ་ཞིག་གི་ནང་འབྱུང་འགྱུར་ལོ་སྟོང་ཕྲག་གཅིག་ཙམ་གྱི་ནང་འཛམ་གླིང་འདིར་འཕོ་འགྱུར་ཇི་འདྲ་ཞིག་ཡོང་སྲིད་པ་དང༌། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་མ་འོངས་པའི་གནས་སྟངས་ཇི་འདྲ་ཞིག་ཆགས་སྲིད་པ། ལྷག་པར་བོད་དང་རྒྱ་ནག་ནང་འཕོ་འགྱུར་ཇི་འདྲ་ཞིག་འགྲོ་སྲིད་པའི་སྐོར་ཞིབ་འཇུག་དང་ཚོད་དཔག་གི་གནས་ཚད་དམའ་བ་མ་ཟད། བོད་མི་རིགས་ཀྱི་རང་བྱུང་གི་ལས་འགན་ཇི་ཡིན་བློ་ཡུལ་དུ་བཞག་ནས་འབྱུང་འགྱུར་གྱི་དགོངས་པ་བཞེས་མཁན་ད་ལྟ་ཧ་ཅང་དཀོན་པོ་ཡོད་པ་ལྟ་བུ་ཞིག་འདུག

རྒྱ་དམར་གྱིས་བོད་ཀྱི་རང་དབང་འཕྲོག་པ་དང༌། མནར་སྤྱོད་སྡུག་སྦྱོང་བསམ་ཡུལ་ལས་འདས་པ་བཏང་བའི་དབང་གིས་དེ་ལ་དམིགས་པའི་ཁོང་ཁྲོ་ཤུགས་དྲག་དང༌། རྒྱ་དམར་ལ་ཤོར་བའི་རང་དབང་བསྐྱར་དུ་ལེན་རྒྱུའི་མངོན་འདོད་ཧ་ཅང་ཤུགས་ཆེན་ཡོད་པ་དང༌། དེའི་དབང་གིས་ཆོད་སེམས་དང༌། བློས་གཏོང༌། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའི་སེམས་ཤུགས་བཅས་ཡོད་མཁན་ནི་ཉུང་ཉུང་མ་ཡིན་པར་ཧ་ཅང་མང་པོ་རེད། ལྷག་པར་བོད་ནང་ཡོད་པའི་རྒྱ་ཆེ་བོད་མི་དེ་དག་ནི་དཀའ་ངལ་དང་ཉེན་ཁ་མི་བཟད་པ་ཞིག་ཡོད་བཞིན་པ་ཡིན་ནའང་སེམས་ཤུགས་གཡོ་བ་མེད་པར་གནས་ཡོད།

ད་ལྟ་ང་ཚོས་བཙན་བྱོལ་ལ་གནས་པའི་བོད་མི་སུ་ཞིག་ལ་སྐད་ཆ་དྲིས་ཀྱང་ཁ་ཤས་ཀྱིས་རང་བཙན་གཙང་མ་མ་གཏོགས། དེ་ལས་དམའ་བ་གང་ཡང་ཁས་ལེན་བྱེད་ཀྱི་མིན་ཞེས་གསུང་གི་ཡོད། དེ་ལ་འཆར་ཅན་གྱི་རྒྱུ་མཚན་ལྔ་དྲུག་ཙམ་གསུང་རྒྱུ་ཡོད། ཡང་འགའ་ཤས་ཀྱིས་ང་ཚོ་རང་བཙན་རྩོད་ཀྱི་མིན། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་དོན་དམ་པའི་རང་སྐྱོང་ཚད་མཐོ་ཞིག་བྱུང་ན་འགྲིགས་ཀྱི་རེད་ཅེས་གསུང་གི་ཡོད། བོད་མི་མང་ཆེ་བ་སྡེ་ཚན་དེ་གཉིས་སུ་འདུས་ཡོད། ཡང་ཉུང་ཤས་ཤིག་གིས་ངས་གང་ཡང་ཤེས་ཀྱི་མེད་ཅེས་གསུང་མཁན་ཡང་ཡོད།

གང་ལྟར་དེ་ཚོ་ཚང་མས་མ་འོངས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཇི་འདྲ་ཞིག་དགོས་པ་དང༌། དེ་འདྲ་ཞིག་ཡོང་བའི་ཆེད་དུ་རང་དབང་རྩོད་ལེན་བྱེད་པའི་སྐབས་སུའང་ལྟ་གྲུབ་དང་རིག་པའི་གཞུང་ལུགས་ཇི་འདྲ་ཞིག་དགོས་པ་བཅས་ཀྱི་སྐོར་དགོངས་པ་བཞེས་མཁན་དང༌། གསུང་རྒྱུ་ཡོད་མཁན་དཀོན་པོ་འདུག རང་བཙན་རྩོད་མཁན་ཚོར་ཁོང་ཚོའི་ཐུགས་ལ་ཡོད་པའི་རང་བཙན་གྱི་ངོ་བོ་དང་མཚན་ཉིད་ཇི་འདྲ་ཞིག་ཡིན། ཚད་མཐོའི་རང་སྐྱོང་ངམ་རང་སྲིད་རང་སྐྱོང་རྩོད་མཁན་ཚོར་ཁོང་ཚོའི་བསྒྲུབ་བྱའི་རང་སྲིད་རང་སྐྱོང་གི་ངོ་བོ་དང་མཚན་ཉིད་ཇི་འདྲ་ཞིག་ཡིན་ཞེས་དྲིས་ན་གསལ་པོ་གསུང་རྒྱུ་ཡོད་མཁན་ཧ་ཅང་དཀོན་པོ་འདུག

གལ་སྲིད་གསུང་རྒྱུ་ཡོད་མཁན་ཞིག་བྱུང་བ་ཡིན་ནའང་དེ་ཚོ་མང་ཆེ་བ་དེང་སང་འཛིན་གྲྭའི་ནང་བསླབ་རྒྱུའི་སྲིད་དོན་ཚན་རིག་གི་སློབ་དེབ་ནང་ཡོད་པའི་གནས་ཚུལ་རེ་ཟུང་ལུང་དྲངས་ནས་དེ་འདྲ་ཞིག་དགོས་ཀྱི་རེད་གསུངས་པ་ཙམ་མ་གཏོགས། བོད་མིའི་ལྷན་སྐྱེས་ཀྱི་བསམ་བློ་དང༌། བོད་ཀྱི་ས་བབ། རང་བྱུང་འབྱུང་ཁམས་ཀྱི་གནས་སྟངས། ལྷག་པར་བོད་མིའི་འཕྲལ་ཡུན་གྱི་ཁེ་ཕན་ངོ་མ་གང་ཡིན་སོགས་ལ་གཞི་རྟེན་བཅོལ་བའི་དགོངས་པ་བཞེས་མཁན་དང༌། དགོངས་ཚུལ་གསུང་མཁན་ཧ་ལམ་མེད་པ་ལྟ་བུའི་མཐོང་ཚུལ་ཞིག་བྱུང༌། གཅིག་བྱས་ན་ང་རང་གི་མཐོང་ཚུལ་ནོར་སྲིད།

དེ་ལ་བརྟེན་ནས་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་ལས་དོན་ལག་ལེན་དུ་བསྟར་བའི་སྐབས་རྩ་བའི་བསམ་བློ་དང༌། ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཀྱི་རྒྱ་ཁྱོན་ཆུང་ཞིང༌། ཕུགས་ཐག་ཐུང་ཐུང་ཆགས་དུས་ལས་དོན་ཚང་མ་མཐའ་མ་གང་ཟག་སྒེར་དང་འབྲེལ་བ་ལྟ་བུ་ཆགས་ཀྱི་འདུག དཔེ་མཚོན་ཙམ་ཞུས་ན། སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་རང་བཙན་གཙང་མ་རྩོད་ལེན་བྱེད་མཁན་གྱི་བོད་མི་ཞིག་དང༌། དེ་དང་སེམས་ཤུགས་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་བྱེད་མཁན་གྱི་བོད་མི་ཞིག་བཅས་ཁོང་གཉིས་སྡིངས་ཆ་གཅིག་གི་ཐོག་འཛོམས་པ་ཡིན་ན་ཕལ་ཆེར་ཐུན་མོང་དང་མཉམ་རུབ་ཀྱི་ལས་འགུལ་ཞིག་རྩོམ་ཐུབ་རྒྱུ་མེད་པ་ལྟ་བུ་ཆགས་ཀྱི་ཡོད།

ཁོང་གཉིས་རང་བཙན་དང་རང་སྐྱོང་གི་ལྟ་གྲུབ་མི་མཐུན་པའི་ཐོག་གོ་བསྡུར་དང་བགྲོ་གླེང་ཞིག་བྱས་པ་ཡིན་ན་ལམ་སེང་རྩོད་པ་ཤོར་རྒྱུ་དང༌། དེའི་རྗེས་ཁོང་གཉིས་དབར་ཁོང་ཁྲོ་དང་འཁོན་འཛིན་བྱུང་སྟེ་སང་ཉིན་ནས་ཕན་ཚུན་སྐད་ཆ་མི་ཤོད་པ་དང༌། གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་ཐབས་ཀྱི་གླེང་གཞི་འཚོལ་བ་སོགས་གང་ལྟར་སྤྱི་དོན་ཐོག་འཛིན་པའི་ལྟ་གྲུབ་དང༌། གང་ཟག་སྒེར་གྱི་འབྲེལ་བའི་གནས་ཚུལ་གཉིས་དབྱེ་བ་ཕྱེ་མི་ཐུབ་པ་ཡོང་གི་འདུག

སྐབས་རེ་རང་བཙན་རྩོད་ལེན་བྱེད་མཁན་ཚོས་རང་སྐྱོང་འདོད་མཁན་ལ་རྒྱལ་འཚོང་པ་དང་བློ་ཁོག་མེད་མཁན་ཞེས་སྐྱོན་བརྗོད་གང་ཐུབ་བྱེད་པ་དང༌། རང་སྐྱོང་འདོད་མཁན་ཚོས་ཀྱང་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོར་ཁོང་ཚོ་ཁང་པའི་ནང་ཅོག་ཙེའི་སྟེང་སྐད་ཆ་རྫིག་པོ་བཤད་པ་མ་གཏོགས། ལས་ཀ་གང་ཡང་བྱེད་ཀྱི་མ་རེད། ཐ་ན་སྐད་འབོད་བྱེད་ས་ཙམ་ལའང་ཡོང་གི་མ་རེད་ཟེར་བ་སོགས་གནད་དོན་ཆུང་ངུ་ཤ་སྟག་གླེངས་ནས་ཕན་ཚུན་མཚང་འདྲུ་རེས་བྱེད་པ་ཙམ་མ་གཏོགས། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རྩ་དོན་གྱི་ཐོག་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་བརྒྱ་ཕྲག་མང་པོ་ཡོད་ནའང༌། དེ་ཚོ་ཚང་མས་རང་རང་གི་ལྟ་གྲུབ་དང་དམ་བཅའ་ལ་ལུང་དང་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་གོང་སྤེལ་གཏོང་རྒྱུའི་འབད་རྩོལ་བྱེད་ཐུབ་པ་དང༌། ཡང་གནད་འགག་ལ་ཐུག་དུས་མི་རིགས་ཡོངས་རྫོགས་རྡོག་རྩ་ཆིག་བསྒྲིལ་བྱས་ཏེ་མཉམ་རུབ་ཀྱི་ལས་དོན་བྱེད་ཐུབ་པ་བཅས་ཀྱི་གོ་རྟོགས་དང་རྣམ་དཔྱོད་ཡོད་མཁན་མང་ཙམ་ཞིག་མ་བྱུང་བར། བོད་མི་རྣམས་སྡེ་ཚན་ཆུང་ཆུང་མང་པོར་ཁ་གྱེས་ཏེ་སོ་སོ་སོ་སོའི་ཁོར་ཡུག་ནང་སྐད་ཆ་སྟོང་པ་མང་ཙམ་བཤད་དེ། དངོས་སུ་ལག་ལེན་བྱེད་རྒྱུ་སོ་སོ་ལྟོ་གོས་ཀྱི་དོན་དག་མ་གཏོགས། རླབས་ཆེ་བའི་སྤྱི་དོན་གྱི་ལས་ཀ་བྱེད་མཁན་མཐོང་རྒྱུ་མེད་པའི་སྤྱི་ཚོགས་ཤིག་གི་ནང་སིམས་ཏེ་ལུས་པ་ཡིན་ན། ད་བར་ང་ཚོར་བཙན་གནོན་བྱེད་མཁན་གྱིས་ང་ཚོའི་མི་རིགས་དེ་དབང་སྒྱུར་དང་བེད་སྤྱོད་གཏོང་བདེ་ཡིན་པར་མཐོང་ནས་བེད་སྤྱོད་འདྲ་མིན་སྣ་ཚོགས་བཏང་སྟེ་འདས་པའི་ལོ་བཞི་བཅུ་ལྷག་པའི་དུས་ཚོད་བསྐྱལ་ཟིན་པ་རེད།

ད་དུང་ཡང་དེ་མུར་རྒྱུན་རིང་ལུས་སྲིད། ད་ལྟའི་བར་རྒྱལ་སྤྱི་དང་རྒྱལ་ནང་གང་དུའང་ང་ཚོའི་ཁ་གཏད་དང་མཉམ་དུ་རྩ་དོན་ཐོག་བགྲོ་གླེང་དང་ཕན་ཚུན་རྒྱུ་མཚན་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་བྱུང་ཐུབ་མེད་པ་མ་ཟད། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དེ་འདྲའི་གོ་སྐབས་ཡོང་བའི་རེ་བ་ཡོད་པའི་སྐབས་སུ་ནང་ཁུལ་གྱི་གནས་ཚུལ་ཆུང་ཙག་ཐོག་འཐེན་འཁྱེར་དབང་གིས་གོ་སྐབས་ཤོར་བ་དེ་འདྲའང་བྱུང་མ་མྱོང་བ་མ་རེད།

འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཀྱི་བྱུང་རབས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན་བཙན་བྱོལ་བོད་མི་འབུམ་ཚོ་བརྒལ་ཙམ་ཞིག་ཡོད་པ་འདི་ཤོག་ཁག་མང་པོར་ཁ་གྱེས་ནས་ནང་ཁུལ་མི་མཐུན་པའི་རྩོད་རྙོག་གི་ཐོག་ཏུ་སྐད་ཆ་བཤད་པ་དང༌། ཚོགས་འདུ་ཚོགས་པ། ཡི་གེ་བྲིས་པ། གསར་ཤོག་སོགས་ཡིག་ཆ་བཏོན་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན་དེ་ཚོའི་ཐོག་དུས་ཚོད་ཧ་ཅང་མང་པོ་དང༌། འགྲོ་གྲོན་རྒྱ་གར་གྱི་སྒོར་མོ་ས་ཡ་མང་པོ་ཕྱིན་ཡོད་ནའང༌། བསམ་བློ་ནན་པོ་ཞིག་བཏང་ན་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་གྲོན་དེ་ཚོ་ང་ཚོའི་ཁ་གཏད་ལ་གདོང་ལེན་དང་འཐབ་རྩོད་བྱེད་པའི་ཆེད་དུ་བཏང་ཐུབ་པ་བྱུང་ཡོད་ན། གང་འཚམས་ཕན་གནོད་འདྲེས་པ་ཞིག་ཡོང་རྒྱུར་ངེས་ནའང༌། དེ་ལྟར་མ་བྱུང་བར་ནང་ཁུལ་ཐུན་མིན་གྱི་དཀའ་རྙོག་གི་ཐོག་གཏང་དགོས་བྱུང་བ་ནི་བློ་ཕམ་གྱི་གནས་ཤིག་རེད། གནའ་བོའི་བོད་ཀྱི་གཏམ་དཔེར་གཞོང་པ་སྟོང་པར་ཁྱི་འཛིངས་ཟེར་བ་ལྟར་རྙོག་འཛིངས་དེ་ཚོ་ལས་ཕྱོགས་སུ་ལའང་ཁེ་ཕན་ནི་གཅིག་ཀྱང་བྱུང་མེད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རང་རེའི་སྤྱི་ཚོགས་ནང་གི་བྱུང་ཚུལ་ལ་བལྟས་ན་བོད་ཀྱི་མ་འོངས་པའི་གནས་ཚུལ་ཐད་ཚོད་དཔག་ཇི་འདྲ་ཞིག་བྱེད་ཐུབ་ཀྱི་ཡིན་ནམ་སྙམ་པའི་བློ་དྭོགས་ཡོད། འདི་ནི་ང་རང་གི་མཐོང་ཚུལ་གྱི་ཐོག་ནས་བརྗོད་ཀྱི་ཡོད།

ཕྱོགས་གཞན་ཞིག་ནས་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་ཞུ་སྐབས་ཡང་ཡང་ཚོར་སྣང་གཏིང་ཟབ་ཡོང་བའི་གནས་ཚུལ་ཞིག་ནི་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་མ་བྱས་བར་དུ་བོད་མིའི་སྤྱི་ཚོགས་ནི་འདོད་ཆུང་ཆོག་ཤེས་དང༌། སོ་སོའི་ས་གནས་ཀྱི་འཐོན་ཁུངས་ལ་བརྟེན་ནས་འཚོ་ཐུབ་པའི་རང་ཁ་རང་གསོ་བྱས་ཏེ་གནས་ཐུབ་པ་ཞིག་ཡོད། དེ་ནི་བདག་ཉིད་ཆེན་པོ་གཱཾདྷཱིའི་དགོངས་དོན་གྱི་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་ཞེས་པ་དེ་བོད་མི་ལ་གཞི་ནས་བསྐྲུན་མི་དགོས་པར་གནའ་རབས་ནས་ཡོད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ངས་བོད་སྤྱི་ཡོངས་ཀྱི་གནས་ཚུལ་ཚང་མ་ཇི་འདྲ་ཞིག་ཡིན་ཤེས་ཀྱི་མེད་ཀྱང༌། ང་རང་གི་སྐྱེ་ཡུལ་གྲོང་གསེབ་ཀྱི་སྐབས་དེའི་གནས་སྟངས་ནི་གཱཾདྷཱིའི་བསྒྲུབ་བྱའི་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་ཆ་ཚང་ཡོད་པ་ཡིན་ཞེས་བརྗོད་ཐུབ། ང་རང་སྒེར་གྱི་ངོས་ནས་མ་འོངས་བོད་ཀྱི་སྤྱི་ཚོགས་དེ་དེ་འདྲ་ཞིག་བྱུང་ན་བསམ་པའི་རེ་བ་རྒྱག་གི་ཡོད། བོད་ནང་སྤྱི་ཚོགས་ཀྱི་ལམ་སྲོལ་བཟང་པོ་དེ་འདྲ་ཞིག་ད་ལྟའི་བར་གནས་ཐུབ་པ་དེ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་མཛད་རྗེས་བཟང་ཤོས་ཤིག་ཡིན་པར་བསམ་གྱི་ཡོད།

འདས་པའི་ལོ་བཞི་བཅུའི་ནང་བོད་ནང་དང༌། བཙན་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བའི་བསམ་བློའི་ནང་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་སུ་འགྲོ་རྒྱུའི་འདོད་རྔམས་དང་འགྲན་བསྡུར་བྱེད་ཅིང༌། དཀའ་ལས་རྒྱག་མི་དགོས་པར་དངུལ་མང་པོ་ཡོང་ཐབས་བྱེད་རྒྱུར་དགའ་པོ་ཡོད་པ་མ་ཟད། ལྷག་པར་དུ་ཨ་སྒོར་མང་པོ་ཡོང་ཐབས་བྱེད་རྒྱུའི་འདོད་རྔམས་ཀྱི་གོམས་གཤིས་ངན་པ་ཞིག་བོད་མི་མང་ཆེ་བའི་བསམ་བློའི་ནང་སླེབས་ཡོད་པ་མཐོང་གི་འདུག དེར་བརྟེན་ང་ཚོའི་ད་ལྟའི་ཞན་ཕྱོགས་ཀྱི་གནས་ཚུལ་གྱི་ཐོག་ནས་བསམ་བློ་ནན་པོ་ཞིག་བཏང་བ་ཡིན་ན། བོད་ལ་མ་འོངས་པར་གནས་བབ་བཟང་པོ་ཞིག་ཡོང་རྒྱུའི་རེ་བ་མེད་ཅེས་བརྗོད་ནའང་ཕལ་ཆེར་འགྲིགས་པའི་སེམས་ཚོར་ཞིག་ཡོང་གི་འདུག བོད་རང་བཙན་གཙང་མ་རྩོད་ལེན་གནང་མཁན་ཚོས་ཀྱང་རང་བཙན་ཐོག་སྐུ་ངལ་བསྐྱོན་ནས་བོད་རང་བཙན་ཐོབ་པ་ཡིན་ན་དེ་འཕྲལ་སྔོན་དང་པོ་ཕྱི་བསྐྱོད་ལག་འཁྱེར་བཟོ་རྒྱུ་དང༌། ཨ་རིའི་ཐོངས་མཆན་ཞུ་རྒྱུའི་ལས་དོན་དེ་གལ་ཆེ་ཤོས་བརྩི་མི་ཡོང་ངམ་སྙམ་པའི་དྭོགས་པ་ཡོད།

རང་བཙན་ཐོབ་པའི་རྗེས་རང་བཙན་འཛིན་སྐྱོང་བྱས་ནས་བཞུགས་མཁན་ཉུང་ཉུང་ཆགས་རྒྱུའི་ཉེན་ཁ་འདུག རང་བཙན་ལེན་མཁན་ཚོའི་ཁྲོད་ནས་ཀྱང་མང་པོ་ཞིག་གིས་ད་རང་བཙན་ཐོབ་སོང༌། མགྱོགས་པོ་ཨ་རི་ལ་ལོག་ཕྱིན་ན་མ་གཏོགས། ཨ་རིའི་ཡུལ་མིའི་ལག་འཁྱེར་གྱི་དུས་ཚོད་རྫོགས་གྲབས་འདུག་ཅེས་ཐུགས་བྲེལ་གནང་མཁན་དེ་འདྲ་མི་ཡོང་བའི་ངེས་པ་མི་འདུག ད་ལྟ་རང་རེའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་འདྲ་ཞིག་གི་ནང་ནས་མ་འོངས་བོད་ཀྱི་འདུན་ལམ་ཐོག་བསམ་བློ་བཏང་སྟེ་འཆར་གཞི་བཏིང་ཐུབ་པ་ཞིག་ཡོང་ཐུབ་བམ།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ནང་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་ནང་པའི་ལྟ་གྲུབ་གཞི་རྩར་བཞག་པའི་དཔལ་འབྱོར་གྱི་ལམ་ལུགས་ཤིག་དགོས་པ་བཀའ་གནང་ཡོད། དེ་འདྲའི་དཔལ་འབྱོར་གྱི་ལམ་ལུགས་ནི་གཱཾདྷཱིས་གསུངས་པའི་རང་ཁ་རང་གསོའི་ལམ་སྲོལ་དེ་ཡིན་ཞིང༌། དཔལ་འབྱོར་གྱི་སྲིད་བྱུས་དེ་འདྲ་ཞིག་གི་ཐོག་མདུན་བསྐྱོད་བྱེད་པ་ཡིན་ན་བོད་མི་རྣམས་བོད་དུ་མི་སྡོད་པའི་ཉེན་ཁ་མཐོང་གི་འདུག

གནས་ཚུལ་འདི་ཚོ་ངས་ཁྱེད་ཚོའི་སེམས་ཤུགས་གཅོག་པའི་ཆེད་དུ་བཤད་པ་གཏན་ནས་མིན་ལ། ལྡོག་ཕྱོགས་ཁོ་ན་རྟོག་པས་མཐའ་བཟུང་བྱས་ནས་བརྗོད་པའང་མིན། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་སྒྲོ་སྐུར་མེད་པར་དྲང་པོ་དྲང་ཤག་གི་ཐོག་ནས་ངོས་འཛིན་བྱེད་ཐུབ་པ་དང༌། ཁས་ལེན་བྱེད་ཐུབ་པ་ཞིག་དགོས། བཟང་ཞན་གྱི་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྟོགས་ཐུབ་པ་དང༌། ཁས་ལེན་བྱེད་ཐུབ་པའི་བློ་སྤོབས་ཡང་དག་པ་ཞིག་མེད་ན་མི་དེས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་ལས་དོན་གྱི་འགན་ལེན་བྱེད་ཐུབ་ཐབས་མེད། ཁྱིམ་ཚང་ཞིག་གམ་མི་སྒེར་ཞིག་གི་ལས་དོན་ཡིན་ན། རྫུན་དང་ལྐོག་གཡོའི་ལམ་ནས་མཐའ་འཁྱོལ་ཐུབ་པ་སྲིད་ཀྱང༌། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དོན་ནི་བདེན་པའི་གནས་ལུགས་གང་ཡིན་ངོས་འཛིན་དང༌། ཁས་ལེན་མ་བྱས་པར་ཁུངས་འཁྱོལ་ཐུབ་ཐབས་མེད། ང་ཚོའི་ལྡོག་ཕྱོགས་ཀྱི་གནས་ཚུལ་དང་དཀའ་ངལ་དེ་དག་ཟུར་འཇོག་བྱས་ཏེ་བཟང་ཕྱོགས་ཁོ་ན་གླེང་བ་དང༌། བཟང་པོ་ཤ་སྟག་ཡོང་བའི་སྨོན་ལམ་བརྒྱབས་ཏེ་བསྡད་པས་འགྲིགས་ཐབས་མེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་པར་བོད་འདི་མ་འོངས་པར་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་བསྒྲུབ་བྱ་ཡིན། ཞི་བའི་དོན་ཚན་ལྔའི་ནང་བོད་ས་ཡོངས་རྫོགས་མ་འོངས་པར་དེང་སྐབས་འཛམ་གླིང་ནང་ཉམས་ཆག་ཆེན་པོ་འགྲོ་བཞིན་པའི་ཁོར་ཡུག་གི་གནས་བབ་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྒྱུར་རྒྱུ་དང༌། དེའི་ཆེད་བོད་སའི་ཐོག་དམག་དང༌། གོ་མཚོན། དྲག་པོའི་འཐབ་འཁྲུགས་སོགས་གཏན་ནས་མེད་པའི་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་འདི་གཉིས་ྋགོང་ས་མཆོག་གི་ཕུགས་ཀྱི་བཞེད་དགོངས་ཡིན། དམིགས་ཡུལ་བཟང་པོ་དེ་འདྲ་ཞིག་བསྒྲུབ་རྒྱུར་དགའ་མོས་དང་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་ཕྱིན་ཆད་རང་རེའི་ཤེས་ཡོན་དང༌། དཔལ་འབྱོར། སྤྱི་ཚོགས་སོགས་ཁྱོན་ཡོངས་ཀྱི་ལམ་སྲོལ་དང་ལྟ་གྲུབ་དེ་དང་མཐུན་པ་ཞིག་ངེས་པར་དུ་དགོས་པ་ཡིན།

ད་ལྟའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང༌། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན། ཞི་བའི་དོན་ཚན་ལྔ་སོགས་ཀྱི་དགོངས་དོན་གཞི་རྩར་བཟུང་ནས་མ་འོངས་པ་བོད་དེ་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བར་བསྒྱུར་རྒྱུའི་ལས་དོན་གྱི་ཐོག་མདུན་བསྐྱོད་དང༌། ལམ་སྟོན། སྐུལ་འདེབས་བཅས་བྱེད་བཞིན་ཡོད། དེའི་ཆེད་དུ་དེང་དུས་ཀྱི་བག་མེད་ལོངས་སྤྱོད་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་དང༌། བཟོ་ཚོང་བདག་པོ་ཉུང་ཤས་ཀྱི་ཁེ་ཕན་རྨང་གཞིར་བྱས་པའི་གོ་ལ་གཅིག་སྒྱུར་གྱི་དཔལ་འབྱོར་གྱི་ལམ་སྲོལ་ལ་ངོ་རྒོལ་དང་གདོང་ལེན་བྱས་ཏེ་འཚེ་བ་མེད་པ་དང༌། དྲང་བདེན། རང་ཁ་རང་གསོ་ཐུབ་པའི་དཔལ་འབྱོར་དང་ཤེས་ཡོན། འདྲ་མཉམ་གཉིས་ཕན་གྱི་སྤྱི་ཚོགས་ཀྱི་འདུན་ལམ་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པས། ཚང་མས་དེ་དང་མཐུན་པའི་ལམ་ཆེན་ཞིག་གཏོད་ནས་དཀའ་ངལ་ཁྱད་དུ་བསད་ནས་མདུན་བསྐྱོད་བྱེད་དགོས།

དེ་འདྲའི་འདུན་ལམ་དེ་ཧོང་ཀོང་དང་སིང་ག་པུར་ལྟ་བུའི་གནས་བབ་ཅིག་བསྐྲུན་རྒྱུའི་ཆེད་དུ་མ་ཡིན་པར། རིས་མེད་ཆོས་ལུགས་རྣམས་ཀྱིས་བསྟན་པའི་ཡ་རབས་བཟང་སྤྱོད་ཀྱི་ལེགས་བྱང་དང༌། འདོད་ཆུང་ཆོག་ཤེས། རང་ཁ་རང་གསོའི་དཔལ་འབྱོར་དང་སྤྱི་ཚོགས་བསྐྲུན་རྒྱུའི་ཕྱོགས་སུ་བསྐྱོད་དགོས་པ་དང༌། མ་འོངས་པའི་བོད་དེ་ཕྱི་ལོ་༡༩༥༠ གོང་རྒྱ་དམར་གྱིས་དབང་བསྒྱུར་མ་བྱས་སྔོན་གྱི་བོད་ཀྱི་གྲོང་གསེབ་དང༌། གྲོང་ཁྱེར་ཁག་གི་གནས་བབ་དང་མཐུན་པའི་ཐོག དེང་རབས་ཀྱི་མེད་དུ་མི་རུང་བའི་ལེགས་ཆ་ཕྲན་བུའང་ཡོད་པ་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།

འགའ་ཤས་ཀྱིས་ང་ལ་ཁྱེད་རང་གིས་བོད་དེ་གདོད་མའི་སྤྱི་ཚོགས་ནང་ཕྱི་བཤིག་བརྒྱབས་ཏེ་འཁྲིད་ཀྱི་ཡིན་ནམ་ཞེས་བརྗོད་མཁན་ཡོད། དེ་ནི་ཕྱི་བཤིག་བརྒྱབས་པ་མ་ཡིན་པར་མདུན་མཆོང་ཆེན་པོ་ཞིག་ཡིན། མདུན་མཆོང་ཆེན་པོ་ཞིག་མ་བརྒྱབ་ན་རང་རེའི་དམིགས་ཡུལ་བཟང་པོ་རང་སྐྱིད་མི་སྨོན་གྱི་གནས་སྐབས་དེ་སྐྲུན་ཐུབ་ཐབས་མེད། བདག་ཉིད་ཆེན་པོ་གཱཾདྷཱིས་གསུངས་པའི་གྲོང་གསེབ་རང་སྐྱོང་གྲཱམསྭརཇ གི་རིང་ལུགས་ཚད་ལྡན་ཞིག་ལ་སླེབས་རྒྱུར་ལོ་བརྒྱ་ཕྲག་མང་པོ་འགོར་སྲིད་པ་ཡིན་ཡང༌། དེ་ལྟའི་དུས་འགོར་མི་དགོས་པར་བོད་ལ་རང་སྲིད་རང་སྐྱོང་གི་རང་དབང་ཐོབ་པའི་ཉིན་མོ་དེ་ནས་མདུན་མཆོང་དེ་འདྲ་ཞིག་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་དག་ནི་ང་རང་གི་བསམ་ཚུལ་དང་མཐོང་ཚུལ་ཙམ་ཡིན། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་༣༦༠ འཁོར་བའི་རྗེས་དྲན་དང་བསྟུན་མཁས་པའི་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་བའི་ཁོངས་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གིས་བཙན་བྱོལ་བོད་གཞུང་དབུས་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་ཆེ་ཕྲ་དང༌། དྷ་སར་གཉུག་མར་གནས་པའི་དོན་གཉེར་ཅན་གྱི་མི་མང་བཅས་ཁྱོན་མི་གྲངས་བཞི་བརྒྱ་བརྒལ་བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རླབས་ཆེན་ལོ་རྒྱུས་ལ་རྗེས་དྲན་དང༌། མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་གནང་བའི་གསུང་བཤད་དོ།།