ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་མང་ཚོགས་ལ་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༥ ཚེས་ ༣ ཉིན། ༄༅། །ཉེ་ལམ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཆོལ་གསུམ་གྱི་ས་ཁྱོན་ཡོངས་དང༌། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་གནས་པའི་བོད་རིགས་བཅས་ནས་ཞི་བའི་སྒོ་ནས་གྱེན་ལངས་དང༌། དེ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་དྲག་ཆས་ཉེན་རྟོག་པ་དང༌། དམག་དཔུང་བེད་སྤྱོད་ཀྱིས་ཚད་ལས་བརྒལ་བའི་དྲག་གནོན་གྱིས་ཉེས་མེད་བོད་མི་རྣམས་ལ་གསོད་རྡུང་དང༌། བཙོན་འཇུག མནར་གཅོད། རྐུ་འཕྲོག་སོགས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་བཏང་དང་གཏོང་བཞིན་པ་དེ་ལྟར་ཡང༌། རྒྱལ་གཅེས་བོད་མི་རྣམས་སྙིང་སྟོབས་ཞུམ་པ་མེད་པར་ད་ལྟའང་མ་བསྐུལ་དང་བླང་བྱེད་བཞིན་པའི་གནས་ཚུལ་འདིའི་སྐོར་གནས་བབ་ལ་ངོས་འཛིན་དང༌། བཙན་བྱོལ་གཞུང་གིས་ལས་དོན་གང་བྱེད། མ་འོངས་བྱེད་ཕྱོགས་འབོད་སྐུལ་བཅས་དོན་ཚན་གསུམ་དུ་བསྡུས་ཏེ་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཟིན་པ་དེ་དག་ཆ་ཚང་བསྐྱར་ཟློས་མ་དགོས་པར་གལ་ཆེའི་དོན་ཚན་རེ་ཟུང་མཇུག་ཏུ་བསྐྱར་བརྗོད་ཞུ་རྒྱུ་དང༌། ཕྱི་ཟླ་ ༣ ཚེས་ ༢༢ རྗེས་སུ་བྱུང་བའི་གལ་ཆེའི་གནས་ཚུལ་རེ་ཟུང་ད་ལན་འགྲེལ་བརྗོད་ཞུ་རྒྱུ་ཡིན།

ཕྱི་ཟླ་ ༣ ཚེས་ ༢༢ རྗེས་བྱུང་བའི་གལ་ཆེའི་གནས་ཚུལ་ཁག
༡ ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་རིགས་མང་ཚོགས་ལ་གལ་ཆེའི་འབོད་སྐུལ་གསུང་འཕྲིན་རྒྱ་ཁྱབ་གསལ་བསྒྲགས་བསྩལ་བར་རྒྱ་རིགས་མང་ཚོགས་ཀྱི་ངོས་ནས་ཧ་ལས་པའི་དང་ལེན་གུས་བརྩི་ཞུས་ཡོད།
༢ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་དྲག་གནོན་འགྲོ་བཞིན་པ་འཕྲལ་དུ་མཚམས་འཇོག་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཛ་དྲག་གི་འབོད་སྐུལ་བསྩལ་གནང་མཛད།
༣ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་བཀའ་ཤག་གིས་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་ནས་བོད་མི་འཛིན་བཟུང་བྱས་པ་རྣམས་ལ་ཁྲིམས་གཏུགས་ཀྱི་རོགས་རམ་གནང་རྒྱུའི་མཚན་འཁོད་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུའི་བསྒྲགས་གཏམ་སྤེལ།
༤ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༦ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སླར་ཡང་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་ཡོངས་རྫོགས་ལ་ཡོངས་ཁྱབ་གསུང་འཕྲིན་བཀྲིན་བསྩལ་ཡོད།
༥ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༧ ནས་ ༩ བར་ལྡི་ལིར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཛ་དྲག་ལྷན་ཚོགས་ཉིན་གཉིས་དང་ཕྱེད་ཀའི་རིང་བྱས་ཏེ་བར་སྐབས་ཀྱི་གནས་ཚུལ་ལ་བསྐྱར་ཞིབ་དང༌། གློ་བུར་འབྲེལ་མོལ་གྱི་རེ་འདུན་བྱུང་ན་བྱེད་ཕྱོགས་ཇི་དགེའི་སྐོར་དཔྱད་ཞིབ་བགྲོ་གླེང་གཏིང་ཟབ་ཞུས།
༦ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་བཀའ་ཤག་གིས་བོད་ནང་འཛིན་བཟུང་བཙོན་འཇུག་གི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པ་མྱུར་དུ་མཚམས་འཇོག་ཡོང་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་དང༌། སྲིད་གཞུང་ཁག་ལ་ཛ་དྲག་གི་འབོད་སྐུལ་བྱས།
༧ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༠ ཉིན་བཀའ་ཤག་གིས་ཨོ་ལམ་པིཀ་དཔལ་འབར་རྒྱ་གར་ནང་སྐོར་བསྐྱོད་དུ་སླེབས་སྐབས་བོད་མི་ཚོས་མཐའ་གཅིག་ཏུ་འཚེ་བའི་རིགས་སྤང་དགོས་པ་དང༌། རྒྱ་གར་གཞུང་མང་ལ་བསུན་བཙེར་འགྲོ་གཞིའི་རིགས་མི་བྱེད་པའི་འབོད་སྐུལ་གནང༌།
༨ བདུན་རེའམ་དུས་ཚོད་ངེས་ཅན་མཚམས་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་མཚན་སྨད་དང༌། བདེན་པ་མ་ཡིན་པའི་དྲིལ་བསྒྲགས་གང་བྱུང་བྱས་དང་བྱེད་བཞིན་པར་ལན་འདེབས་དགོས་རིགས་ཁག་ལ་ལན་འདེབས་གནང་རྒྱུའི་ཐག་གཅོད་བྱས།
༩ ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༤ ཚེས་ ༩ ནས་ ༢༥ བར་ཨ་རིའི་གྲོང་ཁྱེར་སི་ཊལ་དང༌། མེ་ཆི་གྷན། ནེའུ་ཡོག་བཅས་སུ་ྋཞབས་འཁོད་ཀྱིས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད། དེ་སྐབས་ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ནས་ཉིན་གླ་སྤྲད་ནས་གླས་པའི་རྒྱ་རིགས་མི་ཉུང་བ་ཞིག་ྋགོང་ས་མཆོག་ལ་ངོ་རྒོལ་ཞུ་ཆེད་ས་གནས་ཁག་གསུམ་ཙམ་ལ་འབྱོར་འདུག དེ་དག་ཚང་མར་ྋགོང་ས་མཆོག་མཛད་སེང་ཡོད་པའི་སྐབས་ངོ་རྒོལ་བྱེད་མཁན་འཐུས་མི་ཚོ་ཆེད་མངགས་མཇལ་འཕྲད་ཀྱིས་བགྲོ་གླེང་གསལ་བཤད་གནང་རྒྱུ་དང༌། མཛད་ཁོམ་ཐུགས་ལྕོགས་མ་གྱུར་པའི་སྐབས་ས་གནས་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུད་དང་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལས་བྱ་དང་བཅས་པ་ཆེད་གཏོང་གནང་ནས་བོད་ཀྱི་གནས་བབ་གསལ་བཤད་གནང་རྒྱུ་དང༌། ཡིག་ཆ་གསོལ་རས་གནང་རྒྱུ། ཕན་ཚུན་དོགས་པ་རྣམ་རྟོག་བསལ་རྒྱུའི་འགྲེལ་བརྗོད་རྣམས་ཧ་ཅང་ཡག་པོ་བྱུང་འདུག མང་ཆེ་བས་གོ་དོན་རྟོགས་ནས་ངོ་རྒོལ་ཞུ་བར་ཡོང་བ་དེ་འགྲིགས་མི་འདུག་སྙམ་པའི་ཚོར་སྣང་བྱུང་འདུག མེ་ཆི་གྷན་དང་ནེའུ་ཡོག་ཏུ་རྒྱ་རིགས་ངོ་རྒོལ་བྱེད་མཁན་ཚོའི་ཁོངས་ནུབ་ཕྱོགས་པའི་མི་རིགས་ཁ་ཤས་དང༌། ལྷག་པར་ནེའུ་ཡོག་ཏུ་བོད་རིགས་ཉི་ཤུ་རྩ་གྲངས་ཤིག་དོལ་རྒྱལ་ཚོགས་པའི་མིང་ཐོག་ནས་སླེབས་འདུག ཐོག་མར་སི་ཊལ་ལ་རྒྱ་རིགས་ངོ་རྒོལ་ཞུ་མཁན་ཚོའི་ནང་དོལ་རྒྱལ་ཚོགས་པའི་ངོས་ནས་ངོ་རྒོལ་བྱེད་མཁན་མི་འདུག དེ་རྗེས་མེ་ཆི་གྷན་དུ་རྒྱ་རིགས་ངོ་རྒོལ་བྱེད་མཁན་ཚོས་དོལ་རྒྱལ་ཚོགས་པའི་ཡིག་ཆ་པར་འགྲེམས་བྱས་པ་དང༌། ནེའུ་ཡོག་ཏུ་ཆིབས་སྒྱུར་གནང་སྐབས་རྒྱ་རིགས་ངོ་རྒོལ་བ་ཚོ་དང་མཉམ་དུ་དོལ་རྒྱལ་ཚོགས་པའི་རྗེས་འབྲང་བ་ཚོ་ཡང་སླེབས་འདུག དེ་དག་ལའང་རྒྱ་མི་ཚོ་དང་འགྲེལ་བརྗོད་གནང་བ་བཞིན་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུད་དང་སྐུ་སྒེར་དྲུང་ཆེས་འགྲེལ་བརྗོད་གནང་སྐབས་ནུབ་ཕྱོགས་པ་ཚོས་གོ་བརྡ་འཕྲོད་ནས་གོ་བཤད་ཉན་བཤད་བྱེད་ཀྱི་འདུག་ཀྱང༌། ང་ཚོ་བོད་རིགས་དོལ་རྒྱལ་རྗེས་འབྲང་བ་རྣམས་རྒྱུ་མཚན་རྩ་བ་ནས་འགྲོ་ས་མེད་པར་ཨུ་ཚུགས་ཁོ་ནས་ཉན་འཇོག་ཞུ་གི་མི་འདུག་ཅེས་གནས་ཚུལ་གནང་བྱུང༌། དེ་བཞིན་ད་རེས་ྋགོང་ས་མཆོག་ཡུ་རོབ་ལ་ཆིབས་སྒྱུར་གནང་སའི་ལུང་པ་ཚང་མའི་ནང་མང་ཉུང་ལ་མ་ལྟོས་པར་དོལ་རྒྱལ་ཚོགས་པས་ངོ་རྒོལ་བྱེད་རྒྱུའི་འཆར་གཞི་བསྒྲིགས་འདུག ཕྱི་ཟླ་ ༦ པའི་ནང་ཨོ་སི་ཊེ་ལི་ཡ་ལ་ཆིབས་སྒྱུར་གནང་སྐབས་ཀྱང་ངོ་རྒོལ་བྱེད་རྒྱུའི་ལས་གཞི་བང་བསྒྲིགས་ཡོད་པ་ཁོ་ཚོའི་དྲྭ་རྒྱ་དང་ཡིག་ཆ་ཁག་ནང་གསལ་གྱི་འདུག

ད་ལྟའི་ཆར་ང་ཚོའི་མདུན་གནས་ཚུལ་གསལ་པོ་ཞིག་གང་ཆགས་ཡོད་ཅེ་ན། དོལ་རྒྱལ་ཚོགས་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་མི་གཅིག་སྙིང་གཅིག་གི་འབྲེལ་ལམ་དམ་ཟབ་ཡོད་པ་དེ་རེད། སྔོན་མ་བཀའ་ཤག་གི་ངོས་ནས་ཁོ་ཚོའི་རྒྱབ་ཏུ་རྒྱ་མི་ཡོད་རེད་ཅེས་ཤོད་སྐབས་དེ་འདྲ་རང་ཨེ་ཡིན་སྙམ་དྭོགས་པ་རྣམ་རྟོག་བྱེད་མཁན་ཡོང་གི་ཡོད། ད་ཆ་ང་ཚོས་འགྲེལ་བཤད་བྱེད་མི་དགོས་པར་ཁོ་རང་ཚོ་དངོས་སུ་ཐོན་ནས་ལས་འགུལ་རྩོམ་གྱི་ཡོད་པ་མཐོང་རྒྱུ་ཡོད། དེར་བརྟེན་བོད་པའི་སྤྱི་ཚོགས་ནང་ཁོ་ཚོའི་ལངས་ཕྱོགས་ག་འདྲ་ཡིན་མིན་ཧ་ཅང་གསལ་པོ་ཆགས་པ་རེད།
ཕྱི་ཚེས་ ༢༤ ཉིན་ནེའུ་ཡོག་ནས་རྒྱ་རིགས་ཆོས་ཀྱི་སྤུན་ཟླ་ཡོངས་ལ་འབོད་སྐུལ་གསུང་འཕྲིན་བཀྲིན་བསྩལ།

༡༠ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༦ ཉིན་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ལྷན་རྒྱས་ལ་བཀའ་ཤག་གིས་ཡིག་ཆུང་ཞིག་ཕུལ་ཏེ་བོད་ནང་གི་གནས་བབ་ལྷིང་འཇགས་ཡོང་རྒྱུར་དུས་ཡུན་གང་འཚམས་འགོར་རྒྱུ་ཡིན་པ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་པར་བརྟེན། བཙན་བྱོལ་བོད་མིའི་ལས་འགུལ་ཁག་ཀྱང་འབྱུང་འགྱུར་ཟླ་གྲངས་གང་འཚམས་ཤིག་བར་རྒྱུན་གནས་ཐུབ་པ་དགོས་རྒྱུ་གལ་ཆེ་བ་དང༌། དེ་ཡང་མང་ཚོགས་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་ལྟ་བུ་རྐྱང་པས་ནམ་རིང་སྒྲུང་འཁྱོལ་དཀའ་བས་ད་ཆ་ལས་འགུལ་གྱི་རྣམ་པ་འདྲ་མིན་གཞན་གང་མང་གསར་གཏོད་གནང་གལ་ཧ་ཅང་ཆེ་བ་མཐོང་ཞིང༌། དེ་ཡང་མང་ཚོགས་དཀྱུས་མ་རྣམས་དང་སློབ་ཕྲུག་རྣམས་སོ་སོའི་རྒྱུན་ལྡན་འཚོ་ཐབས་ཀྱི་ལས་དོན་དང༌། སློབ་སྦྱོང་བྱཻད་བཞིན་པའི་ངང་ཆབ་སྲིད་ཀྱི་ལས་འགུལ་ནང་དུའང་ཆ་ཤས་བླང་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ་དང༌། ལྷག་པར་སྒྲུབ་ཕྱོགས་ཀྱི་ལས་འགུལ་Constructive programརྣམ་གྲངས་མི་ཉུང་བ་ཞིག་ངེས་པར་གསར་གཏོད་ཀྱིས་ལམ་སྟོན་གནང་གལ་ཤིན་ཏུ་ཆེ་བར་མཐོང་བས་དེ་ལུགས་དགོངས་བཞེས་དང་མཛད་ཕྱོགས་ཡོད་པ་ཞེས་ཞུས་པར། ཚེས་ ༡༩ ཉིན་བཀའ་སྤྱི་ལྷན་ཚོགས་བསྡུ་བསྐོང་དང་འབྲེལ་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཀྱི་འཆར་གཞི་འབུལ་དགོས་ཕེབས་པ་ལྟར་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་དཔེ་མཚོན་ཡིག་ཆ་འབུལ་ལམ་ཞུས་ཡོད་ཅིང༌། འབྱུང་འགྱུར་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་མང་ཚོགས་ལ་ལམ་སྟོན་རིམ་བཞིན་ཕེབས་ཤག་ལྟར་ཚང་མས་དགོངས་བཞེས་ཕྱག་ལས་གནང་གལ། རྒྱུན་ལས་ལ་ཕུལ་བའི་ཡིག་ཆུང་ནང་ལས་འགུལ་འཆར་སྒྲིག་བྱེད་སྐབས་རྟོག་ཞིབ་ཟབ་ནན་དགོས་པའི་དོན་གནད་ཆེ་ཁག་ཟུར་འདོན་གྱིས་ཞུས་ཡོད་པ་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་ཞུས་ན་གཤམ་གསལ།

ལས་འགུལ་འཆར་སྒྲིག་བྱེད་ཕྱོགས།
ལས་འགུལ་ཇི་འདྲ་ཞིག་ཡིན་ཡང་འཆར་འགོད་སྐབས་ངེས་པར་དུ་རྟོག་ཞིབ་ཟབ་ནན་བྱེད་དགོས་པའི་གནད་དོན་གལ་ཆེ་ཁག་གཤམ་གསལ།
ཀ ལས་འགུལ་དེའི་ཕུགས་དམིགས་བོད་དོན་བདེན་མཐའ་གསལ་ཐབས་ཡིན་པ་སྨོས་མ་དགོས་ཀྱང༌། དེའི་འཕྲལ་གྱི་དམིགས་ཡུལ་གཅིག་གམ་མང་པོ་ཡོད་ན་དེ་དག་གི་ངོས་འཛིན་ཞིབ་གསལ།
ཁ ལས་འགུལ་དེ་སྤེལ་བ་ལ་དགོས་ངེས་ཀྱི་མིའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཚོད་དཔག་གསལ་པོ་བྱས་ཏེ། དེ་དག་འཛོམས་མིན།
ག ལས་འགུལ་དེ་འཕྲལ་ཕུགས་ཀྱི་དམིགས་ཡུལ་ལ་ཕན་ངེས་ཡིན་མིན་དང༌། ཕན་ངེས་ཡིན་ཡང་དེའི་དབང་གིས་གྱོང་གུན་དང་གནོད་སྐྱོན་གཞན་དག་ཡོང་ཉེན་ཡོད་མེད།
ང ལས་འགུལ་དེའི་ངོ་བོ་དང༌། རྣམ་པ་གང་གི་ཆ་ནས་བཙན་བྱོལ་གཞུང་གི་རྩ་འཛིན་སྲིད་བྱུས་དང་མི་མཐུན་པའམ། དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བའི་རྣམ་པ་མངོན་གྱི་ཡོད་མེད།
ཅ ལས་འགུལ་དེ་ལ་བརྟེན་ནས་སྤྱི་ཚོགས་གཞན་དང་ཆོས་ལུགས་གཞན། ཡང་ན་རྒྱ་ནག་གི་མི་མང༌། ལྷག་པར་ས་གནས་ཡུལ་མི་བཅས་ལ་མཐོང་ཚུལ་ངན་པའམ་མི་དགའ་བ་ཡོང་གཞི་ཡོད་མེད།
ཆ ལས་འགུལ་དེ་ལ་བརྟེན་ནས་བོད་མི་ནང་ཁུལ་ལྟ་ཕྱོགས་མཐོང་ཕྱོགས་མི་མཐུན་པ་ཡོང་གཞི་ཡོད་མེད།
ཇ ལས་དོན་ལག་བསྟར་སྐབས་མཇུག་སྐྱོང་མ་ཐུབ་པའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་མེད་བཅས་གོང་གསལ་དོན་ཚན་ཁག་ལ་རྟོག་ཞིབ་ནན་པོ་བྱས་རྗེས་མཐུན་རྐྱེན་འཛོམས་ཤིང་འགལ་རྐྱེན་མེད་ན། ལས་གཞིའི་ངོ་བོ་དང༌། རྣམ་གྲངས། སྤེལ་ཡུལ་ས་གནས། མི་འགྲོ་དང་དངུལ་གྲོན། ལས་འགུལ་གྱི་དུས་ཡུན། ལག་བསྟར་བྱེད་ཕྱོགས་བཅས་ཞིབ་གསལ་ཡོད་པའི་འཆར་གཞི་ཡིག་ཐོག་ཏུ་བཀོད་ཐུབ་ན་ལྷ་རབ་དང༌། དེ་མིན་ཡང་ལས་འགུལ་ནང་ཞུགས་མཁན་སོ་སོའི་བསམ་བློའི་ནང་གོ་རྟོགས་གསལ་པོ་ཡོད་པ་ཞིག་དགོས།

༡༡ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༨ ཉིན་བར་ལམ་བོད་དུ་བྱུང་བའི་གནས་ཚུལ་སྤྱི་དང༌། ཁྱད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་དུ་ལྷིང་འཇགས་བཟོ་འདོད་མེད་པར་དྭོགས་པ་ཡོད་ཅེས་བཀའ་བློན་ཁྲི་པའི་མཚན་ཐོག་རྒྱ་ཁྱབ་ཏུ་གསར་འགོད་གསལ་བསྒྲགས་རྒྱས་པ་ཞིག་བྱས།

འབྲེལ་མོལ་སྐོར།
༡ ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གཞུང་གིས་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་ལྷན་འབྲེལ་མོལ་ཞུ་རྒྱུ་ཡིན་ཚུལ་ཤིང་ཧཱ་གསར་འགྱུར་ཐོག་དྲིལ་བསྒྲགས་བྱས་པར་བཀའ་ཁྲིའི་ལན་འདེབས་ཀྱི་བསྒྲགས་གཏམ་སྤེལ།
༢ ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢ ཉིན་སྐུ་སྒེར་ཡིག་ཚང་ནས་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་མཉམ་སྟབས་བདེ་ནང་ལུགས་ཀྱི་འབྲེལ་མོལ་གནང་ཆེད་རྒྱ་ནག་ཏུ་ཕེབས་འཆར་ཡིན་གནས་འཁོད་པའི་གསར་འགོད་གསལ་བསྒྲགས་སྤེལ།
༣ སང་ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པའི་དབར་ལ་ནང་ལུགས་ཀྱི་ཛ་དྲག་གོ་བསྡུར་ཞིག་གནང་གི་ཡོད་རེད། དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མང་པོ་ཞིག་ཐོན་ཙང་བོད་མི་མང་ཚོགས་ཀྱིས་གནས་ཚུལ་གང་ལ་གང་འཚམས་མཁྱེན་ཡོད་ཚོད་རེད། ཡིན་ནའང་གནས་ཚུལ་དེ་ཚོ་མགོ་ནས་མཇུག་བར་རྒྱབ་ལྗོངས་རྒྱུ་མཚན་ཆ་ཚང་ཞིག་མ་མཁྱེན་པར་གནས་ཚུལ་ཁ་ཤས་འབུར་དུ་རྡོག་སྒྲུག་བརྒྱབས་ནས་གཟིགས་ན་གསལ་པོ་མ་ཆགས་པ་ཡོང་སྲིད། བོད་ནང་ཕྱི་ཟླ་ ༣ ཚེས་ ༡༠ རྗེས་བྱུང་བའི་དོན་རྐྱེན་དེའི་སྐོར་མིང་འདོགས་སྟངས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་འདུག དེའི་སྐོར་ཞར་བྱུང་ལ་མདོར་ཙམ་ཞིག་ཞུ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེང་སང་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཡོངས་སུ་གཅིག་གྱུར་གྱིས་གསུམ་གཅིག་བཞིའི་དོན་རྐྱེན་ཕྱི་ཟླ་ ༣ ཚེས་ ༡༤ ནས་བྱུང་བའི་དོན་རྐྱེན་ཞེས་བེད་སྤྱོད་གཏོང་གི་ཡོད། དེ་ནི་བདེན་པ་མ་རེད། ཞི་བའི་གྱེན་ལངས་ཀྱི་དོན་རྐྱེན་དེ་ཕྱི་ཟླ་ ༣ ཚེས་ ༡༠ ནས་མུ་མཐུད་བྱུང་བ་རེད། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ཞི་བའི་གྱེན་ལངས་ལ་ཚད་ལས་བརྒལ་བའི་དྲག་གནོན་བྱས་པའི་དབང་གིས་ཕྱི་ཟླ་ ༣ ཚེས་ ༡༡ གི་གནས་ཚུལ་དེ་བྱུང༌། དེ་ནས་རིམ་པས་དྲག་གནོན་ཇེ་ཆེར་བྱས་པ་ལས་ཚེས་གྲངས་རྗེས་མའི་གྱེན་ལངས་རྣམས་བྱུང༌། དེས་ན་ཚེས་གྲངས་ ༡༣ བར་གྱི་བྱུང་བའི་དོན་རྐྱེན་རྣམས་རྩིས་མེད་ཀྱིས་གསུམ་གཅིག་བཞིའི་དོན་རྐྱེན་ཟེར་བ་དེ་ཆབ་སྲིད་ཀྱི་གཡོ་སྒྱུའི་སྐད་ཆ་ཞིག་རེད། ང་ཚོས་ངོས་འཛིན་བྱས་པའི་དོན་རྐྱེན་དེ་གསུམ་པའི་བཅུ་ནས་བྱུང་བ་དེ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་གིས་གསུམ་པའི་བཅུའི་དོན་རྐྱེན་དེར་ཞིབ་ཚགས་པོས་ལྟ་སྐྱོང་བྱེད་བཞིན་པའི་སྐབས་ང་ཚོར་ཚོར་སྣང་ཞིག་གང་བྱུང་ཞེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་དང་ཐད་ཀར་འབྲེལ་བ་ཞིག་མ་གནང་ན་ད་ལྟ་ལམ་སེང་འཕྲལ་དུ་ཁེ་དང་གྱོང་གི་ཁྱད་པར་ཞིག་མ་བྱུང་རུང༌། འབྱུང་འགྱུར་བྱུང་རབས་ཀྱི་ནང་སྐབས་དེ་དུས་འབྲེལ་བ་གནང་ཡོད་ན་དགེ་མཚན་ཡོང་རྒྱུ་ཞིག་ཡིན་པ་ལས་དེ་གནང་མི་འདུག་ཟེར་རྒྱུའི་གནས་ཚུལ་ཞིག་ལྷག་སྲིད། དེ་ཙམ་དུ་མ་ཟད་ང་ཚོའི་ངོས་ནས་གང་གནང་རྒྱུ་ཡོད་པ་དེ་དག་གང་དགའ་ཅི་ལེགས་ཀྱིས་ཆ་ཚང་བ་ཞིག་མ་གནང་ན་གཅིག་བྱས་ན་མ་འདེང་བའམ་ཆད་པའི་སྐྱོན་ཡོང་སྲིད། དེ་དང་ཆབས་ཅིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བརྒྱུད་ལམ་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ཏེ་གནས་ཚུལ་དེ་འདྲ་བརྡ་རུ་གཏོང་གི་ཡོད། ཁ་ཤས་དོ་སྣང་ངོས་ལེན་བྱེད་འོས་པ་དང༌། ཁ་ཤས་དོ་སྣང་ངོས་ལེན་བྱེད་མི་འོས་པ་ཡོད་རུང༌། དེ་དག་ཚང་མར་དོ་སྣང་ཞིག་མ་བྱས་ན་མི་འགྲིགས་ཤིང༌། དེ་དག་སོ་སོར་བྱེད་ལས་ཤིག་དང་འབྲེལ་བ་ཞིག་ཡོད་ཙང་དོ་སྣང་ངེས་པར་དུ་བྱེད་དགོས་པ་ཆགས་ཀྱི་ཡོད་རེད། རྒྱ་ནག་གི་སྲིད་བློན་ཝེན་ཇ་པའོ་ཕྱི་ལ་འཚམས་གཟིགས་མ་ཕེབས་གོང་ནས་ཁོ་རང་ངོས་ནས་གནས་ཚུལ་གསར་པ་ཞིག་བསྐྱལ་རྒྱུ་ཡོད་པའི་བརྡ་ལན་ཞིག་ང་ཚོར་འབྱོར་གྱི་ཡོད། དངོས་སུ་ལའོ་སི་ལ་འབྱོར་ནས་གསུང་བཤད་གནང་སྐབས་མགོ་མཇུག་ཚང་མར་ནམ་རྒྱུན་འཆར་ཅན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་ཎི་བགྲང་བ་ལྟ་བུའི་སྐད་ཆ་དེ་ཚོ་མ་གཏོགས་གསར་པ་གང་ཡང་མེད། ཡིན་ནའང་དེའི་དཀྱིལ་ལ་ཚིག་བརྗོད་གཅིག་གང་བཅུག་ཡོད་ཅེ་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཤུགས་གནོན་བེད་སྤྱོད་བཏང་ནས་བོད་ནང་ཞི་འཇགས་བསྐྲུན་རོགས་གནང་ཞེས་པ་དེ་རེད། དེ་རྒྱ་ནག་ནང་དུ་ལབ་མ་ནུས་པའམ་ལབ་མ་འོས་པ་གང་ཡིན་རུང༌། གང་ལྟར་ལའོ་སི་ལ་འབྱོར་ནས་བཤད་པ་རེད། དེ་ལ་ཨ་ལན་ཨུ་ལན་རྩ་ནས་མེད་པར་བཞག་ན་སྐབས་དེ་དུས་ང་ཚོའི་སྲིད་བློན་གྱིས་འདི་འདྲ་གསུངས་པ་རེད་དེ། དེ་ལའང་འདི་བྱ་འདི་མིན་གྱི་གནས་ཚུལ་གང་ཡང་མ་བྱུང་ཞེས་འབྱུང་འགྱུར་ཡང་ཁོ་ཚོས་གྲངས་ཀ་བརྒྱབ་རྒྱུ་ཞིག་ཡོང་སྲིད་པར་བརྟེན། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྲིད་འཛིན་ཧུ་ཅིན་ཐའོ་ལ་ཐད་ཀར་བཀའ་ཡིག་ཅིག་གནང་བ་དེ་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་ཏུ་འཕྲོད། དེའི་ནང་ད་ལྟའི་བོད་ནང་བྱུང་བའི་གནས་ཚུལ་དེའི་ཐོག་ཧ་ཅང་ཐུགས་ཕམ་དང་ཐུགས་འཚབ་བྱུང་བ་དང༌། བོད་ནང་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ། བཙོན་པ་རྣམས་གློད་བཀྲོལ་དགོས་པ། རྨས་མ་རྣམས་ལ་སྨན་བཅོས་དགོས་པ། ས་གནས་ཡོངས་རྫོགས་སུ་དམ་བསྒྲགས་ཀྱི་གནས་སྟངས་ཕྱིར་འཐེན་དགོས་པ་བཅས་ཤུགས་ཆེན་པོས་འབོད་སྐུལ་གནང་བ་དང་ཆབས་ཅིག་ཏུ་སྲིད་བློན་ཝེན་ཇ་པའོས་ཐུགས་རེ་གནང་བ་དེ་ལྷག་བསམ་རྣམ་དག་ཡིན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ནུས་ཤུགས་བོད་དུ་སླེབས་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་ན་ྋགོང་ས་ཆེན་པོའི་སྐུ་ཚབ་ཆེད་གཉེར་གནང་དགོས་བྱུང་ནའང་གོ་སྒྲིག་ཡོད་ཅེས་བཀའ་གནང་བ་རེད། དེ་དང་ཕྱོགས་མཚུངས་ང་ཚོའི་རྒྱུན་ལྡན་གྱི་འབྲེལ་ལམ་སྐུ་ཚབ་རྣམ་པ་གཉིས་བརྒྱུད་བྱེད་རྒྱུ་རྣམས་མུ་མཐུད་འགྲོ་མུས་རེད། དེ་དང་མཉམ་དུ་འཛམ་གླིང་གི་གཞུང་དང་མང་ཚོགས་སྒྲིག་འཛུགས་ཡོད་ཚད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ྋགོང་ས་མཆོག་དང་འབྲེལ་མོལ་ཞུ་དགོས་པའི་ཐོག་ཤུགས་རྒྱག་གི་ཡོད། དེ་ཚོ་ཚང་མའི་ཕྱོགས་བསྡོམས་ཀྱི་འབྲས་བུར་ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༢༣ གྱི་མཚན་མོ་ཚོུད་ ༡༢།༠༠ ཡས་མས་ཤིག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞུང་འབྲེལ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་འཕྲལ་དུ་འབྲེལ་མོལ་ཞུ་རྒྱུའི་གནས་ཚུལ་ཞིག་འབྱོར་བ་རེད། དེ་ཐོག་མ་ནས་གོ་སྒྲིག་ཡོད་པ་བཞིན་ངེས་པར་དུ་ངོས་ལེན་གནང་རྒྱུ་ཡིན་པ་དེ་བཤད་མ་དགོས། འོན་ཀྱང་ངོས་ལེན་གནང་ཕྱོགས་དེ་ཕྱི་ལོ་ ༢༠༠༢ ནས་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཐེངས་དྲུག་པའི་བར་ཕྱིན་པ་དེ་མུ་མཐུད་དེ་འབྲེལ་མོལ་ཐེངས་བདུན་པ་གནང་རྒྱུ་མིན་ཞིང༌། ད་ལྟའི་གནས་སྐབས་སུ་བོད་ནང་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་མུ་མཐུད་འགྲོ་ཐུབ་པའི་ཁོར་ཡུག་དང་ཆ་རྐྱེན་གཉིས་ཀ་མེད། ཡིན་ནའང་ད་རེས་དམིགས་བསལ་ཟུར་དུ་སྟབས་བདེ་ནང་ལུགས་ཀྱི་འབྲེལ་མོལ་མདོར་བསྡུས་ཤིག་གནང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དེ་ལ་དོན་ཚན་གཉིས་ཡོད། དང་པོ་དེ་བོད་ནང་གི་དཀའ་རྙོག་འཕྲལ་དུ་སེལ་ཐུབ་པ་དང༌། བོད་མིའི་སྡུག་བསྔལ་འཕྲལ་དུ་མཚམས་འཇོག་ཡོང་བའི་ཐབས་ལམ་ཞིག་བཙལ་ཐུབ་ཀྱི་ཡོད་མེད་ཐོག་ཐབས་ཤེས་མེད་ན་མ་གཏོགས་བྱེད་དགོས་པ་སོང་ཙང༌། དེའི་སྐོར་མི་དང་མི་ཐུག་ནས་བོད་ནང་དྲག་གནོན་མཚམས་འཇོག་བྱེད་དགོས་སྐོར་ནན་པོར་ཞུ་དགོས་པ་དེ་རེད། གཉིས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ དོན་རྐྱེན་བྱུང་བ་ནས་བཟུང་ད་བར་བོད་ཀྱི་གྱེན་ལངས་ཀྱི་གནས་ཚུལ་ཚང་མ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕྱོགས་གཏོགས་ཀྱིས་རྒྱུད་བསྐུལ་བྱས་པར་ཚད་འཛིན་གྱིས་བོད་ནང་རྙོག་ཁྲ་བསླངས་པ་དང༌། ཁ་བྲལ་གྱི་ལས་འགུལ་བརྩམས་པ། ཨོ་ལམ་པིཀ་རྩེད་འགྲན་ལ་གནོད་སྐྱོན་གཏོང་བའི་ལས་གཞི་བརྩམས་པ་བཅས་གཞི་རྩ་མེད་པའི་སྐྱོན་བརྗོད་དོན་ཚན་གསུམ་ཞིག་བྱེད་ཀྱི་ཡོད། དེ་དག་བདེན་རྫུན་གྱི་རྣམ་དབྱེ་ཕྱེ་བའི་ར་འཕྲོད་གསལ་པོ་ཞིག་མ་བྱུང་བར་དེ་མུར་བཞག་ཐབས་མེད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་སྔ་རྗེས་ལ་རང་དབང་ལྡན་པའི་གང་ཟག་གམ་ཚོགས་སྡེ་ཞིག་གིས་ཞིབ་འཇུག་གནང་ནའང་ང་ཚོའི་ངོས་ནས་དང་ལེན་དང་དགའ་བསུ་ཡོད། ཞིབ་འཇུག་གནང་དགོས་ཀྱི་འདུག་ཅེས་ལན་མང་བཀའ་གནང་གྲུབ་པ་ཞིག་རེད། ད་རེས་མི་དང་མི་ཐུག་པའི་སྐབས་འདིའི་སྐོར་ངེས་པར་དུ་ང་ཚོས་ནན་པོས་ཁུངས་སྐྱེལ་ར་སྤྲོད་དགོས་ཞེས་ལབ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དོན་གནད་དེ་ཚོའི་ཐོག་ནས་ང་ཚོ་ད་རེས་ཐུག་དགོས་པ་དང་སྐད་ཆ་བཤད་དགོས་པ་དེ་གལ་ཆེན་པོ་ཞིག་ལ་བརྩི་བ་ཡིན། དེ་དང་ཆབས་ཅིག་ཏུ་ད་ལྟའི་གནས་སྐབས་དང་མ་འོངས་པའི་གནས་སྐབས་གང་ཡིན་རུང་བོད་མི་རིགས་ཀྱི་དཀའ་རྙོག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་དུ་འབྲེལ་བ་དང་གྲོས་བསྡུར་ཐོག་ནས་སངས་དགོས་པ་ཞིག་རེད་མ་གཏོགས། དེ་ལས་གཞན་པའི་བོད་ཀྱི་དཀའ་རྙོག་བསལ་རྒྱུའི་ཐབས་ལམ་མེད་པ་ཚང་མས་གཟིགས་བཞིན་པ་དེ་རེད། བོད་ཀྱི་དཀའ་རྙོག་སངས་མ་དགོས་ན་གནས་ཚུལ་ཐ་དད་རེད། བོད་ཀྱི་ད་ལྟའི་དཀའ་རྙོག་དེ་སངས་དགོས་ན་མེས་སྲེག་མེར་གཏུག་གིས་རྒྱ་ནག་དང་སྐད་ཆ་མ་བཤད་ཐབས་མེད་པ་དེ་ཧ་ཅང་གསལ་པོ་རེད། བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་ཞི་འཇམ་དུ་སོང་ན་མ་འོངས་པའི་གནས་བབ་སྐོར་ཕྱི་ལོ་ ༢༠༠༢ ནས་འགྲོ་བཞིན་པའི་འབྲེལ་མོལ་གྱི་ལས་རིམ་རྒྱུན་བཅང་བྱེད་དགོས་ཀྱི་ཡོད། རྒྱུན་བཅང་བྱེད་དགོས་པའི་ཁོར་ཡུག་དང་ཆ་རྐྱེན་ཞིག་བསྐྲུན་ཐུབ་ཀྱི་ཨེ་འདུག་རིམ་པས་བལྟ་ཆོག་པ་དང༌། བལྟ་དགོས་པ་ཞིག་རེད། དེ་འདྲའི་གནས་ཚུལ་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་དེ་རིང་ཧོང་ཀོང་ལ་འབྱོར་གྱི་ཡོད། སང་ཉིན་ཧོང་ཀོང་དང་ཉེ་འགྲམ་གྱི་ས་གནས་སུ་འབྲེལ་ཡོད་སྐུ་ཚབ་རྣམ་པ་དང་སྟབས་བདེ་ནང་ལུགས་ཀྱི་གོ་བསྡུར་གནང་རྒྱུ་རེད། དེ་ལ་བརྟེན་ནས་འགྱུར་བ་དང་གནས་ཚུལ་གང་ཡོང་མིན་སྐུ་ཚབ་རྣམ་པ་ཕྱིར་འཁོར་སྐབས་ཐུགས་སྣང་ཡོད་མཁན་མང་ཚོགས་ཚང་མས་མཁྱེན་ཐུབ་པ་ཞིག་ཡོང་མདོག་ཁ་པོ་རེད། སྔར་ཡིན་ན་ྋགོང་ས་མཆོག་གི་སྐུ་ཚབ་དང་འབྲེལ་མོལ་གནང་གི་ཡོད་པའི་གནས་ཚུལ་དེ་ང་ཚོའི་ངོས་ནས་གསར་འགོད་གསལ་བསྒྲགས་ཙམ་བྱས་པ་མ་གཏོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནས་ཚུལ་དེ་ཕྱི་གསལ་ནང་གསལ་ནམ་ཡང་བཟོས་མྱོང་མེད། ད་རེས་ང་ཚོའི་ངོས་ནས་གསར་འགོད་གསལ་བསྒྲགས་མ་བྱས་པའི་སྔོན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འབྲེལ་མོལ་གྱི་ལས་རིམ་ཐག་ཆོད་ནས་ཚོུད་གཉིས་གསུམ་གྱི་ནང་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བྱས་པ་ཙམ་དུ་མ་ཟད། འབྲེལ་ཡོད་གཞུང་ཚབ་མང་པོ་ཞིག་ལ་ནང་དོན་གྱི་བརྡ་ལན་སྤྲད་འདུག དེར་བརྟེན་ད་ཆ་ལས་རིམ་ཚང་མ་ཕྱི་གསལ་ནང་གསལ་ཚང་མས་མཁྱེན་ཐུབ་པ་ཡོང་རྒྱུའི་འགོ་འཛུགས་ལྟ་བུ་བྱུང་བ་རེད། མ་འོངས་པར་ལས་རིམ་གང་བྱུང་བ་དེ་དག་སྔར་དང་མི་འདྲ་བར་གསལ་དུ་འགྲོ་གི་རེད་བསམ་གྱི་འདུག ད་ལན་སྐུ་ཚབ་ཚོགས་པ་རྒྱ་ནག་གི་ས་གནས་ཤིག་ཏུ་ཕེབས་ནས་སྟབས་བདེ་འབྲེལ་མོལ་གནང་བ་དེས་ལམ་སེང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་ཞིག་འཐོན་པའི་རེ་བ་གང་ཡང་མེད། ཡིན་ནའང་གནས་ཚུལ་འདི་འདྲ་ལ་བརྟེན་ནས་ང་ཚོས་གོམ་པ་མདུན་བསྐྱོད་བྱེད་དགོས་སྟབས། གོམ་པ་གཅིག་ཡིན་རུང་བརྒྱབ་དགོས་ཀྱི་ཡོད། དཔེར་ན་ས་ཐག་རིང་པོར་འགྲོ་དགོས་ན་གོམ་དང་པོ་གཉིས་པ་གསུམ་པ་ནས་འགོ་འཛུགས་དགོས། ས་ཆ་དེ་ཧ་ཅང་ཐག་རིང་བས་གོམ་པ་ཁ་ཤས་སྤོས་པས་བསྙབ་ཀྱི་མེད་སྟབས་གོམ་པ་ཁ་ཤས་སྤོས་པ་དེ་དོན་མེད་རེད་དགོངས་ན་དེ་ཡང་དག་པའི་ལྟ་ཚུལ་ཞིག་མ་རེད། བོད་ཀྱི་གནད་དོན་ཐག་ཆོད་ཡོང་ཆེད་ང་ཚོ་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་ཐེངས་བརྒྱ་གནང་དགོས་པའི་དབང་དུ་བཏང་ན་དང་པོ་གཉིས་པ་གསུམ་པ་ནས་འགོ་བཙུགས་ཏེ་འགྲོ་དགོས་མ་གཏོགས། བརྒྱ་ཐམ་པ་ཧ་ཅང་མང་པོ་རེད། གཅིག་གཉིས་སྤོས་ན་གང་ཕན་གྱི་རེད་ཅེས་བཞག་རྒྱུ་མེད་པ་ལྟ་བུ་རེད། གལ་སྲིད་འབྲེལ་མོལ་བརྒྱ་གནང་དགོས་དབང་དུ་བཏང་ན་དེ་སྔ་ཕན་ཆད་ཀྱི་འབྲེལ་མོལ་དྲུག་གནང་བ་དེས་ད་ཆ་དགུ་བཅུ་གོ་བཞི་མ་གཏོགས་ལྷག་མེད། གོམ་པ་རེ་རེར་དོན་གནད་རེ་ཡོད་པ་དེ་དམ་འཛིན་མ་བྱས་ཐབས་མེད་རེད། སྤྱི་ཚོགས་ནང་བཤད་སྲོལ་ཞིག་ལ་ད་ཕན་འབྲེལ་མོལ་ཐེངས་དྲུག་བྱས་པ་དེ་གྲུབ་འབྲས་གང་ཡང་ཐོན་མེད་ཅེས་གསུང་མཁན་ཡོད། གྲུབ་འབྲས་གང་ཡང་མ་ཐོན་པ་ཞིག་རྩ་བ་ནས་མ་རེད། འབྲེལ་མོལ་ཐེངས་དྲུག་སོང་བའི་དབང་གིས་ད་རེས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་ང་ཚོར་ཁེ་ཕན་ལས་གྱོང་གུན་རྩ་བ་ནས་ཐོབ་མེད། ྋསྐྱབས་མགོན་རིན་པོ་ཆེས་ད་ལོའི་གསུང་འཕྲིན་ནང་འབྲེལ་མོལ་ཐེངས་དྲུག་བྱས་པ་དེས་དོན་དམ་པའི་འབྲས་བུ་གང་ཡང་བྱུང་མ་སོང་ཞེས་བཀའ་གནང་ཡོད། དོན་དམ་པའི་འབྲས་བུ་ཞེས་པ་དེ་རྩ་དོན་ལ་འགྱུར་བ་འགྲོ་བའི་གྲུབ་འབྲས་ཤིག་ལ་གོ་དགོས། དེ་འདྲའི་གྲུབ་འབྲས་མ་བྱུང་རུང་ཐ་སྙད་པའི་གྲུབ་འབྲས་ཡོང་གི་ཡོད། ཐོག་མར་འགོ་བཙུགས་དུས་ནས་ང་ཚོས་ཉིན་དང་པོར་དོན་དམ་པའི་གྲུབ་འབྲས་ཡོང་བའི་རེ་བ་བྱས་མེད། ངེས་པར་དུ་གནང་དགོས་པའི་གལ་གནད་ཆེ་བའི་ལས་རིམ་ཞིག་ཏུ་བརྩི་བ་ཡིན། ཐིགས་པ་བསགས་པའི་རྒྱ་མཚོ་ལྟ་བུས་བོད་ཀྱི་དཀའ་རྙོག་སེལ་བའི་ཕྱོགས་སུ་གོམ་པ་གཅིག་གཉིས་ཤིག་ཡིན་པར་ཏན་ཏན་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་མང་ཚོགས་ཀྱིས་མཐོ་མ་དྲགས་པ་དང༌། དམའ་མ་དྲགས་པའི་ཚོད་དཔག་ཅིག་གནང་དགོས་པ་དེ་གལ་ཆེན་པོ་རེད། བར་ལམ་བྱུང་བའི་གལ་གནད་ཆེ་བའི་གནས་ཚུལ་འདི་ཙམ་ཡིན།

བསྐྱར་ནན་ཞུ་རྒྱུའི་དོན་ཚན།
གསལ་བསྒྲགས་སྔོན་མའི་དོན་ཚན་ ༡༡ དང༌། ༡༢ པ། ༡༣ པ་བཅས་ཀྱི་ནང་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ཐབས་སུ་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་སྤྱི་དང༌། བྱེ་བྲག་ཞབས་རིམ་གསོག་སྒྲུབ་ཇི་དགོས་ཀྱི་སྐོར་དང༌། དོན་ཚན་ ༡༢ པར་བོད་མི་སོ་སོའི་དཔལ་འབྱོར་བསྲི་ཚགས་དགོས་སྐོར། དོན་ཚན་ ༡༣ པར་གཞིས་བྱེས་བོད་མི་ཡོངས་རྫོགས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་བཀའ་དགོངས་དང་མ་འགལ་བ་དགོས་རྒྱུའི་འབོད་སྐུལ་བཅས་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ཡིན་སྟབས། ད་ལམ་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན།
ད་ལྟའི་གནས་སྐབས་འདིར་བོད་ཀྱི་རྩ་དོན་ཐོག་ཕན་གནོད་འབྲེལ་བའི་ཕྱག་ལས་དང་ལམ་སྟོན་གནང་ཐུབ་མཁན་དེ་ྋགོང་ས་མཆོག་ཁོ་ན་མ་གཏོགས་མེད། ང་ཚོའི་ཛ་དྲག་གཉན་འཕྲང་ཅན་འདི་འདྲའི་སྐབས་ལས་དོན་དང་བྱ་བ་ཐམས་ཅད་ྋགོང་ས་ཆེན་པོའི་དགོངས་པ་དང་མ་མཐུན་པ་དང༌། བཀའ་སློབ་དང་འགལ་ན་རྩ་དོན་ལ་གནོད་པ་ལས་ཕན་ཐོགས་མེད། དེར་བརྟེན་གཞིས་བྱེས་བོད་མི་ཡོངས་དང༌། ལྷག་པར་དུ་བོད་ནང་ཡོད་པའི་བོད་མིའི་བསམ་བློའི་ནང་ཐེ་ཚོམ་དང་སོམ་ཉི་གང་ཡང་མེད་པ་དེ་ད་ལོ་གསལ་པོ་ཆགས་པ་རེད། བོད་ས་ཁྱོན་ཡོངས་ལ་ལས་འགུལ་སྣ་ཚོགས་བྱུང་སྐབས་འབོད་ཚིག་འདྲ་མིན་མང་པོ་ཡོད་ཀྱང༌། འབོད་ཚིག་གཅིག་བོད་ས་སྟོད་སྨད་བར་གསུམ་ལ་བོད་མི་སེར་སྐྱ་རྒན་བྱིས་ཡོངས་ཀྱིས་ཁྱད་པར་མེད་པར་སྒྲོག་པ་དེ་ནི་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་བོད་ལ་ྋཞབས་སོར་འཁོད་ཐུབ་པ་དགོས་ཞེས་པ་དེ་རེད། དེའི་ཐོག་ནས་བོད་ནང་ཡོད་པའི་བོད་མི་དེ་ཚོས་ྋགོང་ས་མཆོག་ལ་གུས་བརྩི་དང་དད་གུས་ག་ཚོད་ཡོད་པ་དེ་ཁ་གསལ་གཏིང་གསལ་ཆགས་ཟིན། ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་དེ་ཚོས་ཕྱོགས་གཅིག་ནས་རང་དབང་ཆེ་དྲགས་པའམ། ཡང་ན་ཕྱོགས་གཞན་ཞིག་ནས་མང་གཙོའི་ཁེ་ཕན་ྋགོང་ས་ཆེན་པོས་གནང་བ་དེ་བེད་སྤྱོད་གཏོང་སྟངས་མ་ཤེས་པ་གང་ཡིན་རུང༌། གང་ལྟར་ྋརྒྱལ་བ་རིན་པོ་ཆེའི་ལམ་སྟོན་ལས་ལྷག་པའི་ལམ་ཞིག་ཡོད་པ་ལྟ་བུ་དང༌། ྋསྐྱབས་མགོན་རིན་པོ་ཆེས་ད་བར་བསྐྱངས་པའི་མཛད་འཕྲིན་དེ་ཚོས་མ་འདེང་བ་དང་དེ་ལས་ལྷག་པའི་ནུས་པ་ཐོན་པའི་ལས་འགུལ་བྱེད་རྒྱུ་ཡོད་པའི་བསམ་ཚུལ་འཁྱེར་ནས་འགྲོ་བ་ཡིན་ན་ང་ཚོ་འཕྲལ་ཕུགས་གཉིས་ཀར་ཕུང་རྒྱུ་དང༌། རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་འགྲོ་སྟངས་མ་ཤེས་པ་ཞིག་ཆགས་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་ཞིག་རེད། སྤྱིར་བཏང་དེ་ཚོའི་ཐོག་རྒྱ་ཆེ་མང་ཚོགས་ཧ་ཅང་བརྟན་པོ་རེད། ཡིན་ནའང་མཚམས་རེ་ལྷག་པ་རྒྱག་ཕྱོགས་དང༌། སྐད་ཆ་བཤད་ཕྱོགས་ཐོག་ནས་མགོ་འཐོམས་པའི་ཉེན་ཁ་མེད་པ་མིན་པར་བརྟེན། བསྐྱར་ལྡབ་ཡང་ལྡབ་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཤར་བསྐྱོད་དགོས་པ་དང༌། བཀའ་དང་མཐུན་པར་འགྲོ་དགོས་པ་གལ་ཆེན་པོ་ཡིན་པ་དེ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བཙན་བྱོལ་མང་ཚོགས་ལ་ལམ་སྟོན་ཞུ་རྒྱུ་གལ་གནད་ཆེ་ཤོས་དེ་ཡིན།
ཁ་སང་ཉེ་ཆར་ཚོགས་འདུ་གོང་མ་ཞིག་ལ་གནས་ཚུལ་ཞུས་པ་བཞིན་ཕྱག་འབྲེལ་ཕྱི་དྲིལ་བཀའ་བློན་སྐལ་བཟང་ལགས་ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ལ་སྐོར་བསྐྱོད་གནང་མུས་ཡིན། ཕྱག་འབྲེལ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཨོ་སི་ཀྲོ་ལི་ཡ་སོགས་སུ་ཆེད་ཕེབས་ཀྱིས་ལས་དོན་གྲུབ་སྟེ་ཕྱིར་འཁོར་ཟིན། བཙན་བྱོལ་བོད་མྀའི་སྤྱི་ཚོགས་བར་ལམ་ལས་འགུལ་སྣ་ཚོགས་ནང་བདག་སྟེ་གཞིས་སྒར་ཁག་གི་ནང་མི་འབོར་ཧ་ཅང་ཉུང་ཉུང་ལས་མ་ལྷག་པས་ད་བར་བཀའ་ཤག་གིས་དམིགས་བསལ་ཉེ་ཆར་བྱུང་བའི་བོད་ཀྱི་གནས་ཚུལ་དང་འབྲེལ་བའི་གསལ་བཤད་ཞུ་རྒྱུའི་གོ་སྐབས་བྱུང་མེད། ད་ཆ་ཕྱི་རོལ་གྱི་ལས་འགུལ་མང་པོ་སྤེལ་ཟིན་ནས་ཚང་མ་སོ་སོའི་ས་གནས་སུ་ཕེབས་པའི་རེ་བ་བྱས་ཏེ་སང་ཉིན་ནས་རྒྱ་གར་ལྷོ་ཕྱོགས་དང་དབུས་ཀྱི་གཞིས་ཆགས་ཁག་གིས་དབུས་པའི་བོད་མིའི་གཞིས་སྒར་ཁག་ལ་བར་ལམ་བྱུང་བའི་གནས་ཚུལ་སྐོར་ལ་གསལ་བཤད་ངོ་སྤྲོད་ཞུ་ཆེད་ཕྱག་འབྲེལ་ཤེས་རིག་བཀའ་བློན་དང༌། དཔལ་འབྱོར་བཀའ་བློན་གཉིས་ཕྱོགས་བགོས་ཀྱིས་ཆིབས་སྒྱུར་གནང་རྒྱུ་ཡིན། རིམ་པས་མང་ཚོགས་དང་ཐད་ཀར་འབྲེལ་ལམ་ཐོག་ནས་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཡོང་གི་རེད། དེ་རིང་འདིར་ཕེབས་པའི་མང་ཚོགས་རྣམ་པ་དང༌། ཁྱེད་ཚོའི་བརྒྱུད་ནས་བོད་མི་ཡོངས་ལ་བཀའ་ཤག་ངོས་ནས་གསལ་བཤད་ཞུ་དགོས་པའི་གནད་དོན་གལ་ཆེ་བ་མདོར་བསྡུས་ཙམ་ཞུས་ཟིན་པ་ཡིན།
བར་ལམ་བོད་ནང་རྙོག་འཛིང་ཆེན་པོ་འདི་མ་བྱུང་གོང་ནས་བྱེས་འབྱོར་བོད་མིའི་ཁྲོད་ལྷོ་ཕྱོགས་གཞིས་སྒར་ཁག་གིས་མཚོན་པའི་ཆོས་སྡེ་ཆེན་པོ་རྣམས་སུ་དོལ་རྒྱལ་གྱི་དཀའ་རྙོག་སངས་རྒྱུར་གྲུབ་འབྲས་ཆེན་པོ་ཐོན་ཡོད། གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་རི་བོ་དགེ་ལྡན་པ་དང༌། ས་སྐྱའི་ཆོས་སྡེ་ཡོངས་སུ་རྫོགས་པ་དོལ་རྒྱལ་དང་འབྲེལ་བ་མེད་པར་གཙང་མ་ཆགས་ཡོད། འོན་ཀྱང་དོལ་རྒྱལ་ཚོགས་པའི་ངོས་ནས་ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་ཐོག་དང༌། རྒྱ་གར་གཞུང༌། བཙན་བྱོལ་བོད་གཞུང་བཅས་ཀྱི་ཐོག་ལྡི་ལི་ཁྲིམས་ཁང་མཐོ་བའི་Delhi High Courtནང་ཁ་མཆུ་ཞིག་བཙུགས་ཡོད། ཁ་མཆུ་དེའི་ཐོག་མའི་ཉན་ཞིབ་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་འཁེལ་གྱི་ཡོད། ཁོ་ཚོའི་རེ་བ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ངོ་མ་ཁྲིམས་ཁང་ནང་ཁ་གཏད་བསླང་ཐུབ་ན་སྙམ་པ་ཡོད་ཀྱང༌། རྒྱ་གར་ཁྲིམས་དང་ལྡན་པའི་ལུང་པའི་ནང་དེ་འདྲའི་གནས་ཚུལ་ཡོང་གི་ཡོད་པའི་ཚོད་དཔག་ནམ་ཡང་བྱེད་ཀྱི་མེད། རྒྱ་གར་གཞུང་དང་བཙན་བྱོལ་གཞུང་གི་ངོས་ནས་ཁྲིམས་དང་མཐུན་པ་དང༌། ལུགས་སྲོལ་དང་མཐུན་པའི་སྒོ་ནས་གདོང་ལེན་བྱེད་རྒྱུ་རེད། དེ་ལ་སེམས་ཁྲལ་དང༌། ཞེད་སྣང་བྱེད་དགོས་པ་གང་ཡང་མེད། འོན་ཀྱང་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་གནས་ཚུལ་ཙམ་དུ་ཞུས་པ་ཡིན།
གོང་དུ་ཞུས་པ་ལྟར་རྒྱ་མི་དང་དོལ་རྒྱལ་རྗེས་འབྲང་བ་རྣམས་ཁ་གཏད་མཉམ་དུ་བཅག་དགོས་པ་ཞིག་ཏུ་གྱུར་ཅིང༌། ཁོ་ཚོའི་ངོས་ནས་མཉམ་རུབ་ཀྱིས་ཚུར་རྒོལ་བྱེད་ཡོང་དུས། ད་ལྟའི་གནས་སྐབས་སུ་གནས་ཚུལ་ཧ་ཅང་གསལ་པོ་ཆགས་ཟིན་སྟབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། བཙན་བྱོལ་བོད་གཞུང་གི་ངོས་ནས་གཟིགས་ཕྱོགས་དང་གནང་ཕྱོགས་བདེ་རུ་ཕྱིན་པ་རེད། དེ་ཚང་མའི་ཐུགས་ལ་འཇགས་རོགས་གནང༌།
ད་ལྟའི་གནས་སྐབས་འདིར་འཛམ་གླིང་ཁྱོན་ཡོངས་སུ་བོད་དང་བོད་དོན་གྱི་ཆེད་རྒྱབ་སྐྱོར་གྱི་རྣམ་པ་བློ་ཡུལ་དུ་མི་ཤོང་བ་ལྟ་བུའི་ཚད་མཐོན་པོ་ཞིག་ལ་སླེབས་ཡོད། དེ་ལྟར་སླེབས་ཐུབ་པའང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་དང༌། བོད་མིའི་འཚེ་མེད་ཞི་བའི་ལམ་གྱི་ནུས་པ། བོད་རྒྱ་ཆེ་མང་ཚོགས་ཀྱི་ཆིག་བསྒྲིལ་བཅས་ཁོ་ན་ལ་བརྟེན་ནས་བྱུང་བ་རེད། ང་ཚོ་ལྟ་བུའི་རྙོག་དྲྭ་ཡོད་མཁན་འཛམ་གླིང་ནང་མང་པོ་ཡོད་ཀྱང་རྒྱབ་སྐྱོར་དེ་འདྲ་ཡོང་གི་མེད། དེར་བརྟེན་ང་ཚོས་རང་གི་ནུས་པ་དང༌། སྟོབས་ཤུགས་གང་ཡིན་ངོས་གཟུང་དགོས། ང་ཚོའི་ཆིག་བསྒྲིལ་གྱི་ནུས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་ནུས་པ། འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་གནས་ཐུབ་པ་བྱེད་རྒྱུ་རྣམས་ང་ཚོའི་ལག་ཆ་བླ་ན་མེད་པ་དེ་རེད། ལག་ཆ་དེ་དག་ཉམས་ཆག་མི་འགྲོ་བ་ཞིག་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།
ང་ཚོའི་འཐབ་རྩོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཉུང་ཤས་ཤིག་དང་མཉམ་དུ་རེད་མ་གཏོགས། རྒྱ་ནག་གི་མི་རིགས་དང་རྩ་བ་ནས་མ་རེད། ཉེ་ཆར་ྋགོང་ས་མཆོག་ཨ་རིའི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་གནང་སྐབས་བོད་རྒྱ་མཛའ་འབྲེལ་ཚོགས་པ་དེ་འདྲ་བཙུགས་ཐུབ་ན་དགེ་མཚན་ཡོད་རེད་ཅེས་བཀའ་སློབ་གནང་ཡོད། སྔ་ལོ་ཕྱི་ཟླ་བདུན་པའི་འཁྲུངས་ལྷ་དབྱར་གསོལ་སྐབས་བཀའ་ཤག་གི་གཏམ་བཤད་ནང་བོད་མི་མི་རེ་ངོ་རེས་རྒྱའི་མི་རིགས་དང་མཉམ་དུ་འབྲེལ་བ་བྱེད་དགོས་པ་དང༌། རྒྱའི་མི་རིགས་དང་མཐོང་ཆུང་མི་བྱེད་རྒྱུའི་སྐོར་ཞུས་ཡོད། སྤྱིར་བཏང་འཛམ་གླིང་གི་མི་ཚང་མར་གཅིག་གྱུར་གྱིས་མཛའ་བརྩེ་དང་མཐུན་འབྲེལ་དགོས་པ་སྨོས་མེད་ཐོག ལྷག་པར་དུ་རྒྱའི་མི་རིགས་དང་མཐུན་འབྲེལ་ཡག་པོ་བཟོ་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་ཚང་མའི་ཐུགས་ལ་བཞག་རོགས་གནང༌། ཁ་སང་སྔོན་མའང་ཞུས་ཡོད། རྒྱ་ནག་མི་མང་གི་བསམ་ཚུལ་ལ་དོ་ཕོག་འགྲོ་བའི་ལས་དོན་དཔེར་ན། ཨོ་ལམ་པིཀ་རྩེད་འགྲན་ལ་གནོད་སྐྱོན་གཏོང་བའི་ལས་དོན་དང༌། རྒྱ་ནག་རྒྱལ་ཁབ་ཀྱི་དར་ཆ་ལ་གུས་བརྩི་མེད་པ་བྱ་རྒྱུ་དེ་དག་ཚང་མ་ང་ཚོའི་སེམས་ནང་གི་ཁོང་ཁྲོའི་རྣམ་འགྱུར་ཕྱི་རུ་བསྟན་རྒྱུ་ཙམ་མ་གཏོགས། དེ་ལས་གཞན་པའི་འཕྲལ་ཕུགས་རྒྱང་གསུམ་གང་ལའང་སོ་སོ་དང་བོད་མི་རིགས་གཉིས་ཀར་ཁེ་ཕན་ཡོང་རྒྱུའི་ཚབ་ཏུ་གནོད་སྐྱོན་ཡོང་རྒྱུ་ཡིན་པ་གསལ་པོར་ཆགས་ཡོད། དེར་བརྟེན་དེ་ཚོའི་ཐོག་དགོངས་པ་བཞེས་ཕྱོགས་མ་ནོར་བ་གནང་དགོས། ལྷག་པར་ྋརྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་ནས་ཟུར་དུ་མ་ཐོན་པ་གནང་དགོས་པ་ང་ཚོའི་སྲོག་རྩ་ལྟ་བུ་ཡིན་ཞེས་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།