ཇི་ནི་ཝར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་གནང་བའི་གསུང་བཤད།

༄༅།། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། ཚོགས་འདུའི་དབུ་བཞུགས་མཆོག་དང༌། སྐུ་ཞབས་ཇོ་ན་ཐན་སེ་སན། ཌོག་ཊར་བཀྲ་ཤིས་སྟག་ཚང༌། སྐུ་ཞབས་ཡན་ཅཱ་ཆི་ཡི། སྐུ་མགྲོན་རྣམ་པ། ཚོགས་མི་རྣམ་པ། གསར་འགོད་པ་རྣམ་པ། ཕྱག་སྦྲེལ་ལས་བྱེད་རྣམ་པ་བཅས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཐོག་མ་རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་(International Fellowship of Reconciliation and Swiss Tibetan Friendship Association) ལྷན་རྒྱས་ལ་ད་རེས་སུད་སི་གྲོང་ཁྱེར་གྲགས་ཅན་ཇི་ནི་ཝའི་ནང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་འདི་ཚོགས་བསྐོང་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཉན་འཕྲང་ཅན་གྱི་དུས་ཚོད་འདིར་རྒྱ་བོད་མི་རིགས་གཉིས་ཕན་ཚུན་དྭོགས་པ་རྣམ་རྟོག་སྣ་ཚོགས་འོག་འབྲེལ་གཏུག་དང་གོ་རྟོགས་སྤེལ་རེས་མ་བྱས་པར་བསྡད་རྒྱུ་ནི་ཕྱོགས་གཉིས་ཀར་གྱོང་གུན་ཕོག་གཞི་མ་ཟད། མི་རིགས་གཉིས་ཁ་བྲལ་གཏོང་རྒྱུའི་ངན་བྱུས་རྩོམ་མཁན་རྣམས་ཀྱི་དམིགས་ཡུལ་འགྲུབ་པར་ཕན་ཐོགས་ཡོང་རྒྱུ་ལས་མ་འདས་པས་ད་རེས་ཀྱི་ཚོགས་ཆེན་འདི་ནི་དུས་ཀྱི་དགོས་མཁོ་དང་ཤིན་ཏུ་མཐུན་པ་ཞིག་ཡིན།

སུད་ཛ་ལན་ཌི་ནི་དུས་ཡུན་རིང་པོའི་བར་དམག་འཐབ་སྤོང་ཞིང༌། ཕྱོགས་བསྒྲིལ་མེད་པའི་བར་བཞུགས་ཀྱི་རྒྱལ་ཁབ། འཁོན་རྩོད་བར་འདུམ་གྱི་བྱུང་རབས་མང་པོ་ཡོད་པའི་རྒྱལ་ཁབ་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། ཡོ་རོབ་ནང་བཙན་བྱོལ་བོད་མི་མང་ཤོས་ཀྱི་གནས་ཡུལ་ཡིན་པ་དང༌། ཡུལ་ལྗོངས་ཀྱི་མཛེས་སྡུག་དང་ས་བབ་གནམ་གཤིས་གང་གི་ཆ་ནས་མི་ཚོགས་མང་པོའི་ཡུལ་སྐོར་སྤྲོ་འཆམ་འགྲོ་ཡུལ་ཁྱད་འཕགས་ཤིག་ཡིན་པས་ཚོགས་འདུ་ཚོགས་ཡུལ་ཕུན་སུམ་ཚོགས་པ་དང༌། ཚོགས་སྐོང་གནང་མཁན་སྒྲིག་འཛུགས་གཉིས་ཀྱང་སྤྱི་ཚོགས་ནང་འཆམ་མཐུན་དང་མཛའ་གྲོགས་ཀྱི་འདུ་ཤེས་གོང་འཕེལ་གཏོང་མཁན་ཡིན་པས་ཚོགས་སྐོང་གནང་མཁན་ཕུན་སུམ་ཚོགས་པ། ཚོགས་ཕེབས་འཐུས་མི་རྣམ་པའང་མཁྱེན་མྱོང་གཉིས་ལྡན་དྲང་བདེན་ལ་དགའ་བ། ཕྱོགས་ལྷུང་དང་རང་ལྟ་མཆོག་འཛིན་གྱི་མཁྲེགས་བཟུང་མེད་པར་ཐུགས་བློ་ཡངས་ཤིང༌། དངོས་ཐོག་བདེན་འཚོལ་གནང་མཁན་ཁྱད་འཕགས་ཀྱི་མི་སྣ་ཤ་སྟག་ཕེབས་འདུག་པས་ཚོགས་མི་ཕུན་སུམ་ཚོགས་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་དབུ་འབྱེད་དུ་ྋཞབས་སོར་འཁོད་དེ་གསུང་བཤད་བཀའ་དྲིན་བསྩལ་བས་ལམ་སྟོན་ཕུན་སུམ་ཚོགས་པ་བཅས་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པའི་ཚོགས་ཆེན་འདི་ལ་བརྟེན་ནས་མི་རིགས་གཉིས་ཀར་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་གྲུབ་འབྲས་རླབས་ཆེན་ཞིག་འཐོན་རྒྱུ་ཡིན་པར་ཐེ་ཚོམ་མེད།

ཚོགས་ཕེབས་གནང་མཁན་ཚང་མ་འཛམ་གླིང་ཤར་ནུབ་ཀྱི་ཐག་རིང་ཡུལ་གྲུ་ཁག་ནས་སྐུ་ངལ་ལ་མ་འཛེམས་པར་རྩ་ཆེའི་དུས་ཚོད་དང་འགྲོ་གྲོན་ཕངས་མེད་བཏང་སྟེ་ཕེབས་འདུག་པ་འདིས་ཁྱེད་རྣམ་པས་རྒྱ་བོད་མི་རིགས་གཉིས་ཀྱི་ཆིག་བསྒྲིལ་ལ་གལ་གནད་ཇི་ཙམ་རྩིས་གནང་གི་ཡོད་པ་དང༌། ཐུགས་འགན་ཇི་ཙམ་བཞེས་ཀྱི་ཡོད་པ་གསལ་པོ་མཚོན་པ་རེད། འདི་ལ་བརྟེན་ནས་ང་ཚོར་དགའ་སྤྲོ་དང་བློ་སྤོབས་ཆེན་པོ་ཐོབ་སོང་བས་ཚོགས་འཐུས་མི་རེ་ངོ་རེ་ལ་ངས་བོད་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུ་དང༌། སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་བོད་མི་རིགས་གཉིས་ནི་དུས་ཚོད་མང་པོའི་རིང་ཕན་ཚུན་སྤུན་ཟླ་ལྟ་བུའི་མཛའ་བརྩེ་དང༌། སྐབས་རེ་གཡུལ་འགྱེད་རེས་ཀྱང་བྱུང་མོད། ཁྱིམ་མཚེས་ཉེ་པོ་ཞིག་ཏུ་གནས་ཏེ་ཕྱི་ལོ་བརྒྱ་ཕྲག་བདུན་པ་ཙམ་ནས་བཟུང་ཆོས་ཕྱོགས་ནས་ཀྱང་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་འགོ་ཚུགས་ཤིང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མཇུག་ཙམ་ནས་རྒྱ་ནག་ཡོན་གོང་མའི་དབང་བསྒྱུར་སྐབས་རྒྱ་བོད་མཆོད་ཡོན་ཞེས་པའི་འབྲེལ་བ་དམིགས་བསལ་བ་དེ་བྱུང་སྟེ་མན་ཇུའི་སྐབས་ཀྱང་མི་རིགས་གཉིས་ཐུན་མིན་འབྲེལ་བའི་ངང་གནས་ཡོད། ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་གང་ཐད་ནས་འགྱུར་བ་རླབས་ཆེན་བྱུང་བའི་འོག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་འཛིན་པ་ནས་བཟུང་བོད་རྒྱ་མི་རིགས་གཉིས་ཀར་བསམ་ཡུལ་ལས་འདས་པའི་དཀའ་ངལ་བྱུང་སྟེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་བརྒྱད་ཁྲི་བརྒལ་བ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ལོ་ལྔ་བཅུ་སོང་བ་དང༌། བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་ལའང་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་དགོས་བྱུང་བ་ད་ལྟའང་དེ་མུར་གནས་ཡོད། འོན་ཀྱང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་འདི་དག་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ཀྱི་མིག་རྒྱང་ཐུང་ཞིང་གུ་དོག་པའི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ལས། རྒྱ་མི་རིགས་ཀྱིས་བཟོས་པ་མིན་པའི་ངོས་འཛིན་གསལ་པོ་གནང་སྟེ། བོད་རྒྱ་མི་རིགས་གཉིས་བསམ་བློའི་ཁ་བྲལ་མི་འགྲོ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་རྒྱུན་མཐུད་གནང་ཡོད།

རྒྱ་རིགས་ཀྱི་ངོས་ནས་ཀྱང་དངོས་དོན་མཁྱེན་མཁན་མང་པོས་ྋགོང་ས་ཆེན་པོར་གུས་བརྩི་དང༌། བོད་རིགས་ལ་ཤ་ཚ་གནང་མཁན་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་དེང་སྐབས་མངོན་གསལ་ཆེ་རུ་འགྲོ་བཞིན་པ་དཔེར་ན་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་དོན་སྐོར་དངོས་ཡོད་གནས་ཚུལ་དང་མཐུན་པའི་དྲང་བདེན་གྱི་རྩོམ་ཡིག་འབྲི་མཁན་རྒྱ་ནག་ཕྱི་ནང་གཉིས་སུ་ཇི་ཙམ་ཞིག་མང་པོ་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་དང༌། དེ་དག་གིས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་ཡོད།

དེ་སྔོན་ཡིན་ན་རྒྱ་གཞུང་དབང་འཛིན་པ་ཚོས་བོད་རིགས་ཡོངས་རྫོགས་ཞིང་བྲན་རིང་ལུགས་ནས་བཅིངས་བཀྲོལ་ཐོབ་སྟེ་རང་དབང་བདེ་སྐྱིད་ཀྱི་ངང་རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་བྱེད་མཁན་ཤ་སྟག་ཡིན་པ་དང༌། རྙོག་ཁྲ་བཟོ་མཁན་ཏཱ་ལའི་རུ་ཚོགས་ཁ་བྲལ་བ་ཆེས་ཉུང་ཤས་ཤིག་ཡིན་པའི་འགྲེལ་བརྗོད་བྱེད་སྲོལ་ཡོད་ཀྱང༌། སྔ་ལོའི་གསུམ་བཅུའི་དོན་རྐྱེན་ནས་བཟུང་བོད་དུ་བྱུང་བའི་ཞི་བའི་ལས་འགུལ་ཡོངས་རྫོགས་རྒྱ་མི་རིགས་ལ་རྒོལ་རྡུང་ཡིན་ཚུལ་གྱིས་མི་རིགས་ཁ་བྲལ་གཏོང་རྒྱུའི་འཆར་གཞི་ལྡན་པའི་ལས་འགུལ་དང༌། དྲིལ་བསྒྲགས་ཤུགས་ཆེ་སྤེལ་དང་སྤེལ་བཞིན་པ་དེའི་དབང་གིས་རྒྱ་རིགས་མང་ཚོགས་ནང་རྒྱ་གཞུང་གི་ལོག་པའི་དྲིལ་བསྒྲགས་ལ་རྨོངས་ཏེ་མི་རིགས་འཁོན་འཛིན་གྱི་བསམ་ཚུལ་ཡོད་མཁན་ཇི་སྙེད་ཅིག་བྱུང་ཡོད་ཚོད་འདུག་ཀྱང༌། ད་ཆ་རིམ་པས་བདེན་པ་མཐའ་གསལ་གྱིས་དངོས་དོན་ར་འཕྲོད་ཡོང་གི་ཡོད་པ་ནི་ཉེ་ཆར་པེ་ཅིང་ནས་ཐོན་པའི་སྔ་ལོའི་བོད་ཀྱི་བྱུང་རྐྱེན་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ་ལྟ་བུས་རྒྱ་རིགས་ནང་རྒྱུན་དུ་རྒྱ་གཞུང་གི་རྫུན་པའི་དྲིལ་བསྒྲགས་ལ་དབུ་འཁོར་ནས་མི་བཞུགས་པའི་དན་རྟགས་གསལ་སྟོན་བྱས་ཡོད་ཅིང༌། ྋགོང་ས་མཆོག་གིས་ཀྱང༌། ད་ལྟའི་རྒྱ་གཞུང་གི་དབུ་ཁྲིད་ཚོར་ངའི་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་བཞིན་ཡང༌། རྒྱ་ནག་མི་མང་ལ་ངའི་ཡིད་ཆེས་འགྱུར་བ་མེད་ཅེས་ཡང་ཡང་བཀའ་གནང་གི་ཡོད།

མི་རིགས་ཆིག་བསྒྲིལ་ནི་རྒྱལ་ཁབ་བརྟན་ལྷིང་གི་གཞི་རྩ་ཡིན་པ་དང༌། རྒྱ་ནག་བརྟན་ལྷིང་ནི་འཇིག་རྟེན་ཞི་བདེའི་གཞི་རྩ་ཡིན་པས་གནད་དོན་འདི་སུས་ཀྱང་སྣང་ཆུང་བྱེད་ཐབས་མེད། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་པ་ཡིན་པ་དང༌། དེའི་ངོས་ནས་འབྱུང་འགྱུར་བོད་མིའི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ཀྱི་དགོངས་དོན་འོག་སེལ་ཐབས་བྱེད་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་བྱེད་ཀྱི་ཡོད་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་ཡང་ཡང་གསལ་བརྗོད་ཟིན་པ་མ་ཟད། ལྷག་པར་ཕྱི་ལོ་༢༠༠༢ ནས་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མཛད་གཙོ་རྣམ་པ་དང་འབྲེལ་མོལ་ཐེངས་བརྒྱད་དང༌། ནང་ལུགས་ཀྱི་གོ་བསྡུར་ཐེངས་གཅིག་བཅས་ཞུས་པའི་བརྒྱུད་རིམ་དུ་ཡིག་ངག་གཉིས་ཐོག་ནས་གསལ་པོ་བཟོས་ཟིན། ལྷག་པར་སྔ་ལོ་འབྲེལ་མོལ་བརྒྱད་པའི་སྐབས་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ད་ལྟ་རྒྱ་ཁྱབ་ཡོངས་གྲགས་བྱས་ཟིན་པ་དེའི་ནང་གསལ་འཁོད་ཡོད་པ་དེ་ནས་ཚང་མས་མཁྱེན་རྟོགས་ཐུབ་རྒྱུ། ང་ཚོའི་ངོས་ནས་བོད་རྒྱ་མི་རིགས་ཁ་བྲལ་མི་འགྲོ་བའི་ཐབས་ཚུལ་ལ་འབད་རྩོལ་རྒྱུན་འཁྱོང་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་བཞིན་པ་ཡིན་སྟབས། འབྱུང་འགྱུར་ཡང་རྒྱ་ནག་དབང་འཛིན་པ་རྣམས་དང་ལྷན་དུ་སྔ་ལོ་ཕུལ་ཟིན་པའི་བསམ་འཆར་གྱི་ཐོག་མུ་མཐུད་འབྲེལ་མོལ་ཞུ་རྒྱུའི་བསམ་ཚུལ་ལ་འགྱུར་བ་གང་ཡང་མེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་པས་དེའི་གཞུང་སྲིད་དབང་འཛིན་པས་ཁྱབ་ཁོངས་མི་རིགས་ཚང་མའི་མངོན་འདོད་བསྒྲུབ་དགོས་ཤིང༌། དེ་ལྟར་བསྒྲུབ་ན་རྩ་ཁྲིམས་ཀྱི་དགོངས་དོན་མི་རིགས་འདྲ་མཉམ་དང༌། མི་རིགས་མཐུན་འབྲེལ་ཡང་ཡོང་ཐུབ།

ད་ལྟའི་ཆབ་སྲིད་དབང་འཛིན་པའི་ལྟ་གྲུབ་དང༌། སྲིད་བྱུས། ལས་དོན་བྱེད་ཕྱོགས་བཅས་ལ་འདོད་བློ་མ་ཁེངས་པ་དང་མོས་མཐུན་མེད་པ། ངོ་རྒོལ་གདོང་ལེན་བྱ་དགོས་སྣ་ཚོགས་ཤིག་སྔར་ཡང་བྱུང་ཞིང༌། ཕྱིས་ཀྱང་ཡོང་སྲིད་མོད། དེ་ལ་བརྟེན་ནས་བོད་རྒྱ་མི་རིགས་གཉིས་དབར་མཐུན་འབྲེལ་ཉམ་ཆག་མི་འགྲོ་བ་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་པས། ད་རེས་ཚོགས་ཆེན་འདིར་ཕེབས་པའི་ཚོགས་མི་རྣམ་པས་རྒྱ་ནག་མང་ཚོགས་ལ་བོད་མི་རིགས་དང༌། ལྷག་པར་དུ་བཙན་བྱོལ་བོད་མི། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ཀྱི་བསམ་ཚུལ་དང་ལང་ཕྱོགས་ཇི་ཡིན་དངོས་དོན་གྱི་གནས་ཚུལ་རྒྱ་རིགས་མང་ཚོགས་ལ་ར་སྤྲོད་དང༌། དེ་ལ་བརྟེན་ནས་མི་རིགས་མཐུན་འབྲེལ་སྲ་བརྟན་ཡོང་ཐབས་གནང་སྐྱོང་ཞུ་རྒྱུ་དང༌། དེ་བཞིན་ང་ཚོར་འབྱུང་འགྱུར་བྱེད་ཕྱོགས་ཐོག་དགོངས་འཆར་སློབ་སྟོན་གནང་རོགས་གནང་ཞེས་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

གཞན་ཡང་གོ་སྐབས་འདི་བཟུང་སྟེ་ཉེ་ཆར་ཤར་ཏུར་ཀི་སི་ཐན་ཤིན་ཅང་དུ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ལ་བློ་ཕམ་ཚད་མེད་དང་བཅས་སྐབས་དེར་ཚེ་སྲོག་ཤོར་བ་དང༌། རྨས་སྐྱོན་ཕོག་པ། དེ་མིན་གོད་ཆགས་འབྱུང་མཁན་ཚང་མར་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་དང་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་འགྲུབ་པ། བོད་རྒྱ་མི་རིགས་གཉིས་ཀྱི་ཆིག་བསྒྲིལ་ཁྲི་ལོར་བརྟན་པ། གཞིས་བྱེས་བོད་མི་མྱུར་དུ་མཉམ་འཛོམས་ཐུབ་པ། ད་རེས་ཚོགས་འདུ་འདིའི་གྲུབ་འབྲས་དོན་སྙིང་ལྡན་པ་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། །།

ཕྱི་ལོ་༢༠༠༩ ཟླ་༨ པའི་ཚེས་༦ ཉིན་ཇི་ནི་ཝར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་གནང་བའི་གསུང་བཤད།