འོས་འཕེན་གྱི་ཐོབ་ཐང་གཉིས་མི་འགྲིགས་ཚུལ་གྲོས་འཆར་ཐོག་གསལ་འདེབས།

ཆོས་བརྒྱུད་ཁག་ལ་འོས་འཕེན་གྱི་ཐོབ་ཐང་གཉིས་ཡོད་པ་དེ་མི་འགྲིགས་ཚུལ་གྱི་གྲོས་འཆར་ཐོག་གསལ་འདེབས། སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ྋགོང་ས་མཆོག་ནས་ལས་འགན་ལྕི་པོ་ཞིག་དང་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་སྔ་རྗེས་ཕེབས་ཡོད་པ་མ་ཟད། མང་ཚོགས་ནས་ཀྱང་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད་སྟབས། ཚང་མས་བགྲོ་གླེང་ཅི་འདྲ་ཞིག་གནང་ཡང་རང་ཉིད་བོད་སྤྱི་པའི་མི་ཞིག་ཡིན་པའི་འདུ་ཤེས་མ་བརླགས་པའི་ངང་ནས་མང་ཚོགས་དང་རྒྱལ་ཁབ་ཀྱི་རྩ་དོན། མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ང་ཚོས་མང་གཙོའི་ལམ་ཕྱོགས་སུ་མིག་དཔེ་བསྟན་ཐུབ་པ་དང༌། ལྷག་པར་དུ་མ་འོངས་པར་བོད་རྒྱལ་ཁབ་འདི་རྒྱལ་སྤྱིའི་ནང་ཕན་གནོད་འབྲེལ་བ་ཞིག་ཡོང་ཐུབ་པའི་ཐབས་ལམ་ད་ལྟ་ནས་བཙལ་དགོས་པ་དེ་ཐུགས་ལ་བཞག་ནས་གནང་དགོས་དང༌། སྐབས་འདིའི་སྤྱི་འཐུས་ལྷན་ཚོགས་འདི་ཁྲིམས་བཟོ་ཙམ་མ་ཡིན་པར་འཛིན་སྐྱོང་དང་ཞིབ་འཇུག་གི་ལས་དོན་ལའང་ཞར་དང་ཞོར་ལ་འགན་འཁྲི་ཡོད་པ་དང༌། ཁྱད་པར་དུ་གྲོས་ཚོགས་གོང་མ་མེད་པས། འདི་ནས་ཐལ་ཆ་ཕྱིན་ན་ཚོད་འཛིན་བྱེད་པོ་གཞན་མེད་པ་དང༌། གཞུང་འཛིན་དང་ཕྱོགས་འགལ་གཉིས་ཀའི་ལས་འགན་མཉམ་དུ་འཁྲི་ཡོད་པས་དམིགས་བསལ་བསམ་བློའི་སྒོ་རྒྱ་ཕྱེ་ནས་རྒྱུ་མཚན་དང་འབྲེལ་བའི་སྒོ་ནས་ཐག་གཅོད་གནང་དགོས་པ་དང༌། འཕྲལ་སེལ་ཙམ་གྱི་ཕན་གནོད་ལ་གཞི་རྩ་མི་འཛིན་པར་གཞི་རིམ་གྱི་གནས་སྟངས་དང་མང་ཚོགས་ཀྱི་བསམ་བློ།ཕུགས་ཐག་རིང་པོའི་ཕན་གནོད་ལ་གཞིགས་ཏེ་བགྲོ་གླེང་གནང་དགོས། ང་ཚོ་ཚང་མས་རྒྱུན་དུ་མཚན་མཐོང་དང་ནུས་ཤུགས་དགོས་པའི་བཀའ་མོལ་མང་དག་ཡོང་བཞིན་པ་ལྟར། མཚན་མཐོང་དང༌། ནུས་ཤུགས་ནི་ཕྱག་ལས་དང་གྲུབ་འབྲས་ལ་རག་ལས་ཡོད། དེས་ན་ཚང་མས་གྲོས་འཆར་གྱི་རང་བཞིན་ལ་བརྟགས་ནས་གྲོས་བསྡུར་གནང་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༢/༠༡/༡༤ ་་་ ༡༩༩༢/༠༢/༠༣