ཆོས་དགེའི་འོས་སྦྱོང་ཐོག་གནང་བའི་གསུང་བཤད།

༄༅།། ཆོས་དགེ་འོས་སྦྱོང་བ་དང་དེ་མིན་འོས་སྦྱོང་ནང་ཞུགས་མཁན་ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། བོད་ཀྱི་སློབ་གྲྭ་ཁག་ནང་སྔོན་མ་ནས་ཆོས་དགེས་མ་འདང་བའི་དཀའ་ངལ་དེ་ཡོད་བཞིན་པ་རེད། བར་སྐབས་ཤིག་ནས་ཤེས་རིག་ལས་ཁུངས་ཀྱིས་ཆོས་དགེ་འདེམས་སྒྲུག་གིས་ག་ཚོད་ཐུབ་ཐུབ་ཅིག་གཏོང་མུས་རེད། ཆོས་དགེའི་འོས་སྦྱོང་ཞིག་ཀྱང་དེ་རིང་བང་རིམ་བསྒྲིགས་འདུག ཁ་སང་ཆོས་དགེའི་འོས་སྦྱོང་ཞིག་ཡོད་ཅེས་ཐོས་སྐབས། དུས་ཚོད་བྱུང་ན་ང་ཡང་བཅར་གྱི་ཡིན་ཞེས་བཤད་པ་ཡིན། ང་དེར་སྔོན་མ་ནས་དོ་སྣང་ཕྲན་བུ་ཡོད། གང་ཡིན་ཞེ་ན། དོན་ལ་བོད་མི་རིགས་དེ་ཆོས་ལྡན་ཞིང་གི་མི་རིགས་ཤིག་ཡིན་པར་ཚད་འཛིན་བྱེད་ཀྱི་ཡོད་པ་རེད།

འཛམ་བུ་གླིང་འདིའི་ནང་མི་རིགས་སྟོང་ཕྲག་བརྒལ་བ་ཡོད་ཀྱང༌། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་ཉིས་བརྒྱ་ཟིན་མ་ཟིན་ཙམ་ལས་མེད། བོད་མི་རིགས་ནི་མི་འབོར་གྱི་ཆ་ནས་ཧ་ཅང་ཉུང་ཉུང་རེད། བཤད་རྒྱུན་ལ་བོད་མི་ས་ཡ་དྲུག་རེད། དེ་ཡང་ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ནང་སོག་པོས་བོད་མི་གྲངས་ཀ་བརྒྱབས་ནས་དུད་ཚང་ཟེར་བ་དང༌། བརྒྱ་ཤོག་ཟེར་བ། སྟོང་སྡེ་ཟེར་བ་བཟོ་སྐབས་ཀྱི་གྲངས་ཀ་ཞིག་རེད། དེ་ནས་ད་བར་བོད་མི་གྲངས་བཤེར་བྱེད་རྒྱུའི་གོ་སྐབས་བྱུང་མེད། ཕྱི་ལོ་ཉིས་སྟོང་ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་འབོར་གྲངས་བཤེར་བྱས་པའི་ཐོ་གཞུང་གཞིར་བཟུང་བྱས་ན། བོད་མི་ས་ཡ་ལྔ་དང་ཁྲི་ཁ་ཤས་མ་གཏོགས་མེད། གྲངས་བཤེར་ཚད་ལྡན་བྱས་ཡོད་མེད་ཤེས་ཐབས་བྲལ་ཡང༌། གང་ལྟར་ཁོང་ཚོའི་སྙན་ཐོ་དེའི་ནང་བོད་མི་ས་ཡ་དྲུག་ལོན་གྱི་མེད། འོན་ཀྱང་ནམ་རྒྱུན་ང་ཚོའི་ཁ་རྒྱུན་ལ་བོད་མི་ས་ཡ་དྲུག་ཅེས་བཤད་མུས་རེད།

བོད་སྲིད་པ་ཆགས་པ་ནས་ད་བར་བོད་མིའི་མི་འབོར་ས་ཡ་དྲུག་ཡས་མས་ཤིག་ལས། དེ་ལས་མང་བ་ནམ་ཡང་བྱུང་མེད། དེར་བརྟེན་གྲངས་འབོར་གྱི་ཆ་ནས་བལྟས་ན་རྒྱ་གར་གྱི་གྲོང་ཁྱེར་འབྲིང་ཁག་ཅིག་གི་མི་འབོར་ཡང་མེད། བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན། ཕྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་བཞི་བཅུ་ཞེ་གྲངས་ཤིག་ནས་བོད་ཀྱི་ཆོས་རྒྱལ་གྱི་གདུང་རྒྱུད་དབུ་བརྙེས་ཞེས་བཤད་རུང༌། དེ་དངོས་གནས་བྱུང་རབས་ཡིན་ནམ་ཡང་ན་སྒྲུང་ཡིན་ཐག་ཆོད་དཀའ། གལ་སྲིད་དེ་བྱུང་རབས་ཡིན་པའི་དབང་དུ་བཏང་ན་ང་ཚོ་བོད་མི་རིགས་དེ་རྒྱལ་ཁབ་ཀྱི་ངོ་བོར་ཆགས་ནས་ལོ་ཉིས་སྟོང་དང་བརྒྱ་ཉིས་བརྒྱ་ཙམ་མ་གཏོགས་ཕྱིན་མེད། དེའི་ནང་ནས་དུས་རབས་བདུན་པའི་དཀྱིལ་ལ་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་གཞུང་ལུགས་བྱུང་སྟེ་ནང་ཆོས་སོགས་བསྒྱུར་རྒྱུ་འགོ་ཚུགས་ནས་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་མ་གཏོགས་སོང་མེད། དེས་ན་དུས་ཚོད་ཐུང་ངུ་དེ་འདྲ་ཞིག་ནང་མི་ཉུང་ཉུང་དེ་འདྲ་ཞིག་གིས་འཛམ་བུ་གླིང་འདིའི་ནང་སྤྱིར་རིག་པའི་གཞུང་ལུགས་དང༌། ལྷག་པར་ཆོས་དང་འབྲེལ་བའི་རིག་པའི་གཞུང་ལུགས། རྩོམ་ཡིག་སོགས་རང་གི་སྐད་ཡིག་ཐོག་བྲིས་པ་དང༌། ལེགས་སྦྱར་སོགས་ནས་བསྒྱུར་བ་སོགས་གང་ལ་བལྟས་ཀྱང༌། འཛམ་བུ་གླིང་གི་ནང་མི་རིགས་སྟོང་ཕྲག་འགའ་ཤས་ཡོད་པའི་ནང་ནས་མི་རིགས་གཞན་སུས་ཀྱང་བྱེད་མ་ཐུབ་པའི་ལས་ཀ་ཞིག་བོད་མི་རིགས་ཀྱིས་བྱས་པར་བརྟེན། དེང་སང་བོད་མི་རིགས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་ཡོད་རུང༌། འཛམ་བུ་གླིང་གི་ནང་མི་རིགས་དང་མི་རིགས་དེའི་ལེགས་བྱང་ཟུར་ཐོན་གྱིས་བསྡད་ཐུབ་པ་བྱུང་བ་མ་ཟད། མི་ཚང་མས་ཡིད་སྨོན་དང་དགའ་མོས་ཀྱི་གནས་ཤིག་ཆགས་ཡོད། དེས་ན་ད་ལྟ་བོད་མི་རིགས་དེ་དཀའ་ངལ་ཆེན་པོ་ཞིག་ནང་ཡོད་རུང༌། ད་དུང་ང་ཚོའི་ངོས་འཛིན་དང་མིང་མ་བརླགས་པར་བསྡད་ཐུབ་པ་དེ་ང་ཚོའི་ཆོས་དང་རིག་པའི་གཞུང་ལུགས། ལེགས་བྱང་དེ་ཚོའི་དབང་གིས་ཡིན་པ་དེ་ཧ་ཅང་གསལ་པོ་རེད།

དཔེར་ན་རྒྱ་ནག་རྒྱལ་ཡོངས་ལ་ཡུན་རིང་དབང་སྒྱུར་བྱེད་མཁན་གྱི་སོག་པོ་དང་མན་ཇུ་གཉིས་ལས། རྒྱ་ནག་འོག་ཡོད་པའི་ནང་སོག་ལ་ཆ་མཚོན་ན། སོ་སོའི་ལུང་པའི་ནང་སོག་རིགས་མི་འབོར་གྱི་བརྒྱ་ཆ་ཉི་ཤུ་མ་གཏོགས་མེད། བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ཧན་དང་གྲངས་ཉུང་མི་རིགས་གཞན་དག་ཡིན་སྟབས། སོག་རིགས་ཧ་ལམ་ཡལ་ནས་རང་གི་ངོས་འཛིན་དང་རིག་གཞུང་གི་གནས་བབ་མེད་པ་ལྟ་བུ་རེད།

མན་ཇུ་ལྟ་བུར་ཆ་མཚོན་ན། དེ་ནི་ཧ་ལམ་བརླགས་ཏེ། གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མན་ཇུའི་མི་རིགས་བཙལ་དགོས་ན། མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཆགས་ཟིན། ནུབ་ཕྱོགས་སུ་མན་ཇུའི་མི་རིགས་ཡིན་ཟེར་མཁན་རེ་ཙམ་གཉིས་ཙམ་མཐོང་རྒྱུ་ཡོད་ལ། ཐེ་ཝན་དུ་ཡང་དེ་བཞིན་རེད། རྒྱ་ནག་སྐམ་ས་ཆེན་པོའི་ནང་དུའང་མི་འབུམ་ཕྲག་ཁ་ཤས་ནང་གཉིས་གསུམ་ཙམ་ལས་མཐོང་རྒྱུ་མེད། ཁོང་ཚོས་ང་ཚོ་མན་ཇུའི་མི་རིགས་ཡིན་ཞེས་བཤད་རུང༌། མན་ཇུའི་སྐད་དང་རིག་གཞུང་སོགས་གང་ཡང་ཤེས་ཀྱི་མེད། གང་ལྟར་མན་ཇུའི་ལེགས་བྱང་ཉམས་ཏེ་རྒྱ་མི་རྒྱ་རྐྱང་ཆགས་ཟིན། མ་བརླགས་པའི་སྔོན་གྱི་གྲངས་འབོར་བྱས་ན་བོད་པ་ལས་མན་ཇུའི་མི་འབོར་ཧ་ཅང་མང་བ་ཡོད་པ་བཤད་མ་དགོས། དེས་ན་བོད་པ་མི་འབོར་ཉུང་ཉུང་མ་གཏོགས་མེད་ཀྱང་དེང་སང་འཛམ་གླིང་གི་རྒྱལ་ཁབ་གང་དུ་སོང་ཡང༌། བོད་མི་རིགས་ཀྱི་གནས་ཚུལ་མི་ཤེས་མཁན་ཧ་ལམ་མཐོང་རྒྱུ་མེད། བོད་པ་རེ་ཟུང་ཡོད་པའང་མ་བརླགས་པར་མངོན་གསལ་དོད་པོས་མཐོང་དུ་ཡོད། མི་འབོར་དང༌། སྟོབས་ཤུགས། དཔལ་འབྱོར་བཅས་གང་གི་ཆ་ནས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་བརྒྱ་དང་སྟོང་གི་ཆར་ཡང་མི་ཕོད་རུང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྣང་མེད་དུ་འཇོག་མ་ཐུབ་པར་རྟག་ཏུ་བོད་པར་དོགས་ཟོན་དང༌། གདོང་ལེན་མ་ཐུབ་པའི་སེམས་ཁྲལ་ངང་བསྡད་དགོས་པ་ནི་ང་ཚོའི་ནང་དོན་རིག་པ་དང་འབྲེལ་བའི་ལེགས་བྱང་དང༌། རིག་པའི་གཞུང་ལུགས་ཁག་ལ་བརྟེན་ནས་བྱུང་བ་ཞིག་རེད།

དེས་ན་བོད་མི་རིགས་ཀྱི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དམིགས་བསལ་བ་ཞིག་ཡོད་པ་དེ་ཆོས་ཕྱོགས་ཀྱི་རིག་གཞུང་བདག་སྤྲོད་བྱ་རྒྱུ་དང༌། དེ་གོང་འཕེལ་དུ་གཏོང་རྒྱུ། འགྲོ་བ་མི་རིགས་གཞན་དང་མཉམ་སྤྱོད་བྱ་རྒྱུ་བཅས་ནི་ང་ཚོའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་ཞིག་རེད། དེ་བསྒྲུབ་པ་ལ་བོད་རིགས་ན་གཞོན་གསར་པ་ཚོས་ཆོས་ཀྱི་གནད་དོན་མ་ཤེས་ན་བསྒྲུབ་མི་ཐུབ། དེས་ན་ཆོས་ཀྱི་གནད་དོན་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེང་སང་ནུབ་ཕྱོགས་པས་ཆོས་ཀྱི་གནས་ཚུལ་ཤེས་དགོས་པ་དེ་གཞི་རིམ་གྱི་ཐོབ་ཐང་ཞིག་ཏུ་བཤད་ཀྱི་ཡོད།

ང་ཚོ་ནང་པ་དང་བོད་པ་ཚོས་ལས་འགན་མ་གཏོགས། ཐོབ་ཐང་གི་སྐད་ཆ་ཤོད་ཀྱི་མེད། ཐོབ་ཐང་གི་སྐད་ཆ་ཤོད་མཁན་ངོས་ནས་བལྟས་ཀྱང༌། བོད་མི་ན་གཞོན་ཚོས་ནང་དོན་རིག་པའི་གནད་དོན་ཤེས་རྒྱུ་དེ་ཁོ་ཚོའི་གཞི་རིམ་གྱི་ཐོབ་ཐང་གལ་ཆེ་ཞིག་རེད། དེ་ལོངས་སུ་སྤྱོད་ཐུབ་མིན་གཞི་རིམ་འོག་མ་ནས་བཟུང་སྟེ་ཕྲུ་གུ་ཆུང་དུས་སྐབས་ཆོས་ཀྱི་གནས་ལུགས་སློབ་སྟོན་བྱེད་མཁན་གྱི་དགེ་རྒན་ཡོད་མེད་ལ་རག་ལས་པ་རེད། མི་སུ་ཡང་ཆོས་བྱེད་དང་མ་བྱེད་ཟེར་བ་དེ་སོ་སོའི་འདོད་པ་དང་རང་དབང་རེད། ཆོས་བྱེད་པ་ཡིན་ཡང་ནང་པ་དང༌། ཕྱི་པ། མུ་སྟེགས་པ་སོགས་ཆོས་ལུགས་གང་དུ་ཕྱིན་རུང་སོ་སོའི་འདོད་མོས་རེད། སུས་ཀྱང་བཙན་དབང་གཏོང་མཁན་མེད་ལ། གཏོང་ཡང་མི་ཆོག འོན་ཀྱང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་གྱི་ཐོབ་ཐང་ཡོད་པ་དང་ཆབས་ཅིག་ཏུ་ཆོས་ཀྱི་གནས་ལུགས་ཤེས་རྒྱུའི་ཐོབ་ཐང་ཡང་ཡོད་མུས་རེད། དེ་འདྲའི་ཐོབ་ཐང་བསྒྲུབ་རྒྱུ་དེ་བཙན་བྱོལ་གཞུང་གི་ལས་འགན་རེད།

དེར་བརྟེན་ཆོས་ཀྱི་གནས་ཚུལ་ཡག་པོ་བཤད་ཤེས་མཁན་གྱི་ཆོས་དགེ་སློབ་གྲྭ་ཁག་གི་ནང་མེད་ན། སློབ་གྲྭའི་ནང་ཡོད་པའི་སློབ་ཕྲུག་གིས་ཆོས་ཀྱི་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ལ་བརྡལ་བཤིག་འགྲོ་གི་ཡོད། དེས་ན་ཆོས་དགེ་ཚད་ལྡན་སློབ་གྲྭ་ཁག་ནང་གཏོང་ཐུབ་པ་བྱ་རྒྱུ་དེ་བོད་གཞུང་དང༌། ལྷག་པར་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་གྱི་ལས་འགན་ཞིག་རེད།

ཆོས་དགེ་ཟེར་བ་དེ་སློབ་ཚན་གཞན་གྱི་དགེ་རྒན་བཞིན་ཆོས་ཀྱི་སྐོར་ལ་ཤེས་པ་ཙམ་གྱིས་མི་ཆོག་ཅིང༌། དགེ་རྒན་དེ་ཡང་ཡག་ཉེས་ལ་མ་ལྟོས་པར་ཆོས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། ཆོས་ཀྱི་ཉམས་ལེན་ཕྲན་བུ་བྱེད་མཁན་ཞིག་ཡིན་དགོས།

ཨང་རྩིས་དང༌། རི་མོ། ཤིང་བཟོ། ཀམ་པུ་ཊར། ཚན་རིག་སོགས་བསླབ་རྒྱུ་རྣམས་ཕྱི་དངོས་པོའི་གནས་ལུགས་ཀྱི་དོན་ཞིག་རེད། སློབ་མཁན་དེས་སློབ་ཚན་དེ་ཤེས་པ་ཙམ་གྱིས་འགྲིགས་པ་མ་ཟད། བསླབ་ཐུབ་ཀྱི་ཡོད། ནང་དོན་རིག་པ་ནི་ཕྱི་དངོས་པོའི་གནས་ལུགས་མིན་པར་ནང་སེམས་དང་འབྲེལ་བ་ཞིག་ཡིན་སྟབས། ཚིག་འགྲེལ་རྒྱག་ཤེས་པ་ཙམ་གྱིས་མི་འགྲིགས་པར་བསྟན་བྱའི་ཆོས་དེ་སྟོན་མཁན་གྱི་སེམས་རྒྱུད་ལ་ཕྲན་བུ་ཡོད་པ་ཞིག་དང༌། ཉམས་ལེན་གྱི་ཐོག་ནས་ཡོད་པ་ཞིག་དགོས། ཁྱེད་ཚོ་མང་ཆེ་བ་གཞུང་ཆེན་མོ་ལ་སློབ་གཉེར་གནང་མྱོང་མཁན་དང༌། རིགས་ལམ་གྱི་འགྲོས་གང་འཚམས་ཆགས་ཡོད་པར་བརྟེན། གཞི་རིམ་གྱི་གནད་དོན་མང་པོ་ཞིག་མཁྱེན་གྱི་ཡོད་ཤག་རེད།

གཞི་རིམ་གྱི་གནད་དོན་གལ་ཆེ་བ་ཞིག་གང་རེད་དམ་ཞེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་སངས་རྒྱས་ཀྱི་ཆོས་དེ་མདོར་བསྡུས་ན། ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ཀྱི་ནང་དུ་འདུས་ཤིང༌། དེ་གཉིས་ལས་གཞན་པའི་ནང་ཆོས་ཟེར་བ་ཞིག་མེད། དེ་འདྲའི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་དེ་གཞན་ལ་ཁྱབ་སྤེལ་བྱེད་པ་ལ། མེད་དུ་མི་རུང་བའི་སྔོན་འགྲོའི་དགོས་མཁོའམ་ཆ་རྐྱེན་ནི་རང་རྒྱུད་ལ་ལུང་རྟོགས་ཀྱི་ཆོས་དེ་ཡོད་དགོས་ཤིང༌། དེ་མེད་ན། བུམ་པ་སྟོང་པ་ནས་བུམ་པ་སྟོང་པར་འབྱོ་བ་ལྟ་བུ་རེད།

དཔེར་ན། དེང་སང་ང་ཚོ་བོད་པའི་ཡོངས་གྲགས་ཆོས་ཕྱོགས་ཀྱི་ལམ་སྲོལ་ནང་ལུང་རྒྱུན་ཡོད་མེད་ཀྱི་སྐད་ཆ་ཞིག་ཡོད། དེ་ནི་བླ་མས་དཔེ་ཆ་ཀློག་ནས་སློབ་མས་ཉན་རྒྱུ་ཞིག་རེད། མདོ་ལྟ་བུ་ཞིག་ལ་ཆ་བཞག་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དེ་སྡུད་པ་པོ་དང་ཞུ་བ་པོ་སུ་ཡིན་རུང༌། དེ་ནི་སྟོན་པ་ཐུབ་པའི་དབང་པོ་ནས་རང་གི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པར་ཞལ་ནས་ཞལ་དང༌། སྙན་ནས་སྙན་དུ་བརྒྱུད་པའི་ལུང་རྒྱུན་དེ་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སངས་རྒྱས་ཀྱི་ཞལ་ནས་ཐོས་པ་དང༌། ད་ལྟ་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་རང་ལ་ལུང་འབོགས་པ་པོའི་བླ་མ་དེ་ནས་ཐོས་པ་གཉིས་པོ་དེ་གདམས་ངག་སྟོན་པའི་ནུས་པའི་ཆ་ནས་མཉམ་པ་ཡིན། གང་ལྟར་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་ངག་དེའམ་གསུང་དེའི་བརྒྱུད་པའི་རྒྱུན་མ་ཉམས་པར་རང་གིས་ཐོས་པ་འཛིན་ཐུབ་པ་ཡོང་གི་ཡོད། རྒྱུན་དེ་མེད་ན་དཔེ་ཆ་ཕྲན་བུ་ཀློག་ཐུབ་ཀྱང༌། དེའི་བརྒྱུད་པའམ་ནུས་པ་དེ་མེད་པར་འགྱུར།

དེ་དང་ཕྱོགས་མཚུངས་རྟོགས་པའི་ཡོན་ཏན་ལྟ་བུར་མཚོན་ནའང༌། རང་རྒྱུད་ལ་དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ་ཞིག་མེད་ན། གཞན་ལ་དགེ་སློང་གི་སྡོམ་པ་དབོག་རྒྱུའི་ལས་བྱེད་མི་ཐུབ། ལས་ཀྱི་ཆོ་ག་འདོན་ཤེས་ཙམ་གྱིས་སྡོམ་པ་འབོག་ཐུབ་ཀྱི་མེད། ལས་ཀྱི་ཆོ་ག་འདོན་པ་པོའི་གང་ཟག་དེའི་རྒྱུད་ལ་རྟོགས་པའི་ཡོན་ཏན་དེ་ཡོད་དགོས། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན། ཤེས་རབ་བཅས་གསུམ་པོའང་མཚུངས་ཤིང༌། གང་རང་རྒྱུད་ལ་མེད་པ་དེ་གཞན་ལ་སྟོན་མི་ཐུབ་ལ། གཞན་ལ་བསྐྲུན་ཡང་མི་ཐུབ།

དེར་བརྟེན་ཆོས་དགེ་བྱ་རྒྱུར་ཨང་རྩིས་དང༌། ཚན་རིག སྤྱི་ཚོགས་ཚན་རིག་ཤེས་པ་ལྟར་དཔེ་ཆའི་ནང་བྲིས་པའི་ཆོས་ཀྱི་གནས་སྟངས་དེ་མཁྱེན་པ་ཙམ་གྱིས་སློབ་སྟོན་བྱེད་ཐུབ་དཀའ། སྤྱིར་བཏང་དེང་སང་འཛིན་གྲྭའི་ནང་ཆོས་ཀྱི་སློབ་སྟོན་བྱེད་སྐབས་རིག་གནས་སློབ་སྟོན་གྱི་ངོ་བོ་ལྟ་བུ་མ་གཏོགས། བླ་མ་དང་སློབ་མའི་འདུ་ཤེས་ཐོག་ནས་བྱེད་ཀྱི་མེད། དེང་རབས་ཀྱི་མི་ཚོའི་སྐད་ཆ་བཤད་སྟངས་ལྟར་ན། ཉམས་ལེན་བྱ་རྒྱུ་ཞིག་དང༌། ཁ་ནས་བཤད་ནས་བཞག་ན་འགྲིགས་རྒྱུ་ཞིག་གཉིས་ཡོད། ཁ་ནས་བཤད་ནས་བཞག་ན་འགྲིགས་པ་དེར་དབྱིན་སྐད་ལ་ཨེ་ཀེ་གྲེ་མིཀ་(Academic) ཟེར་གྱི་རེད། དེ་ནི་འཆད་མཁན་དེ་ལ་བཤད་བྱའི་ཆོས་ཀྱི་ཉམས་ལེན་མེད་ཀྱང་ཐོས་བྱུང་གི་ཤེས་རབ་ཙམ་གྱིས་འགྲིགས་པ། དཔེར་ན། ལན་གཅིག་ནས་གཅིག་ལ་བསྐྱལ་བ་ལྟ་བུ་རེད། དེང་རབས་ཤེས་ཡོན་སློབ་སྟོན་གྱི་སྐྱོན་ཆའམ་ཐབས་སྐྱོ་ཤོས་དེ་ལན་བསྐྱལ་རྒྱུའི་ཐབས་ལམ་གཅིག་པུར་བརྟེན་ནས་འགྲོ་རྒྱུ་དེ་རེད།

འོན་ཀྱང་ཆོས་ཀྱི་གནད་དོན་དེ་ཚོ་ལན་བསྐྱལ་ཙམ་གྱིས་འགྲིགས་ཐབས་མེད། སློབ་གྲྭའི་འཛིན་གྲྭའི་ནང་ཁྲིད་སྟངས་དང༌། སློབ་ཚན་བཟོ་སྟངས། རྒྱུགས་སྤྲོད་གཏོང་སྟངས་སོགས་དེང་རབས་ཀྱི་སློབ་སྦྱོང་དང་འབྲེལ་བའི་དགེ་རྒན་འོས་སྦྱོང་གི་སློབ་ཚན་མང་པོ་ཞིག་ཡོད་རུང༌། ཆོས་དགེ་བྱ་རྒྱུའི་གཞི་རིམ་གྱི་དགོས་མཁོ་གཙོ་བོ་དེ་ཆོས་གང་འདྲ་ཞིག་བསླབ་ཀྱང་དེའི་ལུང་དང་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་ངེས་པར་དུ་ཚང་དགོས་ཤིང༌། དེ་ནས་ཆོས་དགེ་ཚད་ལྡན་ཞིག་གཞི་ནས་ཆགས་ཐུབ། ཆོས་དང་རི་མོ་གཉིས་སློབ་སྟངས་གཅིག་པ་བྱས་ནས་བསླབ་ཐུབ་རྒྱུ་ཁག་པོ་རེད།

འཛམ་གླིང་རྒྱས་བཤད་དང་ས་བཀྲ་ལྟ་བུ་ཡིན་ན། ས་བཀྲ་ཞིག་ནག་པང་ངོས་ལ་བཀལ་ཏེ་རི་མོ་དེ་ཚོ་ངོ་སྤྲོད་ཀྱིས་བསླབ་ན་དེས་ཁུངས་འཁྱོལ་ཡང༌། སེམས་ཀྱི་གནས་བབ་བསྒྱུར་བཅོས་གཏོང་རྒྱུའི་གཞི་རྩའི་ཆོས་ཀྱི་གནས་སྟངས་དེ་འདྲ་བྱས་ཏེ་སློབ་སྟོན་བྱ་རྒྱུ་ཁག་པོ་རེད། གལ་སྲིད་ང་ཚོས་ཆོས་དེ་རིག་གནས་ཤིག་གི་ངོ་བོར་སློབ་སྟོན་བྱེད་ཀྱི་ཡོད་ཀྱང༌། རིག་གནས་གཞན་དག་སློབ་སྟོན་བྱེད་མཁན་དང་ཕྲན་བུའི་མི་འདྲ་བའི་གནས་བབ་ཅིག་དགོས་པ་དེ་གལ་ཆེན་པོ་རེད། དེར་བརྟེན་དེ་རིང་འདིར་ཆོས་དགེ་འོས་སྦྱོང་ལ་ཕེབས་མཁན་ཚོས་སློབ་གྲྭ་ཁག་ལ་དངོས་སུ་ཕྱག་ལས་གནང་སྐབས་དོན་དམ་གྱི་ཆོས་དགེ་ཡག་པོ་ཞིག་གནང་ཐུབ་རྒྱུ་དང༌། དེ་ལ་བརྟེན་ནས་བོད་ཕྲུག་ན་གཞོན་ཚོས་ཆོས་དང་འབྲེལ་བའི་གནས་ཚུལ་རྣམས་ཡག་པོ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་བསམས་པའི་ཡིད་ཆེས་བྱེད་ཀྱི་ཡོད།

ཕྱི་ལོ་ལྔ་བཅུ་ང་དགུའི་ལོར་ང་ཚོ་ཐོག་མར་རྒྱ་གར་ལ་སླེབས་སྐབས་དེང་རབས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་སློབ་གྲྭ་འཛུགས་སྟངས་སུས་ཀྱང་མཁྱེན་གྱི་མེད། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ནང་ཕྱི་རྒྱལ་གྱི་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་སློབ་སྟོན་བྱེད་སའི་སློབ་གྲྭ་འཛུགས་རྒྱུའི་འབད་བརྩོན་སྔ་རྗེས་གནང་ཡང༌། སྐབས་དེའི་མང་ཚོགས་ཀྱིས་ལམ་ལ་བཏང་མེད། ལྷག་པར་དུ་གདན་ས་གསུམ་གྱིས་མཚོན་དགོན་སྡེ་ཆེན་པོ་དེ་ཚོས་དམིགས་ཀྱིས་བཀར་ནས་བར་ཆད་བཏང་སྟེ། དེང་རབས་ཤེས་ཡོན་གྱི་གནས་བབ་ཧ་ཅང་རྗེས་ལུས་ཐེབས་པ་དེའི་དབང་གིས་ང་ཚོར་གྱོང་གུན་གང་བྱུང་བ་གསལ་པོ་རེད། དེར་བརྟེན་ལྔ་བཅུ་ང་དགུའི་ལོར་ང་ཚོ་སྐྱབས་བཅོལ་དུ་འབྱོར་མ་ཐག་མ་སུ་རིར་སློབ་གྲྭ་བཙུགས་ཤིང༌། དེའི་ལོ་མཇུག་ནས་སིམ་ལ་དང༌། རྡོ་རྗེ་གླིང་གི་སློབ་གྲྭ་བཅས་གསུམ་རྒྱ་གར་གཞུང་གིས་རྩིས་མ་བླངས་གོང་ནས་ང་ཚོ་རང་གིས་བསྡུ་བསྐོང་གིས་བཙུགས་ཟིན། དེ་གསུམ་ནང་དེ་དུས་ཕལ་ཆེར་སློབ་ཕྲུག་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད། དེ་སྐབས་མ་སུ་རིར་སློབ་གྲྭ་ཐོག་མར་བཙུགས་སྐབས་འབྲི་གུང་ཉི་མ་ལྕང་ར་རིན་པོ་ཆེ་ལ་ཆོས་དགེ་བསྐོ་འཛུགས་གནང་འདུག དེ་ནས་དྲུག་ཅུ་ཐམ་པའི་ལོར་རྡོ་རྗེ་གླིང་གི་སློབ་གྲྭར་དགེ་བཤེས་བློ་བཟང་མཐར་ཕྱིན་ཆོས་དགེར་བསྐོ་འཛུགས་གནང་ཞིང༌། དེའི་ལོ་མཇུག་ཙམ་ལ་ང་ཡང་སིམ་ལ་སློབ་གྲྭའི་ཆོས་དགེར་ཕྱིན་པ་ཡིན། ང་ཚོས་དབུས་བོད་སློབ་འཛིན་ཚོགས་ལ་སློབ་གྲྭ་རྩིས་མ་སྤྲད་སྔོན་ནས་སྤྱིར་བཏང་འཛིན་གྲྭའི་ནང་འཆར་ཅན་གྱི་སློབ་ཚན་རྣམས་བསླབ་དགོས་པའི་ཐོག་དགེ་རྒན་ནང་ནས་གཅིག་ཟུར་དུ་ཆོས་དགེ་ཞེས་མིང་བཏགས་ཏེ། དམིགས་བསལ་ཆོས་ཕྱོགས་ཀྱི་སློབ་སྟོན་བྱ་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་པ་རེད།

ཕྱི་ལོ་དྲུག་ཅུ་རེ་གཅིག་གི་ལོ་མཇུག་ལ་ྋསྐྱབས་མགོན་རིན་པོ་ཆེ་དང༌། སྐབས་དེ་དུས་ཀྱི་སྲིད་བློན་ནེཧ་རཱུ་བཀའ་བསྡུར་གནང་སྟེ་བོད་མི་སྐྱབས་བཅོལ་བའི་སློབ་གྲྭ་ཡོངས་རྫོགས་རྒྱ་གར་གཞུང་གིས་འགྲོ་སོང་བཏང་ནས་འཛིན་སྐྱོང་གནང་རྒྱུའི་ཐུགས་འགན་བཞེས་སྐབས། ང་ཚོའི་འགྲོ་བཞིན་པའི་སློབ་གྲྭ་གསུམ་པོ་TSS (Tibetan School Society) ལ་རྩིས་སྤྲད་པ་རེད། དེའི་རྗེས་པཎྜིཏ་ཤཡཱམ་ནཱརཱཡཎ་(Pandit Shayam Narayan) ཕེབས་ནས TSS དེ་CTSA (Central Tibetan School Administration) ཞེས་མིང་བརྗེས་པ་རེད། སྐབས་དེ་དུས་རྩིས་སྤྲོད་སྐབས་ང་ཚོའི་སློབ་གྲྭ་གསུམ་ཡོད་ཅིང༌། ཆོས་དགེ་ཡང་གསུམ་ཡོད་པ་རེད། ཡིན་ནའང་རྒྱ་གར་གཞུང་གིས་འཛིན་སྐྱོང་བྱས་པའི་སློབ་གྲྭ་ཁག་གི་ནང་ལ་ཡང་ཆོས་དགེའི་ས་མིག་གཅིག་རྒྱུན་རིང་པོའི་བར་བསྡད་པ་རེད། དེའི་རྗེས་སུ་ཆོས་དགེ་ཞེས་པ་དེ་ལེགས་བྱང་གི་དགེ་རྒན་(Cultural Teacher) ལ་བསྒྱུར་བ་རེད། ཆོས་དགེ་ཞིག་ཡོད་པའི་དབང་གིས་སྐབས་དེ་དུས་ཀྱི་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་རྗེས་ཛེ་སྨད་རིན་པོ་ཆེས་དབུ་ཁྲིད་འོག་དྷ་རམ་ས་ལར་དགེ་རྒན་འོས་སྦྱོང་སྔ་རྗེས་བཙུགས་པ་དང༌། སློབ་དེབ་ཁག་ཀྱང་རྩོམ་སྒྲིག་གནང་བ་སོགས་དྲུག་ཅུ་རེ་གྲངས་ནང་བོད་པའི་གཞི་རིམ་ཤེས་ཡོན་གྱི་གནས་བབ་ཐོག་ཕྱག་ལས་རླབས་ཆེན་གནང་ཐུབ་པ་བྱུང་བ་མ་ཟད། གྲུབ་འབྲས་ཀྱང་ཧ་ཅང་ཐོན་ཡོད། དེ་ནས་གང་འཚམས་ནས་ཚང་མ་འཆར་ཅན་འཆར་ཅན་ལྟ་བུར་སོང༌།

ལར་ནས་ང་ཚོ་བོད་པའི་ལས་ཀ་གང་ཡིན་ནའང་འགོ་འཛུགས་དུས་ཚ་ཚ་འུར་འུར་དང༌། ཧ་ཅང་གྲ་འགྲིག་པོ་ཡོད་རུང༌། གང་འཚམས་ནས་འཆར་ཅན་གྱི་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་ཏེ་ཡར་རྒྱས་འགྲོ་རྒྱུ་མེད་པ་ཞིག་ཡོང་གི་འདུག བར་མཚམས་སུ་དེ་ཚོ་གཉིད་དཀྲོག་པ་ལྟ་བུ་འབུད་རྒྱག་མ་བརྒྱབ་ན་འགྲིག་གི་མེད་སྟབས།

ད་ལྟ་ང་ཚོ་ཡང་བསྐྱར་འབུད་རྒྱག་བརྒྱབ་རྒྱུའི་དུས་སྐབས་ཤིག་ལ་སླེབས་ཡོད། ྋསྐྱབས་མགོན་རིན་པོ་ཆེས་ལོ་འདིའི་ནང་སྔ་རྗེས་སུ་ཤེས་ཡོན་སློབ་སྦྱོང་གི་ཐོག་འདས་པའི་ལོ་བཅུ་ཕྲག་གསུམ་ཙམ་རིང་འཐུས་ཤོར་ག་ཚོད་ཕྱིན་ཡོད་པ་ཧ་ཅང་གསལ་པོ་ར་སྤྲོད་གནང་ཡོད་སྟབས། ད་ལྟའི་དུས་སྐབས་འདིར་ང་ཚོ་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཚང་མས་བསྐྱར་དུ་སྙིང་ལ་རུས་པ་བཅུག་ནས་གཟབ་གཟབ་བྱེད་དགོས་པའི་དུས་ལ་སླེབས་ཡོད། དེར་བརྟེན་ངས་ཆོས་དགེ་རྣམ་པ་ཚོ་མཇལ་ཏེ། མ་འོངས་པར་ཁྱེད་ཚོ་སློབ་གྲྭ་ཁག་ལ་དངོས་སུ་ཕྱག་ལས་གནང་སྐབས་ངོ་བོ་དང་ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་སློབ་ཕྲུག་ཡོངས་ལ་ཆོས་ཕྱོགས་ཀྱི་གནས་ལུགས་ངོ་སྤྲོད་གནང་རྒྱུའི་དགོངས་པ་དང་འཆར་གཞི་ཡོད་པ་དེ་ཤེས་ན་བསམས་བྱུང༌། དེའི་སྐོར་བཀའ་བསྡུར་ཞུས་ན་བསམས་ཏེ་དེ་རིང་ང་འདིར་བཅར་བ་ཡིན། ད་ལྟ་ངས་གོང་དུ་ཞུས་པ་རྣམས་སྤྱི་ཡོངས་རྒྱབ་ལྗོངས་ཀྱི་གནས་ཚུལ་ལྟ་བུ་རེད། གཞི་རྐང་ཁྱེད་ཚོའི་ས་ནས་བཀའ་འདྲི་ཞུ་རྒྱུ་དང༌། ཁྱེད་ཚོའི་ངོས་ནས་བཀའ་འདྲི་གནང་རྒྱུ་ཡོད་ན། དེ་ཚོའི་ཐོག་ལ་བགྲོ་གླེང་ཕྲན་བུ་ཞིག་བྱེད་ཐུབ་ན་ཕལ་ཆེར་བསམ་བློའི་ནང་བང་འགྲིགས་པ་དང༌། གོ་རིམ་ལྡན་པ་ཞིག་ཆགས་ཀྱི་རེད་སྙམ།

འདིར་འོས་སྦྱོང་ནང་ཕེབས་པ་མང་ཆེ་བ་དགུ་བཅུ་གོ་གྲངས་ནས་བཟུང་གསར་དུ་ཕེབས་པའི་རིགས་ཤ་སྟག་རེད་འདུག དེར་བརྟེན་གསར་དུ་ཕེབས་མཁན་གྱི་རིགས་དེ་རྣམས་བོད་ནང་ནས་སྐད་ཡིག་དང་ཆོས་ཀྱི་སློབ་སྦྱོང་གི་གཞི་རྩ་ཡོད་པ་དང༌། འདིར་ཕེབས་ནས་བཤད་གྲྭ་དང་གདན་སའི་ནང་ནང་དོན་རིག་པའི་སློབ་སྦྱོང་གནང་མྱོང་མཁན་ཤ་སྟག་རེད་འདུག་པས། ལྔ་བཅུ་ང་དགུའི་རྗེས་ཀྱི་བོད་ཀྱི་གནས་ཚུལ་ཡང་མཁྱེན་པ་མ་ཟད། ཆོས་སྡེ་ཁག་ནས་ཆོས་དང་ཐ་སྙད་རིག་པའི་སློབ་སྦྱོང་ཡོད་མཁན་ཡིན་སྟབས། ཆོས་དགེ་ཡག་པོ་ཞིག་ཡོང་བའི་རྒྱུ་རྐྱེན་ཚང་འདུག་བསམས་བྱུང༌།

འདིར་རྒྱ་གར་དུ་འཁྲུངས་ནས་འཚར་ལོངས་བྱུང་བ་གཅིག་མ་གཏོགས་མེད་པ་ལྟ་བུ་འདུག རྒྱ་གར་ལ་འཚར་ལོངས་བྱུང་བ་ཡིན་ཡང་གདན་ས་འགྲིམ་མྱོང་མཁན་དང༌། གཞུང་ཆེན་མོ་ལ་ཚད་མ་རིག་པའི་རྒྱབ་རྟེན་ལ་བརྟེན་ནས་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་ན། ངེས་པར་དུ་ཆོས་དགེ་གནང་བའི་ཆ་རྐྱེན་ཡག་པོ་ཞིག་ཚང་ཡོད་བསམ་གྱི་འདུག

ཡིན་ཡང་ང་ཚོའི་མདུན་དུ་ཀླན་ཀ་ཆེ་ཤོས་དང༌། ང་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་གང་ཡོད་ཅེ་ན། ང་ཚོས་གདོང་ལེན་བྱེད་རྒྱུའི་ཐ་ཚིག་(Challenge) ལྟ་བུ་ནི་བླ་མ་འདོན་ནས་རང་གི་སློབ་མ་ལ་ཆོས་བཤད་རྒྱུ་དེ་མིན་པར་འཛིན་གྲྭའི་ནང་ཆོས་ཀྱི་གནས་ལུགས་རྣམས་འདྲ་མཉམ་བྱེད་མཁན་གྱི་སློབ་ཕྲུག་ཚོར་རིག་གནས་ཀྱི་ངོ་བོར་བཤད་དགོས་པ་དང༌། དེའི་ཐོག་ནས་ཟབ་ཅིང་ཕྲ་ལ་རྒྱ་ཆེ་བའི་ཆོས་ཀྱི་གནས་ཚུལ་རྣམས་སློབ་ཕྲུག་ལ་ངོ་སྤྲོད་བྱེད་ཐུབ་དགོས་རྒྱུ་དེ་རེད། དེར་བརྟེན་འོས་སྦྱོང་དང་སློབ་སྟོན་གྱི་ཐབས་ལམ་དེ་ཚོ་ཏན་ཏན་གལ་ཆེན་པོ་ཆགས་ཀྱི་ཡོད། འོས་སྦྱོང་ཧ་ཅང་ཡག་པོ་བྱུང་ཡོད་ཚོད་རེད། ཁྱེད་ཚོས་འཕྲལ་སེལ་ཙམ་མིན་པར་སོ་སོའི་མི་ཚེའི་ཆ་ཤས་མང་ཤོས་ཤིག་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོ་དང་མཉམ་དུ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་རྒྱུན་འཛིན་ཡུན་རིང་ཐུབ་པའི་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་རྒྱུར་ལྷག་བསམ་དང་ཆོད་སེམས་ཡོད་ཤག་རེད། ཡོད་པ་དེ་བརྟན་པོ་བྱས་ཏེ་འཛིན་དགོས་ཞེས་ཞུ་འདོད་བྱུང༌། དེ་རང་ཡིན། ཐུགས་རྗེ་ཆེ།

ཟབ་སྦྱོང་བའི་ངོས་ནས་དྲི་བ་དང་ལམ་སྟོན་ཞུས་པ་ཁག་ལ་ཕྱོགས་བསྡོམས་ཀྱིས་བཀའ་ལན་གནང་བ།

བཀའ་ལན་དང་པོ།

ཤེས་ཡོན་ཟེར་བ་དེའི་དོན་དང་ངོ་བོ་གང་ཡིན་པ་ངོས་གཟུང་དགོས་པ་དེ་གལ་ཆེན་པོ་རེད། དེང་རབས་ཀྱི་ཤེས་ཡོན་སྤྲོད་མཁན་མང་པོས་གནས་ཚུལ་གོ་རྟོགས་ཡོད་པ་དེ་ཚོ་མར་ལན་བསྐྱལ་བ་ཙམ་ལ་ཤེས་ཡོན་གྱི་ཐ་སྙད་སྦྱོར་ཞིང༌། དབྱིན་སྐད་ལ་Passing Information ཟེར། གལ་ཏེ་གནས་ཚུལ་ལན་བསྐྱལ་རྒྱུ་རྐྱང་པ་ཙམ་ཡིན་ན། དེ་ནི་གསར་ཤོག་དང༌། རླུང་འཕྲིན། གཟུགས་མཐོང་རླུང་འཕྲིན་རྣམས་ཀྱིས་ཀྱང་ཐུབ་ཅིང༌། གཅིག་གིས་གཅིག་ལ་བཤད་པའི་ཐོག་ནས་ཀྱང་ལན་སྐྱེལ་ཐུབ། འོན་ཀྱང་ལན་བསྐྱལ་བ་ཙམ་གྱིས་གནས་ཚུལ་ཉན་མཁན་དེའི་བསམ་བློའི་ནང་ཁྱད་པར་གང་ཡང་མི་འགྲོ དཔེར་ན། གསར་ཤོག་ལ་བལྟས་ནས་དེ་རིང་སྣུམ་འཁོར་ཞིག་ཟག་འདུག མི་ཁ་ཤས་ཤི་འདུག་སྙམ་པ་ཙམ་ལས། དེ་ལ་བརྟེན་ནས་ཐོས་པ་པོ་དེའི་རྒྱུད་ལ་ཁྱད་པར་དང་འགུལ་སྐྱོད་གང་ཡང་ཐེབས་ཀྱི་མེད། སློབ་ཚན་གང་ཡོད་ལན་བསྐྱལ་བ་ཙམ་ལ་ང་ཚོ་བོད་པའི་གཏམ་དཔེར། དཔེ་ཐོག་བྲོ་རྡུང་ཟེར། གཏམ་དཔེ་དེའི་གོ་དོན་གང་ཡིན་ཞེ་ན། དཔེ་ཆའི་ནང་གང་བྲིས་པ་དེ་མར་ལན་བསྐྱལ་བ་ལ་ཟེར། རྫ་དཔལ་དགེས། རང་ལ་ཉམས་ལེན་མེད་པའི་དཔེ་ཐོག་གི་བྲོ་རྡུང༌།། ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ།། ཞེས་གསུངས་པ་ལྟར། ལན་བསྐྱལ་བ་ཙམ་གྱིས་ཁྱད་པར་གང་ཡང་མི་འགྲོ

ང་ཚོས་ཤེས་ཡོན་དང་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་བརྗོད་སྐབས་ལན་བསྐྱལ་བ་ཙམ་མིན་པར་སློབ་ཕྲུག་གི་རྒྱུད་ལ་སོ་སོའི་རང་སྟོབས་སམ་ནུས་པའི་ཐོག་ནས་སྤང་བླང་འོས་པ་གང་ཡིན་བླང་དོར་འབྱེད་ཤེས་པ་བཟོ་ཐུབ་མཁན་ཞིག་ལ་གོ་དགོས། ད་ལྟ་འདིའི་ནང་ཤེས་ཡོན་དེ་འཇིག་རྟེན་པའི་ཤེས་ཡོན་ལ་ཟེར། དེ་ནི་དབྱིན་སྐད་ལ་Secular Education ཞེས་ཆོས་ཕྱོགས་ཀྱི་ཤེས་ཡོན་དང་འབྲེལ་བ་མེད་པའི་འཇིག་རྟེན་པ་རྐྱང་པའི་ཤེས་ཡོན་སྐོར་ལ་བཤད་ཅིང༌། དེ་ནི་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་གཟུང་བ། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་གཟུང་བ་ཞེས་འཇིག་རྟེན་ཡོངས་གྲགས་ཀྱི་སྡུག་བསྔལ་དང་བདེ་བ་བཤད་པ་མ་གཏོགས། ཟག་བཅས་ཀྱི་བདེ་བ་ཡོངས་རྫོགས་སྡུག་བསྔལ་ལ་འདོད་པའི་གནས་སྟངས་དེ་བཤད་ཀྱི་མེད། ཆོས་ཕྱོགས་ཀྱི་ཤེས་ཡོན་བཤད་སྐབས་འཇིག་རྟེན་པའི་བདེ་བ་ཡོངས་རྫོགས་སྡུག་བསྔལ་དུ་གྱུར་ཏེ། ཟག་བཅས་ཀྱི་ཚོར་བ་བདེ་བ་ཡོངས་རྫོགས་འགྱུར་བའི་སྡུག་བསྔལ་ནང་འགྲོ་ཞིང༌། སྐབས་དེར་སྡུག་བསྔལ་དང་བདེ་བ་ངོས་འཛིན་བྱེད་སྟངས་དང༌། ད་ལྟ་འདིའི་ནང་བཤད་པའི་སྡུག་བསྔལ་དང་བདེ་བ་ངོས་འཛིན་བྱེད་སྟངས་གཉིས་ཐ་དད་རེད།

ཤེས་ཡོན་སྲིད་བྱུས་ནང་འཇིག་རྟེན་པའི་ཤེས་ཡོན་གྱི་སྐད་ཆ་བཤད་ཀྱི་ཡོད་ཅིང༌། འདོད་པའི་བདེ་བ་ཟེར་བ་དེ་ནི། ནད་མེད་པ་དང༌། གཟུགས་པོ་ཐང་པོ། དབུལ་ཕོངས་མེད་པ་སོགས་སྤྱིར་བཏང་གི་བདེ་བ་ལ་ཟེར། འཇིག་རྟེན་པའི་ཤེས་ཡོན་སྤྲོད་སྐབས་སློབ་ཕྲུག་ལ་འོས་མི་འོས་དབྱེ་བ་ཕྱེ་བའི་ནུས་པ་ཡོད་པ་ཞིག་བཟོ་ཐབས་མ་བྱས་ན། བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས་པ་དང༌། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྤོང་མི་ཤེས་པའི་གནས་ཚུལ་ཧ་ཅང་མང་པོ་མཐོང་ཆོས་སུ་ཡོད། དཔེར་ན། ཐ་མག་གིས་སྐྲན་ནད་(Cancer)ཕོག་ནས་མགྱོགས་པོ་འཆི་བ་དང༌། ཆང་རག་གིས་མཆིན་པ་རུལ་བ་སོགས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། འོན་ཀྱང་ཁོང་ཚོས་ཐ་མག་འཐེན་ནས་གཟུགས་པོར་གནོད་པ་ཤེས་ཀྱི་མེད་དམ་ཞེ་ན། ཁོང་ཚོར་གནས་ཚུལ་གོ་རྟོགས་(Information) ཙམ་ཡོད་ཅིང༌། འོན་ཀྱང་དེ་འདྲའི་གནས་ཚུལ་ཐོག་ངེས་པ་རྙེད་པའི་ཤེས་ཡོན་མེད་པ་ཡིན་སྟབས། སོ་སོའི་གཟུགས་པོར་གནོད་རུང་སྤོང་མ་ཐུབ་པར་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་གོ་ལྡོག་ནས་སྒྲུབ་པའི་གནས་ཚུལ་མང་པོ་ཡོང་མུས་རེད། དེས་ན་གནས་ཚུལ་ལན་བསྐྱལ་བ་ཙམ་དང༌། བསམ་བློའི་ནང་གཏིང་ཚུགས་པར་བྱ་རྒྱུ་གཉིས་ལ་ཁྱད་པར་ཡོད། ཤེས་ཡོན་གྱི་ལས་ཀ་ནི་གནས་ཚུལ་ལན་བསྐྱལ་བ་ཙམ་མིན་པར། གནས་ཚུལ་དེ་ཏག་ཏག་བསམ་བློའི་ནང་ཟུག་ཐུབ་པ་བྱ་རྒྱུ་དེ་རེད།

གཞོན་ནུ་དོན་གྲུབ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པ་ཙམ་གྱིས་ལམ་སེང་འཁོར་བ་ལ་ཡིད་འབྱུང་སྟེ། ཁྱིམ་ནས་ཁྱིམ་མེད་པར་ཕེབས་པ་རེད། ང་ཚོས་ཉིན་ལྟར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐོང་ནའང་གང་ཡང་ཡོང་གི་མེད། གློ་བུར་དུ་སེམས་ནང་སྐྱོ་སྣང་ཕྲན་བུ་སླེབས་ཀྱང་དུས་ཚོད་ཅུང་ཟད་སོང་ན་བརྗེད་འགྲོ་རྒྱུ་ཞིག་རེད། དེ་གང་ལགས་ཤེ་ན། གནས་ལུགས་ངོ་མ་ཤེས་པའི་ཡོན་ཏན་ནམ་ཤེས་ཡོན་སོ་སོའི་རྒྱུད་ལ་མེད་པའི་དབང་གིས་རེད། ཤེས་ཡོན་མེད་རུང་གོ་ལོ་ཐོས་ལོ་ཙམ་ཡོད་ཅིང༌། དཔེར་ན། འཆི་བ་དང༌། སྐྱེ་བ། ན་བ་སོགས་མཐོང་ཐོས་ཡོད་རུང༌། དེ་བསམ་བློའི་ནང་འཇུག་མེད། དེས་ན་ཤེས་ཡོན་ནི་འཇིག་རྟེན་འདིའམ་ཚེ་འདིའི་ཡོངས་གྲགས་ཀྱི་བདེ་བའི་རྒྱུ་ཇི་ལྟར་བསྒྲུབ་དགོས་པ་དང༌། སྡུག་བསྔལ་གྱི་རྒྱུ་ཇི་ལྟར་སྤང་དགོས་པ། དེའི་སྤང་བླང་རང་སྟོབས་ཀྱིས་དབྱེ་བ་ཕྱེ་ཐུབ་མཁན་ཞིག་ལ་གོ་དགོས།

དེང་སྐབས་ནི་བག་མེད་ལོངས་སྤྱོད་དང༌། ཁྲོམ་རྭའི་དཔལ་འབྱོར་གྱི་དུས་ཚོད་ཡིན་པར་བརྟེན། རང་གི་དགོས་མཁོ་གང་ཡིན་པ་དེ་རྩ་བ་ནས་ཤེས་ཀྱི་མེད། དགོས་མཁོ་གང་ཡིན་པ་དེ་དྲིལ་བསྒྲགས་ཐོག་ནས་བསླབ་ཡོང་རྒྱུ་དང་ཀླད་པ་བཀྲུ་ཡོང་རྒྱུ་ཞིག་མ་གཏོགས། སོ་སོས་དབྱེ་བ་ཕྱེ་སྟེ། ང་ལ་དགོས་པ་དེ་རེད། ང་ལ་མི་དགོས་པ་དེ་རེད་བསམས་པའི་དབྱེ་བ་དེ་ཕྱེ་མི་ཤེས་པ་ཆགས་འགྲོ་བ་རེད།

དེས་ན་སོ་སོ་ལ་དགོས་ངེས་ཅན་གྱི་དངོས་པོ་གང་ཡིན་པ་དང༌། མི་དགོས་པའི་ལྷག་མ་དེ་གང་ཡིན་པ། ཇི་ལྟར་ལོངས་སྤྱོད་དགོས་ཀྱི་ཡོད་པ། ཇི་ལྟར་བག་མེད་ལོངས་སྤྱོད་ཆགས་ཀྱི་ཡོད་པ་དེ་ཚོ་དབྱེ་བ་འབྱེད་ཐུབ་པ་བཟོ་རྒྱུ་དེ་ཤེས་ཡོན་གྱི་དགོས་དམིགས་གཙོ་བོ་རེད། དེ་དབྱེ་བ་ཕྱེ་ཤེས་ཐུབ་པ་ཞིག་ཆགས་ན་ཏན་ཏན་ཤེས་ཡོན་ཡོད་པ་དང༌། དེའི་དབྱེ་བ་ཕྱེ་མ་ཤེས་ན་ཤེས་ཡོན་མེད་པར་བླུན་པོ་ཆུ་སྣ་གར་ཁྲིད་དུ་གྱུར།

དཔེར་ན། གསར་ཤོག་དང་གཟུགས་མཐོང་རླུང་འཕྲིན་ནང་ཅ་ལག་གཅིག་ཡག་པོ་ཡོད་ཅེས་བཤད་ན། ལམ་སེང་ཉོ་རུ་ཕྱིན་ན་བླུན་པོ་ཆུ་སྣ་གར་ཁྲིད་རང་རེད། སོ་སོར་དགོས་མཁོ་ཡོད་མེད་ཀྱི་དབྱེ་བ་ཕྱེ་མ་ཤེས་པ་རེད། བདེ་བ་དང༌། སྡུག་བསྔལ་གང་ལས་ཡོང་བ་དེའི་དབྱེ་བ་ཕྱེ་ཤེས་ཀྱི་མེད། དེ་འདྲའི་དབྱེ་བ་ཕྱེ་ཤེས་པ་བཟོ་རྒྱུ་དེ་ལ་ཤེས་ཡོན་ཟེར། ཁྲོམ་ནང་ཅ་ལག་ཅིག་ཉོ་སྐབས་དེ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་རེད་དམ། ཡང་ན་མི་ལ་བལྟས་ནས་མཚུངས་བསྡུར་རམ་དྲིལབསྒྲགས་ལ་བལྟས་ནས་ཉོ་དགོས་བསམས་པ་རེད། དེ་གཉིས་དབྱེ་བ་ཞིག་ཕྱེས་དང་ལམ་སེང་ཤེས་ཡོན་ཡོད་མེད་ཀྱི་དབྱེ་བ་ཕྱེ་ཐུབ། ཤེས་ཡོན་མེད་པ་རྣམས་མི་གཞན་གྱིས་བཤད་པ་བཞིན་འགྲོ་མཁན་ཞིག་སྟེ། སོ་སོའི་ངོས་ནས་རྟོག་དཔྱོད་གང་ཡང་བྱེད་མི་ཤེས། སོ་སོའི་ངོས་ནས་རྟོག་དཔྱོད་བྱེད་ཤེས་མཁན་དེ་ལ་ཤེས་ཡོན་ཅན་ཞེས་ཟེར། དེར་བརྟེན་ཤེས་ཡོན་ངོ་མ་དེ་བླང་དོར་འབྱེད་པའི་ཤེས་རབ་ཡོད་མེད་ལ་བརྗོད།

བཀའ་ལན་གཉིས་པ།

གཞན་ཕན་རྣམ་པ་བཞི་ཞེས་བཤད་སོང་གསུངས་ཀྱི་འདུག གཞན་ཕན་རྣམ་པ་བཞི་ཞེས་པ་ཞིག་ལབ་ཡོད་མེད་ངས་ཤེས་ཀྱི་མི་འདུག སྤྱིར་བཏང་གཞན་ཕན་ནི་རང་གཞན་གཉིས་ལས་གཞན་གཙོ་ཆེ་བ་བྱས་ཏེ་དེའི་ཕན་བདེ་བསྒྲུབ་རྒྱུའི་བསམ་པ་དང༌། ཕན་བདེ་སྒྲུབ་པའི་འབད་བརྩོན་བྱེད་པ་ཞིག་ལ་ཟེར། སྤྱིར་བཏང་གཞུང་ཆེན་པོ་ནས་བཤད་པ་ལྟར་ན། རྣམ་དཀར་གྱི་ཆོས་གང་ཡིན་སངས་རྒྱས་ཀྱི་འཕྲིན་ལས་སུ་བཤད་ཀྱི་ཡོད། དེས་ན་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་བརྒྱུད་ལམ་ཆགས་པ་དེ་ལ་གཞན་ཕན་ཞེས་བརྗོད་ན་ཡང་མ་འགྲིག་པ་མི་འདུག འོན་ཀྱང་འདིར་འཇིག་རྟེན་པའི་གཞན་ཕན་གྱི་སྐད་ཆ་བཤད་སྐབས་རང་གཞན་གཉིས་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཕྱིན་རང་ལས་གཞན་གཙོ་ཆེ་བ་བྱས་ཏེ། གཞན་ལ་གནོད་པ་སྤོང་བ་དེ་ཡང་གཞན་ཕན་རེད། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་བྱ་རྒྱུ་དེ་ཆོས་ཕྱོགས་ནས་བཤད་ན་སྐྱེས་བུ་ཆུང་ངུའམ་ཐེག་པ་དམན་པའི་བསམ་ཚུལ་རེད། གཞན་ཕན་གཞི་དང་བཅས་པ་བསྒྲུབ་རྒྱུ་དེ་སྐྱེས་བུ་ཆེན་པོའི་བསམ་ཚུལ་རེད། དེར་བརྟེན་གཞན་ལ་གནོད་པ་ལས་ལྡོག་པ་ཙམ་མིན་པར་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་བསམ་པ་བསྐྱེད་པར་བྱ་རྒྱུ་དེ་ལ་གཞན་ཕན་ཞེས་བཤད་ཅིང༌། དེ་ལའང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་ཚུལ་མི་འདྲ་བ་གཉིས་རེད། ཕན་དང་མི་ཕན་ཡང་དབྱེ་བ་ཕྱེ་ཤེས་པ་ཞིག་དགོས། ཧོབ་དེ་ལྟ་དུས་ཕན་པ་ཡིན་པ་ལ་དོན་དུ་གནོད་ན། དེ་ཡང་གཞན་ཕན་སྒྲུབ་པའི་ཐབས་ལ་མ་མཁས་པའམ་གཞན་ཕན་ཡིན་མིན་བླང་དོར་འབྱེད་མི་ཤེས་པ་ཡིན་སྟབས། དེ་ཡང་ཤེས་ཡོན་མེད་པ་ཞིག་ཏུ་གྱུར།

ཤེས་ཡོན་ཅན་དེས་གཞན་ལ་དངོས་གནས་ཕན་པ་དང༌། ཕན་པ་ལྟ་བུར་སྣང་ཡང་དོན་དུ་གནོད་པའི་དབྱེ་བ་ཕྱེ་ཤེས་པ་ཡིན། དཔེར་ན། དངུལ་མེད་པའི་ར་བཟི་ཞིག་གིས་ང་ལ་ཧ་ཅང་དཀའ་ངལ་འདུག དངུལ་ཞིག་སྤྲོད་རོགས་ཟེར་བ་ལ་དངུལ་སྤྲད་ན་ཕན་རྒྱུའི་ཚབ་ལ་གནོད་ཅིང༌། དེ་ནི་སྦྱིན་པ་གོ་ལོག་རེད། ཧོབ་དེ་བལྟས་ན་མི་དེ་ཧ་ཅང་ངུས་ནས་སློང་བ་ལ་སྤྲད་པ་ཡིན་སྟབས་ཕན་པ་ལྟ་བུ་ཡོད་ཀྱང༌། དོན་ལ་ཕན་གྱི་མེད། གང་ལྟར་ཤེས་ཡོན་ཅན་ཞིག་ཡིན་ན། གཞན་ཕན་དེ་ཡང་དོན་དུ་གཞན་ཕན་ཡིན་མིན་གྱི་རྣམ་དབྱེ་ཕྱེ་ཤེས་པ་དང༌། རང་གི་དོན་དུའང་བླང་དོར་འབྱེད་ཤེས་པ་ཞིག་དགོས།

བཀའ་ལན་གསུམ་པ།

སངས་རྒྱས་ཀྱི་རྣམ་ཐར་ནང་སྐུ་ཚེ་བསྲིངས་པ་ཡིན་ཟེར་བ་དེ་གང་འདྲ་ཡིན་ནམ། ཚིག་དེ་ངས་རྣམ་ཐར་ནང་མཇལ་མ་སོང༌། སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་ཞེས་པ་ཞིག་ཡོད། འོན་ཀྱང་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པ་ཡིན་ཞེས་པ་དེ་བསྲིངས་པ་མ་རེད་དམ་ཞེས་གསུང་ན། བསྲིངས་པ་ལྟ་བུ་རེད། ཡིན་ནའང་ཚེ་བསྲིངས་པའི་ཚིག་ཅིག་རྒྱ་ཆེར་རོལ་པ་དང༌། མངོན་པར་འབྱུང་བའི་མདོ། འདུལ་བ་སོགས་ཚང་མའི་ནང་བེད་སྤྱོད་བཏང་མེད། བྱིན་གྱིས་བརླབས་ཞེས་པའི་སྐད་དོད་ལ་སཾསྐྲྀཏའི་ནང་ཕལ་ཆེར་པྲབྷཱབིཏ་མིན་འགྲོ་ཞིབ་པར་བལྟ་རྒྱུ་མ་བྱུང༌། པྲབྷཱབིཏ་ཞེས་པ་ནི་དངོས་པོ་ཞིག་ནུས་ཤུགས་ཀྱིས་བསྐྲུན་པ་དེ་ལ་བྱིན་གྱིས་བརླབས་པ་ཟེར། སྤྱིར་མཛོད་ནས་བཤད་པའི་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ཚེ་དེ་ལས་ཉོན་གྱིས་འཕངས་པ་ཞིག་ཡིན་ན། དེ་ལ་བསྲིང་རྒྱུ་མེད་གསུངས་པ་མ་གཏོགས། ཚེ་ཡིན་ཚད་ལ་བསྲིང་རྒྱུ་མེད་ཅེས་བརྗོད་ཀྱི་མེད། གལ་ཏེ་ཚེ་བསྲིང་རྒྱུ་མེད་ན། ནང་པའི་གཞུང་ནས་བཤད་པའི་ཚེ་སྒྲུབ་དང་ཚེ་དབང་ཞུ་རྒྱུ་རྣམས་མེད་པ་ཆགས་འགྲོ དེས་ན་ལས་ཉོན་གྱི་གཞན་དབང་དུ་མ་སོང་བ་བསམ་བཞིན་དུ་སྐྱེ་འཆིར་རང་དབང་ཡོད་པའི་འཕགས་པའི་གང་ཟག་རྣམས་ལ་ཚེ་བསྲིང་རྒྱུ་དང་བསྟུང་རྒྱུ་ཡོད། ཚེ་ཟེར་བ་དེ་སྤྱིར་བཏང་གི་དུས་ལ་མ་སྦྱར་བར་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ཚེ་དེར་བསམ་བློ་བཏང་ན། ལས་ཉོན་གྱིས་འཕངས་པའི་ཚེ་དེ་སྔ་མའི་འཕེན་ཚད་གང་ཡོད་པ་དེ་ལས་རིང་དུ་གཏོང་རྒྱུ་མེད་པ་མ་ཟད། སྔ་མའི་འཕེན་ཚད་མ་རྫོགས་གོང་དུས་མ་ཡིན་པའི་འཆི་བ་དང་རྫོགས་རྒྱུ་ཡོད། དེར་བརྟེན་ཚེ་བསྲིང་རྒྱུ་མེད་ཟེར་བའི་ཚིག་དེ་ཁྱེད་ཀྱིས་མཛོད་སོགས་གང་ནས་དྲངས་མིན་མི་ཤེས། ངས་བལྟས་ན་དེ་ཡོད་མ་རེད་བསམ་གྱི་འདུག

བཀའ་ལན་བཞི་པ།

བདེན་པ་བཞི་ངོ་སྤྲོད་བྱ་རྒྱུ་དང་རིགས་ལམ་བསླབ་པ་གཉིས་ལས་གང་ཡག་གི་རེད་དམ་ཞེས་པའི་དགོངས་ཚུལ་ཞིག་གསུངས་སོང༌། དེ་གཉིས་ལ་གདམ་ག་བྱེད་རྒྱུ་གང་ཡང་མེད། བདེན་པ་བཞི་ངོ་སྤྲོད་བྱ་རྒྱུ་དེ་རིགས་ལམ་བརྒྱུད་ནས་བྱེད་པ་མ་གཏོགས། རིགས་ལམ་མེད་པར་བདེན་པ་བཞི་ཇི་ལྟར་ངོ་འཕྲོད་ཐུབ། ཚད་མ་རིག་པའི་རིགས་འགྲོས་ཤིག་མེད་ན་བདེན་བཞི་ཡག་པོ་ཤེས་མི་ཐུབ། ང་ཚོས་ཚད་མ་རིག་པ་དེ་བདེན་བཞིའི་གནས་ལུགས་རྟོགས་ཆེད་ཡིན་པ་ལས། རྟོག་གེ་མགོ་མཁྲེགས་བྱ་རྒྱུའི་ཆེད་དུ་སྦྱོང་གི་མེད། ཚད་མ་རིག་པ་དེ་ནང་དོན་རིག་པའི་གོ་རྟོགས་ཀྱི་ཡན་ལག་ལ་མ་འཁྱེར་བར་སྤྱིར་བཏང་རྩོད་པ་བརྒྱབ་རྒྱུ་གཅིག་པུ་ལ་འཁྱེར་ན་ཕན་ཐོགས་གང་ཡང་མེད། དེ་ལ་བོད་སྐད་དུ་རྟོག་གེ་ཞེས་ཟེར། རྟོག་གེ་ཞེས་པ་ནི་སཾསྐྲྀཏའི་ཏཱརྐིག་ནས་ཟུར་ཆག་པ་ཞིག་རེད། རྟོག་གེ་མགོ་མཁྲེགས་ཞེས་པ་ནི་ཚད་མ་རིག་པའི་རིགས་ལམ་དེ་བདེན་བཞི་དང་བདེན་གཉིས་སོགས་ནང་དོན་རིག་པའི་གནས་ལུགས་ངོ་སྤྲོད་དང་གནས་ལུགས་རྟོགས་པའི་མཐུན་རྐྱེན་ལ་བེད་སྤྱོད་མ་བཏང་བར་གང་བྱུང་དུ་བསམ་བློ་སྐོར་བ་བརྒྱབས་ནས་རྩོད་པ་བརྒྱབས་ཏེ་ཐོས་པ་ལྷུར་ལེན་དང༌། རྩོད་པ་ལྷུར་ལེན་རྐྱང་པའི་དོན་དུ་སློབ་གཉེར་བྱེད་པ་ལ་ཟེར། དེས་ཕན་ཐོགས་གང་ཡང་མི་ཡོང༌། ནང་དོན་རིག་པའི་གནས་ལུགས་ཡང་དག་པ་ཞིག་ངོ་འཕྲོད་པར་ཚད་མ་རིག་པ་ནི་དེའི་འཇུག་ངོགས་སམ་སྒོ་ལྟ་བུ་དེ་རེད། དེས་ན་ཚད་མ་རིག་པའི་བརྒྱུད་ལམ་ནས་བདེན་བཞི་ངོ་སྤྲད་དགོས། ཚད་མ་རིག་པའི་རྣམ་གཞག་རྩ་བ་ནས་མ་ཤེས་པ་ལ་བདེན་བཞི་ངོ་སྤྲད་ན། སྤྲོད་མཁན་དང་སྤྲད་ཡུལ་གཉིས་ཀས་བདེན་བཞི་གསལ་པོ་ཞིག་རྟོགས་མི་ཐུབ། གལ་སྲིད་རྟོགས་ནའང་འོལ་སྤྱི་ཙམ་ཞིག་གཏོགས། གཏིང་ཚུགས་པའི་གོ་བ་ཞིག་ཆགས་མི་ཐུབ་ཅིང༌། རིགས་པའི་ལམ་ནས་དྲངས་པའི་གོ་བ་རྙེད་མེད་སྟབས། གལ་ཏེ་མི་གཞན་ཞིག་གིས་དེ་མ་རེད་ཅེས་བཤད་ན། དེ་མིན་པར་བསམས་ནས་ཆ་བཞག་རྐྱང་གིས་འགྲོ་བ་ཡིན། ངས་ཤེས་ཚོད་ལྟར་ན། ཕལ་ཆེར་ཆོས་ལུགས་ཀྱི་སྟོན་པ་ཚོའི་ནང་ནས་རང་གི་གསུང་ལ་དཔྱད་པ་གསུམ་གྱི་རིགས་པས་བརྟག་དཔྱད་བྱོས་ཞེས་བཀའ་གནང་མཁན་སངས་རྒྱས་མ་གཏོགས་གཞན་སུ་ཡང་བྱུང་མེད། སངས་རྒྱས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས། དེས་ན་ལེགས་པར་མ་བརྟག་པར། སངས་རྒྱས་ལ་ཡིད་ཆེས་ཀྱིས་འདི་སྡུག་བསྔལ་བདེན་པ་ཡིན་པ་དང༌།

འདི་ཀུན་འབྱུང་བདེན་པ། འདི་འགོག་བདེན། འདི་ལམ་བདེན་ཡིན་པ་རེད་བསམས་ན་སངས་རྒྱས་ཀྱིས་གསུངས་པ་བཞིན་གོ་བ་རྙེད་མེད། དེ་ལ་འོལ་སྤྱི་ཙམ་གྱི་གོ་བ་ཟེར། འོལ་སྤྱི་ཙམ་གྱི་གོ་བ་ནི་ཇི་ཙམ་བར་གནས་མིན་མ་ངེས་ཤིང༌། རྒྱུ་མཚན་དང་རིགས་པ་གཞན་དག་མཐོང་ན་འགྱུར་སྲིད། དེར་བརྟེན་ཚད་མ་རིག་པ་དེ་སློབ་ཚན་རང་ག་བ་ཞིག་གི་ངོ་བོར་ངོ་སྤྲོད་བྱ་རྒྱུ་མིན་ཞིང༌། དེ་ནི་ངེས་པར་དུ་ནང་དོན་རིག་པའི་གཞུང་ལུགས་ལ་དཔྱད་གསུམ་དག་པའི་རིགས་པའི་ལམ་ནས་འཇུག་རྒྱུ་ཞིག་རེད། ལྐོག་གྱུར་དང༌། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གྱི་གནས་རྣམས་ཚད་མ་རིག་པའི་ལམ་ནས་དཔོག་དགོས་པ་མ་གཏོགས། དེ་མེད་ན་ལྐོག་གྱུར་གྱི་གནས་རྣམས་ལ་དཔྱད་རྒྱུའི་ལག་ཆ་དེ་མེད། དེས་ན་རིགས་ལམ་དང་ནང་ཆོས་ངོ་སྤྲོད་གཉིས་མཉམ་དུ་འགྲོ་དགོས། རིགས་ལམ་རྐྱང་པ་བསླབས་ཏེ་ནང་དོན་རིག་པ་ངོ་སྤྲོད་མ་བྱས་ན་ཚད་མ་རིག་པ་དེ་ཨང་རྩིས་དང༌། ཚན་རིག སྤྱི་ཚོགས་ཚན་རིག་སོགས་བཞིན་ཐུན་མོང་བའི་རིག་གནས་ཤིག་ཏུ་གྱུར། གལ་ཏེ་ཚད་མ་རིག་པ་དེ་ནང་ཆོས་ངོ་སྤྲོད་བྱ་རྒྱུའི་དོན་དུ་བསླབ་ན་ནང་དོན་རིག་པའི་ཆ་ཤས་སུ་འགྲོ སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ངོ་བོ་མི་འདྲ་ཡང་འཛིན་གྲྭའི་ནང་སློབ་སྟངས་ལ་ཁྱད་པར་ཡོད་པ་ཞིག་མ་མཐོང༌། ད་གིན་གསོལ་ཇའི་བར་གསེང་གི་གོང་དུ་ཞུས་པ་བཞིན། ང་ཚོས་འཛིན་གྲྭའི་ནང་ནང་ཆོས་དེ་སློབ་ཚན་ཞིག་གི་ངོ་བོ་མ་གཏོགས་ཆོས་འཆད་ཉན་གྱི་ངོ་བོར་བསླབ་ཀྱི་མེད། གལ་ཏེ་ཆོས་འཆད་ཉན་གྱི་ངོ་བོར་བསླབ་ན་གསོལ་བ་འདེབས་པ་དང༌། མཎྜལ་འབུལ་བ། ཕྱག་འཚལ་བ་སོགས་བྱས་ཏེ་གཞི་ནས་བསླབ་དགོས། འཛིན་གྲྭའི་ནང་སློབ་ཚན་མང་པོ་ཡོད་པའི་ནང་ནས་སློབ་ཚན་གཅིག་གི་ངོ་བོར་སློབ་པར་བརྟེན། དེང་རབས་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ་གང་ཡོད་བེད་སྤྱོད་གཏོང་ཆོག

སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་གཉིས་པོའི་གཞི་རྩའི་ཁྱད་པར་ནི་སྲོལ་རྒྱུན་གྱི་རིག་གནས་དེ་རིག་པའི་གཞུང་ལུགས་ཤིག་ལ་ཁུངས་གཏུགས་ཏེ་འགྲོ འོན་ཀྱང་དེང་རབས་ཀྱི་རིག་གནས་རྣམས་རིག་པའི་གཞུང་ལུགས་ལ་ཁུངས་གཏུགས་ས་མེད་པར་བློ་ཕལ་པས་བརྟག་དཔྱད་བྱེད་ཀྱིན་འགྲོ དེས་ན་སྲོལ་རྒྱུན་གྱི་རིག་གནས་སློབ་སྐབས་མཐའ་མ་ལུང་གི་རྒྱབ་རྟེན་ཞིག་ལ་ཁུངས་གཏུགས་དགོས་པ་ལས། དེང་རབས་ཀྱི་རིག་གནས་ལ་ལུང་དྲངས་ནས་ཁུངས་གཏུགས་ས་ཞིག་མེད། དཔེར་ན། དེང་རབས་ཀྱི་ཚན་རིག་དེ་སློབ་ཚན་གལ་ཆེན་པོ་ཞིག་ཡིན་ཡང༌། དེ་རིག་པའི་གནས་ལྔ་ལ་སོགས་པ་རིག་གནས་ཀྱི་གྲས་སུ་མི་གཏོགས། སློབ་ཚན་གཞན་མང་པོ་ཞིག་ཐ་སྙད་ཀྱི་རིག་གནས་ཡིན་ནའང་རིག་གནས་ཀྱི་གྲས་སུ་གཏོགས། ཚན་རིག་སོགས་དེང་རབས་སློབ་ཚན་རྣམས་རིག་པ་ཡིན་ཡང་རིག་པའི་གནས་བིད྄ཡཱས྄ཐཱན ལྔ་དང་བཅུ་སོགས་ཀྱི་གྲངས་སུ་མི་ཚུད། དེ་ནི་ཚན་རིག་སོགས་ཐབས་སྐྱོ་པོ་དང་གལ་ཆུང་ཆུང་ཡིན་པའི་སྐད་ཆ་གང་ཡང་མིན། དེའི་རྒྱུ་མཚན་གང་ལགས་ཤེ་ན། རིག་གནས་དེའི་དོན་ཡོངས་རྫོགས་མཁྱེན་མཁན་ཞིག་གིས་རིག་པའི་གཞུང་ལུགས་བརྩམས་པ་དེ་ལ་གཞི་བཞག་སྟེ་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ལ་སྲོལ་རྒྱུན་རིག་གནས་ཟེར། འོན་ཀྱང་དེང་རབས་ཀྱི་རིག་གནས་ནི་ཐོག་མར་མ་ཤེས་མཁན་ཞིག་གིས་བརྟག་དཔྱད་དང་ཚོད་བལྟ་རིམ་པའི་ཐོག་ནས་ཕྲན་བུ་ཤེས་སྐབས། ད་འདི་འདྲ་ཞིག་མིན་ནས་སྙམ་པ་དང༌། ཡང་བསྐྱར་ཕྲན་བུ་ཡར་རྒྱས་འགྲོ་སྐབས་དེ་མ་རེད། འདི་འདྲ་ཞིག་རེད་འདུག་ཅེས་འགྲོ་བ་མ་གཏོགས། ཐོག་མ་ནས་རིག་པའི་གནས་ཡོངས་རྫོགས་མཁྱེན་མཁན་ཞིག་གིས་གཞུང་ལུགས་དེ་བརྩམས་མེད། དཔེར་ན། ནང་ཆོས་ཀྱི་ནང་དོན་རིག་པ་ལ་མཚོན་ན། སངས་རྒྱས་ཀྱིས་གསུངས་པའི་ལུང་གི་ཆོས་ལ་རྒྱབ་རྟེན་བཅོལ་ཏེ་རིམ་པས་དར་ཁྱབ་ཕྱིན་པ་ཞིག་རེད། བརྡ་སྤྲོད་རིག་པ་ལྟ་བུ་ཐུན་མོང་བའི་རིག་གནས་ཡིན་ཡང༌། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ད་ལྟ་ཡོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་རྩོམ་པ་པོ་གང་ཟག་དེས་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་ཡོངས་རྫོགས་མཁྱེན་ནས་སུམ་ཅུ་པ་སོགས་བསྟན་བཅོས་བརྒྱད་ནང་གསལ་པོ་བཤད་ཡོད་སྟབས། ང་ཚོས་ཚོད་བལྟའི་ཐོག་ནས་གསར་པ་རྙེད་པའམ། ཡང་ན་ད་ཡོད་རིག་པའི་གཞུང་ལུགས་ལ་བཟོ་བཅོས་གཏོང་རྒྱུ་གང་ཡང་མེད། ཚིག་ཕྲད་ལྟ་བུ་ཡིན་ནའང༌། རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་རྣམས་དེ་རང་གནས་པ་མ་གཏོགས། ང་ཚོས་གསར་དུ་ཚོད་བལྟ་བྱས་ནས་བསྒྱུར་བཅོས་གསར་པ་བཏང་སྟེ་ཚིག་ཕྲད་གསར་པ་བཟོ་རྒྱུ་གང་ཡང་མེད། གལ་ཏེ་དེ་བཟོ་ན་དེང་སང་གི་སྐད་ཆ་བཤད་སྟངས་ལྟར་ན་ཚན་རིག་དང་མི་མཐུན་པ་ཆགས་རྒྱུ་རེད། གང་ལྟར་རིག་པའི་གཞུང་ལུགས་ཐོག་མ་རྩོམ་མཁན་གྱི་གང་ཟག་དེའི་རྒྱུད་ལ་གནས་ཚུལ་ཡོངས་རྫོགས་རྟོགས་ཡོད་སྟབས་དེ་བཞིན་འགྲོ་རྒྱུ་རེད། དཔེར་ན། སྙན་ངག་ལྟ་བུར་མཚོན་ན། སྲོལ་རྒྱུན་རིག་གནས་ནང་ཡོད་པའི་སྙན་ངག་ཡོང་སྲིད་ལ། དེང་རབས་རིག་གནས་ནང་ཡོད་པའི་སྙན་ངག་ཀྱང་ཡོང་སྲིད། སྲོལ་རྒྱུན་རིག་གནས་ཀྱི་སྙན་ངག་ནི་སྙན་ངག་མཁན་པོས་ཇི་ལྟར་མཁྱེན་པ་བཞིན་རིག་པའི་གཞུང་ལུགས་ནང་ལ་བརྩམས་པ། དཔེར་ན་བོད་ནང་མང་ཆེ་བ་སློབ་དཔོན་དཎྜིས་བརྩམས་པའི་སྙན་ངག་མེ་ལོང་མ་དེ་རེད། དེ་མིན་གྱི་སྙན་ངག་གི་གཞུང་གཞན་རྣམས་ཆ་ཤས་མ་གཏོགས་བོད་ནང་ཆ་ཚང་འགྱུར་བ་ཞིག་མེད། དེར་བརྟེན་སྙན་ངག་མེ་ལོང་མའི་ནང་སྐབས་དེ་དུས་རྒྱ་གར་ནང་དར་བའི་ཉམས་དང་འགྱུར་བ། དོན་རྒྱན་དང་སྒྲ་རྒྱན་སོགས་ཚང་མ་རིག་པའི་གཞུང་ལུགས་དེའི་ནང་བཤད་ཡོད། དེ་སློབ་སྦྱོང་བྱེད་སྐབས་སྙན་ངག་མེ་ལོང་མའི་གཞུང་དེ་རྩ་བར་བཞག་ནས་དེའི་དགོངས་པ་དེ་འགྲེལ་བཤད་བརྒྱབས་ཏེ་མཐའ་མ་གཏུགས་ས་དེ་རྩ་གཞུང་གི་སྙན་ངག་མེ་ལོང་མའི་གཞུང་དེའི་དགོངས་དོན་དང་མ་འགལ་བར་འགྲོ་བ་དེ་ལ་སྲོལ་རྒྱུན་གྱི་རིག་གནས་ཟེར། འོན་ཀྱང་དེ་རྦད་དེ་ཟུར་དུ་བཞག་ནས་ལོགས་སུའང་འགྲོ་ས་ཡོད་ཅིང༌། མེ་ལོང་མ་ལས། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། དེ་ནི་ད་ལྟའང་རྣམ་རྟོག་སྟེ།། དེ་དག་མ་ལུས་སུས་འཆད་ནུས།། ཞེས་གསུངས་པ་ལྟར། སློབ་དཔོན་དབྱུག་པ་ཅན་གྱིས་ཚང་མ་དེའི་ནང་དུ་བཤད་ཡོད་ཅེས་གསུངས་མེད། དེ་དག་མ་ལུས་སུས་འཆད་ནུས།། ཞེས་དེ་ནི་མཐའ་མེད་པ་དང༌། ཚང་མ་བསྟན་བཅོས་གཅིག་ནང་བཤད་མི་ཐུབ་ཅེས་གསུངས་ཏེ་ཟུར་དུ་བཞག་པར་བརྟེན། རྟོག་པའི་འགྱུར་བ་ལ་མཐའ་མེད་པ་ཡིན་སྟབས་གསར་པ་བཟོ་རྒྱུ་ཞིག་ཀྱང་ཡོད། དེ་དག་རྩོམ་པ་པོ་དེས་ཚོད་བལྟ་བྱས་ནས་ཕྱིན་པའི་གནས་སྟངས་ཤིག་མ་གཏོགས། ཚང་མ་ཤེས་མཁན་ཞིག་གིས་རིག་པའི་གཞུང་ལུགས་ནང་བརྩམས་ནས་ཡོང་བ་ཞིག་མིན་སྟབས། སོ་སོའི་རྐང་པ་འཇོག་སའི་གཞི་རྩའང་ལྷག་མེད།

བཀའ་ལན་ལྔ་པ།

མཐའ་གཉིས་སུ་མ་ལྷུང་བའི་དཔལ་འབྱོར་ལམ་སྲོལ་སྐོར་ལ་གསུངས་སོང༌། སྤྱིར་བཏང་སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་གཉིས་ཆབ་སྲིད་ཀྱི་ལྟ་གྲུབ་ལྟ་བུར་བརྩི་རུང༌། དེ་ནི་དཔལ་འབྱོར་རིག་པའི་གཞུང་ལུགས་ཤིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ནང་ནས་གཙོ་བོ་ལྟ་བུ་དེ་ཀོ་རལ་མར་ཁེ་སི་(Karl Marx) རེད། དེ་ལ་མར་ཁེ་སིའི་རིང་ལུགས་(Marxism) ཞེས་བརྗོད། རྒྱ་མིས་མར་ཁེ་སི་ལེ་ཉིན་(Marx Lenin) རིང་ལུགས་ཞེས་མར་ཁེ་སི་དང་ལེ་ཉིན་གཉིས་མཉམ་དུ་སྦྱོར་ཡང༌། དངོས་གནས་བྱས་ན་ལེ་ཉིན་དེ་ཕྲན་བུ་བཟོ་བཅོས་རིང་ལུགས་པ་རེད། མར་ཁེ་སི་གཙང་མ་བཞག་ན་ཡག་པོ་ཡོད་ཀྱང༌། མར་ཁེ་སིའི་ལྟ་གྲུབ་ལ་ཕྲན་བུ་སྐྱོན་གཏོང་མཁན་དེ་ལེ་ཉིན་རེད། མའོ་ཙེ་ཏུང་དང་སི་ཏ་ལིན་(Stalin) སོགས་ནི་དེ་བས་ཀྱང་མར་ཁེ་སིའི་ལྟ་བ་ལ་ལོག་པར་བལྟས་ཏེ་ཧ་ཅང་འཕོ་འགྱུར་ཆེན་པོ་འགྲོ་བའི་གནས་སྟངས་དེ་བྱུང༌། བརྒྱུད་རིམ་ལྟར་ན་མ་རྩའི་རིང་ལུགས་དེ་སྔོན་དང༌། སྤྱི་ཚོགས་རིང་ལུགས་སམ་མར་ཁེ་སིའི་རིང་ལུགས་དེ་རྗེས་ལ་དར། འཛམ་གླིང་ནང་རྙོག་དྲྭ་ཚང་མ་བཟོ་མཁན་རིང་ལུགས་འདི་གཉིས་རེད། དེ་ཡང་རྩ་བ་འཕྲུལ་ཆས་དེ་རེད།

བདག་ཉིད་ཆེན་པོ་གཱཾདྷཱིས་འཁོར་ལོ་དང་འཕྲུལ་ཆས་ཡོངས་ལ་དགག་བྱ་གནང་དགོས་པའི་རྒྱུ་མཚན་ཡང་དེ་རང་རེད། རྒུད་པ་ཐམས་ཅད་ཀྱི་རྩ་བའམ་ཐོག་མའི་མ་རིག་པ་ལྟ་བུ་དེ་གང་ལ་ཐུག་ཡོད་ཅེ་ན། འཕྲུལ་འཁོར་(Machine) ལ་བརྟེན་ནས་ཐོན་སྐྱེད་མང་པོ་བྱས་པ་ལས་རིང་ལུགས་གཉིས་པོ་དེ་ཆགས་པ་རེད། དེས་ན་ད་ལྟའི་འཇིག་རྟེན་འདིའི་ནང་རྒུད་པ་ཐམས་ཅད་ཀྱི་རྩ་བ་དེ་དཔལ་འབྱོར་གྱི་འདུ་འགོད་དེ་ལ་ཐུག་ཡོད་ཅེས་བཤད་ན་སྟབས་བདེ་བར་མཐོང༌།

ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་ནང་འཛམ་གླིང་ནང་འགྱུར་བ་གཅིག་གང་ཕྱིན་ཡོད་ཅེ་ན། འཕྲུལ་ལས་ཅན་དུ་བསྒྱུར་བའི་འགྱུར་བ་དེ་རེད། དབྱིན་སྐད་ལ་Industrialization ཟེར། ནུབ་ཕྱོགས་སུ་འཕྲུལ་ལས་ཅན་དུ་བསྒྱུར་བ་དང༌། མ་བསྒྱུར་བའི་སྔོན་གྱི་དུས་སྐབས་གཉིས་ལ་ཁྱད་པར་གང་ཡོད་ཅེ་ན། འཕྲུལ་ལས་ཅན་དུ་མ་བསྒྱུར་བའི་སྔོན་གྱི་དུས་སྐབས་སུ་མི་སོ་སོར་དགོས་མཁོ་གང་ཡོད་སོ་སོས་ཐོན་སྐྱེད་བྱེད་པ་མ་ཟད། དགོས་མཁོ་ལས་ལྷག་པ་ཐོན་སྐྱེད་བྱེད་ཀྱི་མེད་སྟབས། ཁྲོམ་གྱི་ཐ་སྙད་ཀྱང་ཡོངས་གྲགས་མེད། གལ་ཏེ་ཁྲོམ་གྱི་ཐ་སྙད་ཡོད་ནའང༌། ཅ་ལག་དང་ཅ་ལག་བརྗེ་རྒྱུ་ཞིག་རེད། དཔེར་ན། ཞིང་པས་འབྲུ་ཕར་སྤྲད་དེ་འབྲོག་པའི་ས་ནས་མར་དང་ཕྱུ་ར་ཉོ་བ་དང༌། དེ་བཞིན་འབྲོག་པས་མར་དང་ཕྱུ་ར་ཕར་སྤྲད་དེ་ཞིང་པའི་ས་ནས་འབྲུ་ཉོ་བ་ཤ་སྟག་རེད། དབྱིན་སྐད་ལ་Barter System ཟེར། དེ་སྐབས་འཛམ་གླིང་ནང་ཧ་ཅང་ཞི་བདེ་ཡོད་ཅིང༌། མི་ཚང་མར་ག་ཚོད་དགོས་པ་དེ་ཐོབ་ཅིང༌། དགོས་མཁོ་ལས་ལྷག་པ་ཐོན་སྐྱེད་བྱེད་ཀྱི་མེད། འཕྲུལ་ཆས་ཐོག་ནས་ཅ་ལག་བཟོ་བའི་མགོ་བཙུགས་པ་དང་མཉམ་དུ་མིའི་དགོས་མཁོ་ལས་མང་བའི་ཐོན་སྐྱེད་ཡོང་ཞིང༌། དཔེར་ན། མི་བརྒྱ་ཡོད་ན་ལྷམ་ཆ་ཉིས་བརྒྱ་བཟོ་བ་དང༌། གྱོན་མཁན་མི་བརྒྱ་མ་གཏོགས་མེད་པས་ལྷག་མ་བརྒྱ་དེ་བཙོང་སའི་ཁྲོམ་རྭ་ཞིག་དགོས་པ་དེའི་ཆེད་མིའི་བསམ་བློའི་ནང་གི་འདོད་རྔམས་སྤེལ་རྒྱུ་དེ་མཐོང་སྟབས། དེ་སྤེལ་རྒྱུའི་ཐབས་ལམ་ཡག་ཤོས་མཚུངས་བསྡུར་དང་འགྲན་བསྡུར་བྱ་རྒྱུ་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་བསླབས་ཏེ། རང་ངོ་རང་གིས་མ་ཤེས་པ་བཟོ་ཞིང༌། ཕྲུ་གུ་ཁ་གྲག་ཤེས་ལ་མ་ཤེས་སྐབས་ནས་ཕ་མ་ཚོས། ཁྱེད་རང་དང་ལོ་ཟླ་གཅིག་པའི་གྲོང་པའི་ཕྲུ་གུ་དེས་སྐད་ཆ་ཡག་པོ་བཤད་ཀྱི་འདུག ཁྱེད་རང་ད་ལྟའང་སྐད་ཆ་བཤད་ཤེས་ཀྱི་མི་འདུག་ཅེས་མི་ལ་མཚུངས་བསྡུར་བྱེད་དུ་བཅུག་པ་ཡིན། དེ་ནས་འཛིན་གྲྭར་འགྲོ་ཐུབ་ཙམ་ནས་འཛིན་གྲྭའི་ནང་ཨང་གྲངས་སྤྲད་དེ། ཁོ་ལ་ཨང་ཀི་བརྒྱ་ནས་ལྔ་བཅུ་ཐོབ་འདུག

ཁྱོད་ལ་ཨང་ཀི་བརྒྱ་ནས་བཞི་བཅུ་མ་གཏོགས་ཐོབ་མི་འདུག་ཅེས་རྟག་ཏུ་མི་གཞན་དང་མཚུངས་བསྡུར་བྱས་པར་བརྟེན། རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་གསལ་ཐུབ་ཀྱི་མེད། མཚུངས་བསྡུར་ཤེས་པའི་སྐབས་སུ་འགྲན་བསྡུར་བྱེད་དུ་བཅུག་པ་ཡིན། འགྲན་བསྡུར་བྱེད་དུས་སོ་སོ་གང་ཡིན་མིན་གྱི་རྣམ་གཞག་མེད་པར། ངའི་གྲོང་པ་ལ་སྣུམ་འཁོར་གཉིས་ཡོད་ན་ང་ལ་སྣུམ་འཁོར་གསུམ་དགོས་པའི་བསམ་བློ་དེ་མ་གཏོགས། སྣུམ་འཁོར་གསུམ་གྱིས་གང་བྱེད་སྙམ་པའི་བསམ་བློ་དེ་བརླགས་ཟིན། དེ་ལྟར་མིའི་བསམ་བློའི་ནང་རང་གི་དགོས་མཁོ་ཤེས་པའི་ནུས་པ་དང་བླང་དོར་རང་སྟོབས་ཀྱིས་འབྱེད་པའི་ནུས་པ་དེ་ཉམས་སྐབས་མིས་གང་བཤད་བཞིན་མི་འགྲོ་ཐབས་མེད་རེད། མཚུངས་བསྡུར་དང་འགྲན་བསྡུར་ཐོག་ནས་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་སྐབས། འབྱོར་མེད་གྲལ་རིམ་དང་བཟོ་པའི་གྲལ་རིམ་གཉིས་པོ་ལ་ཧ་ཅང་བཤུ་བཞོག་བྱུང་ཞིང༌། དེ་ཡང་ཁྲོམ་རྭ་བྱུང་བ་དང༌། ཅ་ལག་ཀྱང་ཐོན་སྐྱེད་མང་པོ་ཡོང་སྐབས། ཚང་མའི་ཁེ་བཟང་དེ་མ་རྩ་འཛུགས་མཁན་དེར་ཡོང༌། དཔེར་ན། མི་གཅིག་གིས་མ་རྩ་སྒོར་འབུམ་གཅིག་གིས་ལྷམ་བཟོ་བའི་འཕྲུལ་ཆས་བཙུགས་པ་དེ་ལས་བྱུང་བའི་ཁེ་བཟང་རྣམས་བདག་པོ་དེས་འཁྱེར་ཞིང༌། ལས་མི་དང་བཟོ་པའི་གླ་ཆ་དེ་སྦྱིན་བདག་གིས་ཐག་གང་བཅད་རེད། བཟོ་པ་རྣམས་ཀྱིས་ཁྱེད་ལ་ཁེ་བཟང་འདི་ཙམ་འདུག དེ་ང་ཚོས་བཟོས་པ་ཡིན་སྟབས། ང་ཚོ་ལ་རག་དགོས་ཞེས་བཤད་ཐུབ་ཀྱི་མེད། མ་རྩ་བདག་པོས་ཁྱེད་ལ་སྒོར་མོ་བརྒྱ་གླ་ཆར་སྤྲོད་ཀྱི་ཡིན། འདོད་པ་མེད་ན་རྒྱུགས། མི་གཞན་པ་འཁྲིད་ཡོང་ཆོག་ཅེས་བཤད་དེ། གང་ལྟར་ཁེ་བཟང་གང་ཡོད་མ་རྩའི་བདག་པོར་ཕྱིན་ཏེ། མ་རྩའི་བདག་པོ་དེ་རྣམས་ཧ་ཅང་ཕྱུག་པོ་ཆགས་ཤིང༌། བཟོ་པ་རྣམས་རྟག་ཏུ་མ་རྩའི་བདག་པོས་གླ་ཆ་གང་སྤྲད་མ་གཏོགས། དེ་ལས་ལྷག་པ་རག་རྒྱུ་མེད་སྟབས། ཀོ་རལ་མར་ཁེ་སིའི་(Karl Marx) རིག་པའི་གཞུང་ལུགས་ནང་རིན་ཐང་ལྷག་མའི་(Surplus Value) སྐད་ཆ་དེ་ཡོང༌། ཁོང་གིས་རྩིས་རྒྱག་སྟངས་ནི་གལ་ཏེ་མ་རྩ་སྒོར་འབུམ་གཅིག་བཙུགས་ཡོད་ན་དེའི་ཐོག་ཏུ་ཁེ་བཟང་སྒོར་མོ་ཁྲི་གཅིག་མ་རྩ་འཛུགས་མཁན་དེ་ལ་བདག་པ་དང༌། ད་དུང་ཁེ་བཟང་ཡོད་ན། དེ་ནི་རིན་ཐང་ལྷག་མ་ཡིན་ཞིང༌། དེ་བཟོ་པ་ལ་འགྲོ་དགོས་ཀྱང་མི་འགྲོ་བར་བརྟེན། རྒྱུ་མཚན་ཐུག་ས་དེ་ཁེ་བཟང་བགོ་བཤའ་བྱེད་རྒྱུའི་ལམ་སྲོལ་(Distribution System) ཚད་ལྡན་མེད་པ་དེའི་དབང་གིས་ཡིན་སྟབས། འཛམ་གླིང་གི་བཟོ་པ་དང་ལས་མི་རྣམས་གཅིག་བསྒྲིལ་གྱིས་མ་རྩ་བདག་པོ་ནས་ཁེ་བཟང་ལྷག་མ་དེ་ཐོབ་པ་བྱེད་དགོས་ཞེས་བཤད་པ་རེད། དེ་ལྟར་མ་རྩའི་རིང་ལུགས་ཀྱི་བདག་པོ་རྣམས་ཀྱི་མ་རྩ་དེའི་ཁེ་བཟང་འདྲ་མཉམ་བགོ་བཤའ་བརྒྱབ་རྒྱུ་དེ་ལ་སྤྱི་ཚོགས་རིང་ལུགས་ཞེས་བརྗོད།

འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཨུ་རུ་སུ་དང་རྒྱ་ནག་མར་ཁེ་སི་དང་ལེ་ཉིན་རིང་ལུགས་འོག་ཕྱིན་ནས་མ་རྩའི་བདག་པོ་རྣམས་མེད་པ་བཟོས་ནས་ཚང་མ་གཞུང་བཞེས་བཏང་རུང༌། སྒེར་གྱི་མ་རྩའི་རིང་ལུགས་དེ་མེད་པ་ཆགས་པ་ལས་གཞུང་གི་མ་རྩའི་རིང་ལུགས་དེ་གནས་པ་ཡིན་སྟབས། བཟོ་གྲྭ་དང་ཐོན་སྐྱེད་ཀྱི་སྡེ་ཚན་ཚང་མ་གཞུང་འཛིན་བྱེད་རུང༌། རིན་ཐང་ལྷག་མའི་ཁེ་བཟང་གི་ཆ་ཤས་མང་ཤོས་དེ་དམག་དང་མཚོན་ཆའི་ཐོག་བཏང་བ་ལས་བཟོ་པའི་གྲལ་རིམ་ལ་གང་ཡང་ཐོབ་མེད། དེ་ལྟར་སྤྱི་ཚོགས་རིང་ལུགས་དེ་ད་བར་རྩ་བ་ནས་ལག་ལེན་བསྟར་ཐུབ་མེད། མའོ་ཙེ་ཏུང་གིས་མར་ཁེ་སི་ནས་གཡར་བ་ཙམ་མིན་པར་རྒྱ་མི་རང་དང་འཚམས་པའི་སྤྱི་ཚོགས་རིང་ལུགས་ཤིག་འཛུགས་རྒྱུའི་མདུན་མཆོངས་ཆེན་མོ་ཟེར་བ་དེའི་ཐོག་ནས་ཉིན་ཤས་ནང་བཟོ་ལས་ཅན་དུ་བསྒྱུར་རྒྱུའི་ཐབས་ཤེས་བྱས་ཀྱང་ལམ་དུ་རྒྱུགས་མེད། དེ་རྗེས་ཏིང་ཞའོ་ཕིང་གིས་ང་ཚོ་ཚང་མ་ཕྱུག་པོ་ཆགས་དགོས་ཀྱི་ཡོད་སྟབས་ཐབས་ལམ་ག་རེ་བཏོན་ནའང་འགྲིགས་ཤིང༌། ཙི་ཙི་གསད་རྒྱུ་ཁོ་ན་དམིགས་ཡུལ་མ་གཏོགས། ཞི་མི་དཀར་པོ་དང་ནག་པོ་ལ་ཁྱད་པར་གང་ཡང་མེད། རྒྱལ་ཁབ་ཕྱུག་པོ་ཆགས་རྒྱུར་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གང་བྱེད་ནའང་འགྲིགས། ད་ང་ཚོ་ཁྲོམ་རྭའི་རིང་ལུགས་བྱེད་དགོས་ཞེས་བཤད། དེས་ན་ད་ལྟ་འཛམ་གླིང་ནང་མ་རྩའི་རིང་ལུགས་ཁོ་ན་མ་གཏོགས། སྤྱི་ཚོགས་རིང་ལུགས་འོག་འགྲོ་བའི་རྒྱལ་ཁབ་གཅིག་ཀྱང་མེད། འོན་ཀྱང་མི་གཅིག་ཀྱང་མེད་ཅེས་བཤད་མི་ཐུབ། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། པོན་ཌི་ཅེ་རིར་ཨོརོ་ཝིལེ་(Auroville, Pondicherry) ཞེས་པ་དེའི་ནང་མི་སྟོང་ཕྲག་གཉིས་ཙམ་ཡོད་ཅིང༌། ལྕགས་རི་བརྒལ་ནས་འགྲོ་དུས་དངུལ་མེད་ཐབས་མེད་ཀྱང༌། ལྕགས་རིའི་ནང་དངུལ་ལ་ལག་པ་འཆང་མི་དགོས་པར། ཚེམ་མཁན་གྱིས་གྱོན་གོས་བཙེམས་པ་དང༌། ཁྲུས་མཁན་གྱིས་གྱོན་གོས་བཀྲུས་པ། འཐག་མཁན་གྱིས་རས་འཐག་པ། འདེབས་མཁན་གྱིས་ཞིང་ཁ་བཏབ་པ་སོགས་བྱེད་ཀྱི་ཡོད། དེ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་མཁན་གང་སར་ཡོད་པ་ལས། རྒྱལ་ཁབ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་མཁན་གཅིག་ཀྱང་མེད།

སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་གཉིས་ཀྱི་ཁྱད་པར་གཙོ་བོ་དེ་དགོས་མཁོ་དང་འཚམས་པའི་ཐོན་སྐྱེད་བསྐྲུན་རྒྱུ་དང༌། ནུས་པ་དང་འཚམས་པའི་ལས་ཀ་བྱེད་རྒྱུའི་བསམ་བློ་ཡོད་མཁན་དེ་ལ་སྤྱི་ཚོགས་རིང་ལུགས་དང༌། དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་བྱ་རྒྱུ་དང༌། ཐོན་སྐྱེད་དང་མཚུངས་པའི་བག་མེད་ལོངས་སྤྱོད་བྱ་རྒྱུ། དེ་ལ་བརྟེན་ནས་ཁེ་བཟང་བཟོ་རྒྱུའི་བསམ་ཚུལ་འཁྱེར་མཁན་དེ་ལ་མ་རྩའི་རིང་ལུགས་ཟེར།

དེང་སང་མ་རྩའི་རིང་ལུགས་ཟེར་བའི་ཚིག་དེ་ཡང་བརླགས་ཟིན། མང་ཆེ་བས་ཁྲོམ་རྭའི་རིང་ལུགས་དང༌། (Market Oriented Economy) བག་མེད་ལོངས་སྤྱོད་ཀྱི་རིང་ལུགས། (Consumerism) དེའི་ནང་ནས་གུ་ཡངས་(Liberal) ཀྱི་ལྟ་གྲུབ་ཟིན་མཁན་དེ་ཤུགས་ཆེན་པོ་རེད། ཁོང་ཚོའི་དམིགས་ཡུལ་གཙོ་བོ་གོ་ལ་གཅིག་བསྒྱུར་ཟེར་བ་དེ་རེད། འཛམ་གླིང་ཚང་མ་གཅིག་བསྒྱུར་གྱིས་སྟོན་ཐོག་འདིར་བཏབ་རུང་འཛམ་གླིང་ཤར་ནུབ་གང་དུའང་ཟ་ཐུབ་པ། དཔེར་ན་འདིར་ཁྲོམ་དུ་ཨ་རི་དང་རྒྱ་ནག་ནས་བྱུང་བའི་ཀུ་ཤུ་དེ་འདྲ་མཐོང་རྒྱུ་ཡོད། དེ་བཞིན་འདིར་སྐྱེས་པ་ཡང་གཞན་དག་ཅིག་ནས་ཟ་ཞིང༌། དེར་བརྟེན་འཛམ་གླིང་གི་ཐོན་སྐྱེད་ཡོངས་རྫོགས་ཁྲོམ་ཆུང་ཆུང་ཞིག་ནང་མཐོང་རྒྱུ་ཡོད་པ་དེ་ཁྲོམ་རྭའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་རེད།

མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གནས་སྟངས་དེའི་དབང་གིས་ནུབ་ཕྱོགས་ལ་བཟོ་ལས་ཅན་གྱི་གསར་བརྗེ་བྱུང་བ་ནས་བཟུང༌། དམག་ཆེན་གཉིས་འཛིངས་པ་མ་ཟད། ད་བར་དམག་འཁྲུག་རྒྱུན་མ་ཆད་པར་བྱུང་བ་ལས། ཁོར་ཡུག་ཉམས་ཆག་དང༌། འཚེ་བ། འཇིགས་སྐུལ་རིང་ལུགས། ཆོས་ལུགས་ནང་ཕན་ཚུན་མ་འཆམ་པ། མི་འབོར་འཕེལ་རྒྱས་སོགས་ཡོང་མུས་རེད། ཇི་སྲིད་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་དེ་འགྱུར་བ་མ་ཕྱིན་བར། ང་ཚོའི་གོ་ལ་འདི་ཡུན་རིང་འདང་རྒྱུའི་རེ་བ་མེད། ང་ཚོ་རྒས་འཁོགས་ཚོ་མི་ཚེ་འཁྱོལ་ཡང༌། ཁྱེད་ཚོའི་མི་ཚེའི་ནང་སའི་གོ་ལ་འདིའི་ཐོག་མི་དང་སྲོག་ཆགས་འཚོ་མི་ཐུབ་པ་ཡོང་ཉེན་ཧ་ཅང་ཆེ།

དེ་བཞིན་སའི་གོ་ལའི་ཚ་དྲོད་ལོ་རེ་ནས་ལོ་རེར་རྒྱས་པ་དང༌། མཐའ་མར་བསྐལ་པ་མེས་འཇིག་པ་ཟེར་བ་དང་གཅིག་པ་ཆགས་རྒྱུའི་ཉེན་ཁ་སླེབས་ཡོད། དེ་ཚོ་བག་མེད་ལོངས་སྤྱོད་དང་ཁྲོམ་རྭའི་རིང་ལུགས་ལ་བརྟེན་ནས་བྱུང་བ་ཞིག་རེད།

ང་ཚོ་བོད་ལ་ཆ་བཞག་ནའང༌། སྲིད་པ་ཆགས་པ་ནས་ད་བར་རྒྱ་ནག་དང་རྒྱ་གར་ཁྱིམ་མཚེས་སུ་ཡོད་མུས་རེད། བརྒྱ་ཕྲག་བཅུ་གསུམ་པའི་ནང་ལོ་ཉི་ཤུ་རྩ་གྲངས་ཤིག་སོག་པོའི་མངའ་འོག་ལ་ཕྱིན་པ་མ་གཏོགས། སྟོབས་ཆེན་རྒྱལ་ཁབ་གང་གིའང་དབང་དུ་སོང་མེད། དེ་དུས་བོད་པ་ལ་ད་ལྟ་ལས་ལྷག་པའི་སྟོབས་ཤུགས་ཀྱང་གང་ཡང་མེད། རྒྱ་ནག་སྟོབས་ཤུགས་ཆུང་དྲགས་པ་དེ་འདྲའང་མིན། རྒྱ་དཀར་ནག་གཉིས་ཀས་བོད་ཐོག་དབང་སྒྱུར་མ་བྱས་པར་རང་དབང་གནས་ཐུབ་པ་དེ་འཛམ་གླིང་གི་གནས་སྟངས་ལྷིང་འཇགས་ཡོད་པའི་རྐྱེན་གྱིས་རེད། བརྒྱ་ཕྲག་ཉི་ཤུ་པའི་ནང་རྒྱ་ནག་ནང་གུང་ཁྲན་རིང་ལུགས་ཀྱི་གསར་བརྗེ་བྱུང་མ་ཐག་བོད་ནང་བཙན་འཛུལ་བྱེད་དགོས་པ་དེ་གོ་ལ་གཅིག་བསྒྱུར་གྱི་རིང་ལུགས་སམ་མ་རྩའི་རིང་ལུགས་གསར་པ་དེ་སླེབས་པའི་དབང་གིས་རེད་ཅེས་བརྗོད་ན་མི་འགྲིགས་པ་གང་ཡང་མེད།

དེས་ན་འཛམ་གླིང་གི་སྲོག་ཆགས་ཡོངས་རྫོགས་ཀྱི་དགྲ་གཙོ་བོ་དང༌། ང་ཚོ་རྩ་མེད་གཏོང་མཁན་གྱི་ནུས་པ་གཙོ་བོ་དེ་ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་འདི་གཉིས་ནང་འདུས་ཤིང༌། དེའི་དབང་གིས་དམག་འཐབ་དང་འཇིགས་སྐུལ་རིང་ལུགས་པ་བྱུང༌། དཔེར་ན། ཨ་རིའི་སྲིད་འཛིན་རེ་སླེབས་སྐབས་དམག་གསར་པ་རེ་རྒྱག་དགོས་པ་དེ་གང་རེད་ཅེ་ན། བཟོ་གྲྭའི་ནང་མཚོན་ཆ་བཟོས་པ་དེ་ལ་ཁྲོམ་རྭ་དགོས་སྟབས། དམག་མ་བྱུང་ན་ཁྲོམ་རྭ་གནས་ཀྱི་མེད། ཝེ་ཏེ་ནམ་གྱི་དམག་ལོ་ཉི་ཤུ་ཙམ་འཛིངས་པ་རེད། ཨ་རིས་ཉིན་གཅིག་ལ་དམག་ཐོབ་དགོས་ན་ཐོབ་མི་ཐུབ་པའི་གནས་སྟངས་མེད་ལ། ཉིན་གཅིག་ལ་ཕྱིར་འཐེན་བྱས་ནའང་མི་འགྲིགས་པ་གང་ཡང་མེད། འོན་ཀྱང་དམག་ཐོབ་ཤོར་གྱི་སྐད་ཆ་མེད་ཅིང༌། དམག་འཁྲུག་བསྡད་ན་མཚོན་ཆ་བཙོང་བའི་ཁྲོམ་རྭ་དེ་ཐོབ་པ་རེད། སདྡཱམ་ཧུསེན་གྱི་ལག་ནས་འཛམ་གླིང་ལ་གནོད་པའི་མཚོན་ཆ་གང་ཡང་རག་མེད། རག་རྒྱུ་མེད་པ་དེ་དང་པོ་ནས་ཤེས་ཀྱི་ཡོད། ཡིན་ནའང་དམག་དེ་དགོས་ཀྱི་ཡོད། གང་ལྟར་ཁྲོམ་རྭ་མུ་མཐུད་དགོས་པ་དེ་མ་རྩའི་རིང་ལུགས་ཀྱི་ལྟ་གྲུབ་གཙོ་བོ་ལྟ་བུ་རེད། དེའི་དབང་གིས་འབྱུང་བའི་འཐོན་ཁུངས་རྣམས་རྫོགས་པ་དང༌། ཆུ་རླུང་མི་གཙང་བ། གངས་རྒན་རྣམས་བཞུ་བ་སོགས་ལས་འཛམ་གླིང་འཕྲོ་བརླག་ཏུ་འགྲོ་བཞིན་པ་ཤེས་ཀྱི་ཡོད་སྟབས། ཟླ་བ་དང་མིག་དམར་ལ་གཞིས་ཆགས་ས་འདུག་གམ་བལྟ་གི་ཡོད། དེ་ནི་བྲོས་རྒྱུའི་བསམ་པ་མ་གཏོགས། ཡག་དྲགས་ནས་ཕ་གིར་ཕན་ཐོགས་བྱ་རྒྱུའི་བསམ་ཚུལ་གང་ཡང་མེད། ད་ལྟ་འཛམ་གླིང་འཕྲོ་བརླག་འགྲོ་བཞིན་པ་དེ་ཕལ་ཆེར་ང་ཚོས་སྲུང་སྐྱོབ་བྱེད་མི་ཐུབ་སྙམ།

ད་ལྟའི་གནས་སྟངས་ལ་རླབས་ཆེན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལོ་ལྔ་དྲུག་ནང་མ་ཕྱིན་ན། འཛམ་གླིང་ཐོག་མི་འཚོ་སྡོད་ཐུབ་པ་ཞིག་ཡུན་རིང་གནས་མི་ཐུབ། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཨལ་གོར་གྱིས་The Inconvenient truth ཞེས་པའི་གློག་བརྙན་ཞིག་བཟོས་འདུག་པ་དེ་ལ་གཟིགས་ན་མཁྱེན་ཐུབ། སྤྱིར་བཏང་ཚང་མས་ཤེས་ཀྱི་ཡོད་རུང༌། ད་དུང་རང་ཤི་རྒྱག་མཁན་ལྟ་བུར་མདུན་དུ་འགྲོ་བཞིན་པ་རེད། དེས་ན་སྤྱི་ཚོགས་རིང་ལུགས་ནི་ད་བར་བསྒྲུབ་མ་ཐུབ་པའི་གནས་སྟངས་ཤིག་ཡིན་སྟབས། དེ་མཐའ་གཅིག་ཏུ་བརྩི། དེ་ནས་མ་རྩའི་རིང་ལུགས་ནི་ད་ལྟའི་རྒུད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་སྟབས། དེ་མཐའ་གཅིག་ལ་བརྩི། མཐའ་དེ་གཉིས་དང་བྲལ་བའི་དབུས་དེ་གང་རེད་ཅེ་ན། དངོས་ཡོད་ཀྱི་དགོས་མཁོ་དང་འཚམས་པའི་ཐོན་སྐྱེད་དང༌། བག་མེད་ལོངས་སྤྱོད་མིན་པར་བེད་སྤྱོད་བཟང་པོ་བྱ་རྒྱུའི་དཔལ་འབྱོར་གྱི་འགྲོ་སྟངས་སམ་ལམ་སྲོལ་ཞིག་ལ་ཟེར་བ་རེད།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་༢༠༠༨ ཕྱི་ཟླ་༡ ཚེས་༨ ཉིན་ཆོས་དགེ་འོས་སྦྱོང་བའི་ཟབ་སྦྱོང་དུ་གནང་བའི་གསུང་བཤད།