ཆེད་བརྗོད། བྱེས་ཀྱི་བུམ་མང་བྱམས་པ་གླིང་ཆོས་སྡེ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས་

༄༅།། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བས་བོད་ལྗོངས་རྒྱལ་བསྟན་ཆབ་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པ་རྒྱ་དམར་ཀླ་ཀློའི་དཔུང་གིས་རྨེག་མེད་དུ་བཅོམ་པའི་སྐབས་སུའང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་འོད་སྣང་འབར་བའི་འོག་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མས་བཙན་བྱོལ་དུ་གནས་ཡུལ་རྒྱལ་ཁབ་ཁག་ཏུ་རྒྱལ་བསྟན་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་སླད་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་རླབས་ཆེན་བསྐྱངས་ཏེ་འཇིག་རྟེན་མཐའ་དབུས་ཀུན་ཏུ་བོད་བརྒྱུད་ནང་བསྟན་གྱིས་ཁྱབ་པར་མཛད་པའི་སྐབས་འདིར། བསྟན་པའི་སྣང་བྱེད་ལྷོ་སྐྱིད་འཕེལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་འཕྲིན་ལས་ཀྱི་མཐུ་ལས་ཧིམཱཅལ་མངའ་སྡེའི་ཁོངས་ཅོན་ཏ་ར་བོད་མིའི་གཞིས་ཆགས་སུ་བྱེས་ཀྱི་བུམ་མང་བྱམས་པ་གླིང་ཆོས་སྡེ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས་རིང་མིན་དཔལ་ལྡན་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་རྒྱུ་དང༌། གལ་ཆེའི་ཕྱག་དཔེ་ཁག་དཔར་སྐྲུན་སོགས་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་རླབས་ཆེན་གནང་འཆར་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཡི་རངས་བསྔགས་བརྗོད་དང༌། བོད་བརྒྱུད་ནང་བསྟན་སླར་གསོ་དང་རྒྱུན་འཛིན་ལ་ཞབས་འདེགས་རླབས་ཆེ་འགྲུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་བཅས། བཀའ་ཤག་གིས་༢༠༡༠ ཕྱི་ཟླ་༢ ཚེས་༡ ལ།། །།

བྱེས་ཀྱི་བུམ་མང་བྱམས་པ་གླིང་ཆོས་སྡེ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས་རིང་མིན་དཔལ་ལྡན་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་རྒྱུ་དང༌། གལ་ཆེའི་ཕྱག་དཔེ་ཁག་དཔར་སྐྲུན་སོགས་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་རླབས་ཆེན་གནང་འཆར་ལ་གནང་བའི་ཆེད་བརྗོད།