ཆེད་བརྗོད། ཁྱེའུ་རིག་འཛིན་ཆེན་མོའི་འཁྲུངས་རབས་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཕྲེང་བའི་

༄༅།། ཇི་ལྟར་སྟོན་མཆོག་རྣམ་འདྲེན་བཞི་པའི་ལུང་གིས་བསྟན་པ་བཞིན། འཕགས་མཆོག་མིག་མི་འཛུམ་གྱིས་གངས་ཅན་བོད་ཀྱི་ཡུལ་ལྗོངས་གདུལ་ཞིང་དུ་བདག་གིར་བཟུང་སྟེ་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་ནས་མཁན་ཆེན་བྱང་ཆུབ་སེམས་དཔའ་དང་སློབ་དཔོན་པདྨ་ཀ་རས་ཐེག་པ་གསུམ་དང་བརྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་རྒྱ་ཁྱབ་ཏུ་དར་རྒྱས་སུ་མཛད་པ་དང་ཆབས་ཅིག དུས་ནས་དུས་སུ་ལུང་བསྟན་བརྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་བསམ་བཞིན་སྲིད་པ་བཟུང་བ་དུ་མས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་གངས་ལྗོངས་ཀྱི་སྐྱེ་འགྲོ་རྣམས་རྗེས་སུ་བཟུང་བའི་འཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་དུ་བསྐྱངས་དང་སྐྱོང་བཞིན་པའི་བྱུང་རིམ་གྱི་ནང༌། ཨོ་རྒྱན་སངས་རྒྱས་གཉིས་པའི་ལུང་གིས་ཟིན་པའི་དཔའ་བོ་ལས་རབ་རྩལ་ལམ་ཁྱེའུ་རིག་འཛིན་ཆེན་མོ་ནི་གསང་སྔགས་སྔ་འགྱུར་གཙོ་བོ་གྱུར་པའི་རིས་མེད་ཀྱི་བསྟན་འཛིན་བོད་ལྗོངས་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཡིན།

བདག་ཉིད་ཆེན་པོ་དེ་ནི་སྟོན་པའི་སྤྱན་སྔར་ཤེས་རབ་ཅན་གྱི་མཆོག་ཉན་ཐོས་ཆེན་པོ་ཤ་རིའི་བུའི་སྐུའི་སྐྱེ་བ་འཛིན་པ་ནས་བཟུང་ད་ལྟ་ཁྱེའུ་རིག་འཛིན་ཆེན་མོ་རིག་འཛིན་ཆོས་ཀྱི་དབང་ཕྱུག་འཕྲིན་ལས་རབ་རྒྱས་ཀྱི་བར་འཕགས་བོད་གཉིས་སུ་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་གར་ཇི་སྙེད་ཅིག་སྟོན་པ་རྣམས་ཀྱི་ནང་ནས་སྐྱེས་རབས་ཀྱི་ཕྲེང་བ་མི་ཉུང་བ་ཞིག་གི་རྣམ་པར་ཐར་པ་ད་ལྟ་ཚད་ཐུབ་གཞུང་ལུགས་ཁག་ཏུ་རྙེད་སོན་ཡོད་པ་རྣམས་ཕྱོགས་བསྡུས་དང༌། ཁྱད་པར་ད་ལྟ་འཚོ་ཞིང་གཞེས་པའི་རིག་འཛིན་ཆོས་ཀྱི་དབང་ཕྱུག་འཕྲིན་ལས་རབ་རྒྱས་ཀྱི་མཛད་རྣམ། གང་གིས་སྐྱོང་ཡུལ་དགོན་སྡེ་ཁག་གི་གནས་ཚུལ། རིག་འཛིན་ཆེན་མོ་སྐུ་ཕྲེང་ན་རིམ་དང་ྋགོང་ས་སྐུ་ཕྲེང་ན་རིམ་དབར་གྱི་འབྲེལ་ལམ་སོགས་ཀྱི་སྐོར་ལས་བརྩམས་ཏེ་“འཁྲུངས་རབས་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཕྲེང་བ་” ཞེས་པ་ཕྱོགས་བསྒྲིགས་མཛད་འདུག་པ་འདི་ནི་སྐལ་བཟང་དད་ལྡན་གྱི་སྐྱེ་འགྲོ་གྲངས་ལས་འདས་པར་འཕྲལ་ཡུན་ལེགས་ཚོགས་སྟེར་བའི་དགོས་འདོད་ཀྱི་ནོར་བུར་གྲུབ་འདུག་པར་ཡི་རངས་བསྟོད་བསྔགས་ཀྱི་ཆེད་བརྗོད་དུ། བཀའ་ཁྲི་མིང་འཛིན་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་ཤར་མར་སྨྲས་པ་ཇཡན྄ཏུ།། །།

ཁྱེའུ་རིག་འཛིན་ཆེན་མོའི་འཁྲུངས་རབས་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཕྲེང་བའི་ཆེད་བརྗོད་དུ་༢༠༡༠ ཕྱི་ཟླ་༡༢ ཚེས་༡ ལ་བྲིས་པའོ།།