ཆེད་བརྗོད། རྒྱ་གར་དུ་བོད་མིའི་མཉམ་འབྲེལ་ཁག་འཕེལ་རིམ་གྱི་བྱུང་རབས་ཕྱོགས་སྒྲིག་པར་འགྲེམས་སྐབས་

༄༅།། འགྲོ་བ་མིའི་སྤྱི་ཚོགས་སུ་དབུལ་ཕྱུག་གི་བར་ཁྱད་དང་དཔལ་འབྱོར་ཆ་སྙོམ་མིན་པའི་དབང་གིས་བཤུ་གཞོག་དང་གཉའ་གནོན་སོགས་དྲང་བདེན་མིན་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་བར་བརྟེན་དེ་དག་གི་འཁོན་ལན་ལྟ་བུར་དྲག་སྤྱོད་འཚེ་བ་ལ་བརྟེན་པའི་དམར་པོའི་རིང་ལུགས་ཁྱབ་སྤེལ་སོགས་འཇིག་རྟེན་ཁྱོན་ཡོངས་སུ་བདེ་གཟར་འགྱུར་ལྡོག་ཚད་མེད་ཀྱིས་དམག་འཁྲུག་མུ་གེ་སོགས་གོད་ཆགས་ཚབས་ཆེ་བྱུང་ཡང༌། མ་རྩའི་རིང་ལུགས་པ་རྣམས་ཀྱིས་འགྲན་བསྡུར་ལ་བརྟེན་པའི་ལྟ་སྤྱོད་དང༌། དམར་པོའི་རིང་ལུགས་པ་རྣམས་ཀྱིས་གྲལ་རིམ་འཐབ་རྩོད་ལ་བརྟེན་པའི་ལྟ་སྤྱོད་གཉིས་ཀས་མི་དང་མིའི་བར་གྱི་བརྩེ་གདུང་དང་མཐུན་འབྲེལ་གྱི་གཞི་རྟེན་རྩ་གཏོར་བཏང་སྟེ་སྐྱེ་འགྲོ་ཡོངས་རྫོགས་ཞི་བདེ་དང་བརྟན་ལྷིང་གིས་ཕོངས་པའི་གནས་སུ་གྱར་བའི་སྐབས། འགྲོ་བ་མིའི་རང་བཞིན་གྱི་གཤིས་སྤྱོད་ལ་བརྟེན་པའི་བྱམས་བརྩེ་མཉམ་གནས་ཀྱི་ལྟ་གྲུབ་འཛིན་པའི་སྐྱེས་བུ་དམ་པ་མང་པོས་སྤྱི་ཚོགས་ཀྱི་བདེ་ཐབས་སུ་འདོད་རྔམས་དང་ཞེ་སྡང་ལ་བརྟེན་པའི་འགྲན་བསྡུར་དང་འཐབ་རྩོད་སྤངས་ནས།༼མས་བརྩེའི་གཞི་རྩར་བརྟེན་པའི་མཉམ་འབྲེལ་མཐུན་ལམ་གྱིས་འཚོ་ཐབས་གཉེར་བའི་ལམ་སྲོལ་གསར་པ་ཞིག་གཏོད་པ་དེ་དག་རྒྱ་གར་གྱིས་མཚོན་ཡུལ་གྲུ་དུ་མར་དར་ཁྱབ་བྱུང་སྟེ་མིའི་སྤྱི་ཚོགས་ལ་ཕན་ཐོགས་རླབས་ཆེ་བསྒྲུབས་ཐུབ་པ་བྱུང་ཡོད།

ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་མི་བཟད་པའི་དབང་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་སྐབས་ྋགོང་ས་མཆོག་གིས་དབུས་བོད་མི་བཙན་བྱོལ་བ་མང་ཆེ་བ་རྒྱ་གར་དུ་གཏན་གཞིས་ཆགས་ཏེ་རྒྱ་གར་གཞུང་མང་གི་མཐུན་འགྱུར་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་གཞིས་ཆགས་ཁག་མང་གསར་འཛུགས་གནང་བ་དང༌། གཞིས་སྒར་དེ་དག་ཏུ་རྒྱ་གར་དུ་དར་ཁྱབ་འགྲོ་བཞིན་པའི་མཉམ་འབྲེལ་གྱི་ལས་འགུལ་ལ་བརྟེན་ནས་བོད་མི་རྣམས་གཅིག་ཕན་གཅིག་གྲོགས་ཀྱི་འདུན་ལམ་འཚོལ་རྒྱུ་དང༌། ཁྲིམས་མཐུན་བཟོ་ཚོང་གི་བྱ་གཞག་སྤེལ་རྒྱུ། དབུས་སའི་གཞུང་ནས་རོགས་སྐྱོར་མཐུན་རྐྱེན་དང༌། ཁྲལ་ཆག་སོགས་ཀྱི་ཁེ་ཕན་འཐོབ་ཆེད་མཉམ་འབྲེལ་ཚོགས་པ་དེབ་སྐྱེལ་བྱས་ཏེ་སྤྱི་སྒེར་ཡོངས་ལ་དོན་ཕན་ཆེན་པོ་སོན་ཡོད། དེ་འདྲའི་མཉམ་འབྲེལ་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ཡོད་པ་དེ་དག་གི་སྤྱི་མཐུན་མཉམ་འབྲེལ་ཞིག་བཙུག་ཐུབ་པ་བྱུང་ན་དགེ་མཚན་ཆེ་བར་གཟིགས་ཏེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཕྱི་ལོ་༢༠༠༥ ལོར་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ནས་བཟུང་ཤས་བདག་མཉམ་འབྲེལ་ཚང་མའི་ཡར་རྒྱས་གཏོང་ཕྱོགས་སྤྱི་དང༌། ཁྱད་པར་བཙན་བྱོལ་གཞུང་ལ་བརྟེན་ལྟོས་མ་དགོས་པར་མཉམ་འབྲེལ་སོ་སོའི་ཤས་བདག་མང་ཚོགས་དང་དེས་འོས་འདེམས་བྱས་པའི་འཛིན་སྐྱོང་ཚོགས་མི་རྣམས་ཀྱིས་རང་མི་རང་ལས་ཐུབ་ཐབས་དང༌། མཉམ་འབྲེལ་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཡོང་ཐབས་བཅས་ལ་འབད་བརྩོན་བླ་ལྷག་གནང་ཡོད།

བོད་མིའི་མཉམ་འབྲེལ་བཅོ་ལྔའི་ཚོགས་ཆེན་བདུན་པའི་གྲོས་ཆོད་གཞིར་བཟུང་རྒྱ་གར་དུ་བོད་མིའི་མཉམ་འབྲེལ་ཁག་འཕེལ་རིམ་གྱི་བྱུང་རབས་ཕྱོགས་སྒྲིག་པར་འགྲེམས་གནང་བ་འདིས་འབྱུང་འགྱུར་མི་རབས་རྣམས་ལ་སྔོན་བྱུང་ངོ་སྤྲོད་དང༌། སྙིང་སྟོབས་སྤེལ་བའི་ཆ་རྐྱེན་བཟང་པོ་ཞིག་ཡོང་རྒྱུ་གདོན་མི་ཟ་བས་རྩོམ་སྒྲིག་པ་རྣམས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་ཡིག་འཇོག་འདིས་རྒྱ་ཆེ་ཀློག་པ་པོ་མང་པོར་འཕྲལ་དང་ཡུན་དུ་ཐུགས་ཕན་གསོས་པའི་སྨོན་འདུན་བཅས་བཀའ་ཁྲི་མིང་འཛིན་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་༢༠༡༠ ཟླ་༥ ཚེས་༡༨ ལ་བྲིས་པ་དགེ་བར་གྱུར་ཅིག། །། ཇཡཇགཏ྄།

རྒྱ་གར་དུ་བོད་མིའི་མཉམ་འབྲེལ་ཁག་འཕེལ་རིམ་གྱི་བྱུང་རབས་ཕྱོགས་སྒྲིག་པར་འགྲེམས་སྐབས་གནང་བའི་སྔོན་གླེང་ཞིག་ཡིན།