ཆེད་དུ་བརྗོད་པ། མིའི་འགྲོ་བ་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་པའི་ཁྱད་ཆོས་ནི།

མིའི་འགྲོ་བ་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་པའི་ཁྱད་ཆོས་ནི་ཡུལ་ལ་རྣམ་པར་དཔྱོད་པའི་བློ་གྲོས་དང༌། དོན་གྱི་སྤུ་རིས་གསལ་བར་མཚོན་པའི་ངག་གི་རྣམ་རིག་གཉིས་ཁོ་ན་ཡིན་པ་དང༌། ལྷག་པར་དུ་སྨྲ་བརྗོད་སྐད་ཀྱི་རང་བཞིན་ནི་ཉེ་དུས་ཀྱི་མཁས་པ་ཞིག་གིས། རིགས་མཐུན་མི་ཡི་འགྲོ་བའི་སེམས་ཀྱི་འོད། ། ཕན་ཚུན་འཕྲོ་བའི་རྒྱུན་ལམ་ཉག་གཅིག་དེ། ། ལུས་ངག་རྣམ་རིག་སྲད་བུ་ཟུང་འབྲེལ་བའི། ། ཐ་སྙད་གློག་གི་སྐུད་པ་འདིར་མཐོང་ནས། ། ཞེས་བཤད་པ་ལྟར་མི་བྱེ་བྲག་པའམ་སྤྱི་ཚོགས་དང་མི་རིགས་དབར་གྱི་བསམ་ཚུལ་དང༌། ལྟ་གྲུབ། རིག་གནས་སོགས་ཕན་ཚུན་བརྡ་སྤྲོད་པའི་བརྒྱུད་ལམ་གཉིས་པ་མེད་པ་དེ་ཡིན་ཞིང༌། དེ་ལ་བརྟེན་ནས་སྣ་མང་རིག་པའི་གནས་གསར་སྐྲུན་དང༌། གོང་འཕེལ། ལེགས་བཅོས་སོགས་བྱུང་དང་འབྱུང་བཞིན་པའི་ལམ་ནས་ད་ལྟ་རང་རེའི་སྤྱོད་ཡུལ་དུ་གྱུར་པའི་རྒྱ་ཆེ་གཏིང་ཟབ་ཀྱི་རིག་གནས་འདི་དག་བྱུང་བ་དང༌། དེ་ལ་བརྟེན་ནས་སེམས་ཅན་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་སྐྲུན་པའི་ཆོས་སྲིད་ཀྱི་ལམ་བཟང་མང་པོ་རྙེད་ཡོད། སྐད་ཡིག་རིག་པ་ནི་རིག་གནས་གཞན་ཡོངས་ཀྱི་ཐེག་པར་གྱུར་པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་ཁྱད་ནོར་ཞིག་ཡིན་སྟབས། མི་རིགས་ཀྱི་རིག་གནས་ཀྱི་ཕྱུག་ཞན་ཡང་སྐད་ཡིག་གི་ཕྱུག་ཞན་ལ་རག་ལུས་པ་ཡིན།

གངས་ལྗོངས་སུ་གནས་པའི་བོད་རིགས་མི་འབོར་གྱི་ཆ་ནས་ཆེས་གྲངས་ཉུང་དང༌། བྱུང་རབས་ཀྱི་དུས་ཡུན་ཐུང་ཡང༌། འཇིག་རྟེན་འདིར་ཀུན་གྱིས་གུས་བརྩི་འོས་པའི་མི་རིགས་གྲགས་ཅན་ཞིག་ཏུ་གྱུར་པ་ནི་སྐད་ཡིག་དང༌། དེས་སྟོན་པའི་རིག་གཞུང་རྣམས་ཀྱི་དབང་གིས་ཡིན་པ་སྨོས་མ་དགོས། བོད་སྐད་ནི་དེང་རབས་ཀྱི་ཚན་རིག་དང་མཐུན་ཤོས་སུ་གྲགས་པའི་ལེགས་པར་སྦྱར་བའི་སྐད་དང་དོ་མཉམ་པའི་བརྡ་སྤྲོད་ཀྱི་རྗེས་བསྟན་ཕུན་སུམ་ཚོགས་པ་ཡོད་པའི་དབང་གིས་གནའ་དེང་གི་ཤེས་བྱ་ཇི་འདྲ་ཞིག་ཡིན་རུང་ཡང་དག་པར་སྟོན་ནུས་ཤིང༌། ཚིག་རྒྱན་གྱི་རྣམ་གཞག་ཀྱང་སྒྲ་དོན་གཉིས་ཆ་ནས་སྐད་རིགས་གཞན་ལ་ཡོད་པའི་ཁྱད་ཆོས་ཕལ་མོ་ཆེ་བདག་གིར་བྱས་པའི་ནུས་པ་ཐོགས་རྡུགས་མེད་པའི་དབང་གིས་འཇིག་རྟེན་འདིའི་སྐད་ཡིག་གཞན་གང་གིས་འགྲན་དུ་མེད་པར་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བརྗོད་ནུས།

རྫོགས་ལྡན་ནས་རྩོད་ལྡན་དུ་འགྲོ་བའམ། རྡོའི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་སུ་འགྲོ་བར་འཛིན་པའི་འཇིག་རྟེན་ལ་ལྟ་ཚུལ་གང་གི་དབང་དུ་བྱས་ཀྱང་དུས་ཀྱི་གཞན་དབང་དུ་གྱུར་པའི་སྣོད་བཅུད་གང་ཡང་མི་རྟག་འགྱུར་བའི་རང་བཞིན་དུ་མཚུངས་པར་འདོད་པས། སྤྱིར་འདུས་བྱས་སོ་ན་མི་གནས་ཤིང༌། ལྷག་པར་རླུང་ལྟར་འཕྱོ་བའི་རྣམ་རྟོག་གི་རྗེས་སུ་འབྲངས་པའི་སྐད་ཀྱི་རང་བཞིན་ནི་འགྱུར་ལྡོག་སྐྱེན་པ་ལྟ་ཅི་སྨོས། འོན་ཀྱང་ཡུལ་དུས་གནས་སྐབས་དང་མཚུངས་པར་རང་གི་ངོ་བོ་མ་ཉམས་བཞིན་དུ་བརྗེ་སྒྱུར་ཐུབ་པའི་ནུས་པའང་སྐད་ཡིག་ཚང་མར་གཅིག་གྱུར་དུ་མེད་རུང༌། གནའ་དེང་གང་གི་སྐབས་སུའང་བཀོལ་སྤྱོད་ཤེས་ན་བོད་སྐད་ཀྱི་ནུས་པ་འཛད་མཐའ་མེད་པའི་རང་བཞིན་དཔོག་ཐུབ། སྐད་ཡིག་གི་ཡར་རྒྱས་ནི་སྔོན་ཡོད་ཐ་སྙད་ཀྱི་བང་མཛོད་ཉམས་མེད་ཐོག་གསར་བྱུང་བརྡ་ཆད་དང་རྩོམ་འགྲོས་ཀྱི་ཁ་སྣོན་ལེན་ཐུབ་པ་ཞིག་ལ་ཟེར་བ་མ་གཏོགས། གསར་པ་བྱུང་རིམ་བཞིན་རྙིང་པ་རྒྱང་སྐྱུར་བྱེད་པ་ཡིན་ན་ཐ་སྙད་ཀྱི་ཕྱུག་ཚད་མཐོ་རུ་འགྲོ་མི་སྲིད་པ་མ་ཟད། ནམ་ཞིག་རིན་ཐང་བྲལ་བའི་གཞུང་ལུགས་རྙིང་པ་རྣམས་མང་ཚོགས་ཀྱི་སྤྱོད་ཡུལ་ལས་བརྒལ་རྒྱུ་དང༌། ས་ཕྱོགས་དང་ལུང་ཚན་རིས་སུ་མ་ཆད་པར་བོད་རིགས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པའི་ངག་གི་རང་བཞིན་གྱི་དཔལ་ཡོན་བླ་ན་མེད་པ་དེ་རྩ་བརླག་ཏུ་འགྲོ་སྲིད་པ་ཡིན།

རྙིང་པ་གང་ཡིན་སྙིང་པོ་མེད་ཅིང་དུས་ལས་ཡོལ་བ་དང༌། གསར་པ་གང་ཡིན་སྐྱེས་བུའི་མངོན་འདོད་སྒྲུབ་པའི་ཆ་རྐྱེན་དུ་འཛིན་པ་དང༌། ཡང་ན་རྙིང་པ་ཐམས་ཅད་ཚུལ་མཐུན་དང༌། གསར་པ་ཐམས་ཅད་ཚུལ་མིན་དུ་འདོད་པ་གཉིས་ཀ་དཔྱད་པ་མ་རྫོགས་པའི་འོལ་སྤྱིའི་བསམ་ཚུལ་ཞིག་ལས་དངོས་དོན་ལ་བརྟེན་པ་ག་ལ་ཡིན། དུས་ཡུན་རིང་པོ་ནས་ཤར་ནུབ་ཡུལ་གྲུ་དུ་མར་སྤྱིར་གསར་བརྗེ་དང༌། ཁྱད་པར་རྩོམ་རིག་དང་སྙན་ངག་གི་གསར་བརྗེའི་སྐོར་གླེང་མོལ་ཇི་སྙེད་ཅིག་སྐད་ཡིག་ཕལ་ཆེ་བའི་ནང་བྱུང་འདུག་ཀྱང༌། བོད་སྐད་དུ་དེ་འདྲའི་གླེང་གཞི་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་སྨད་ཙམ་བར་བྱུང་མི་འདུག་པ་དེ་ལེགས་ཆའམ་རྗེས་ལུས་ཀྱི་རང་བཞིན་གང་ཡིན་ཁ་ཚོན་གཅད་དཀའ། ཆོས་ཀྱི་རྗེས་འབྲང་དབང་རྣོན་དང༌། དད་པའི་རྗེས་འབྲང་དབང་རྟུལ་དུ་འདོད་པ་རྙིང་ལུགས་ཡིན་པས་འདོར་བྱ་དང༌། རང་སྟོབས་ཀྱིས་དཔྱོད་པ་པོ་དབང་རྟུལ་དང༌། གཞན་རྗེས་འབྲང་བ་པོ་དབང་རྣོན་དུ་འདོད་པ་དེང་རབས་ཡིན་པས་བླང་བྱར་གཟུང་ན་ནི་དེར་ཟད། དེ་མིན་དངོས་དོན་དང་བསྟུན་ན་གསར་རྙིང་གང་ལའང་སྐྱོན་ཡོན་གྱི་ཆ་གཉིས་ཀ་སྲིད་པས་གཟུ་བོར་གནས་པའི་རྣམ་དཔྱོད་ཀྱིས་བླང་དོར་འབྱེད་དགོས། གནའ་སྲོལ་དང་དེང་རབས། གསར་པ་དང་རྙིང་པ་ཇི་འདྲ་ཞིག་ཡིན་རུང༌། བྱུང་དུས་ཀྱི་དབྱེ་བས་ལེགས་ཉེས་མི་ཕྱེ་བར་སོ་སོའི་ངོ་བོར་བརྟགས་ཏེ་བླང་དོར་འབྱེད་དགོས་ཤིང༌། རིགས་པ་དང་མི་མཐུན་ན་གསར་རྙིང་གང་ཡིན་ཡང་མི་འོས་པ་དང༌། རིགས་པ་དང་མཐུན་ན་གསར་རྙིང་གང་ཡིན་ཡང་འོས་པ་ཞིག་ཏུ་ཚད་འཛིན་བྱ་རྒྱུ་ནི་དངོས་དོན་དང་བཟང་སྤྱོད་གཉིས་ཀར་མཐུན་པ་ཞིག་ལོས་ཡིན། སྲོལ་རྒྱུན་གྱི་ཕ་མ་དང་བྲལ་ཞིང་ལུང་རིགས་ཀྱི་འོ་མས་མ་བརྟས་པར་དེང་རབས་སུ་རྫུས་ཏེ་སྐྱེས་པའི་ཤེས་བྱ་རིགས་ཆད་ཀྱི་ས་བོན་ལྟ་བུ་ཇི་སྙེད་ཅིག་འདུག་པ་དེ་དག་དཔྱོད་ལྡན་རྣམས་ཀྱིས་རེ་ཞིག་བཏང་སྙོམས་སུ་བྱ་བར་རིགས།

དེང་སང་གསར་རྙིང་ངམ་གནའ་དེང་རྩོད་པ་པོ་འགའ་ཞིག་གིས་གནའ་རབས་སམ་རྙིང་པ་ཐམས་ཅད་སྲོལ་རྒྱུན་དུ་འདོད་པའང་སྣང་བ་དེ་དག་ནི་རྣམ་པར་འཁྱམས་ཏེ། རྙིང་པ་ཐམས་ཅད་སྲོལ་རྒྱུན་ག་ལ་ཡིན། གོང་སྨོས་ལྟར་གནའ་རབས་དང་དེང་རབས་གཉིས་ཀར་ལེགས་ཉེས་སྣ་ཚོགས་ཡོད་ཀྱང༌། སྲོལ་རྒྱུན་ཡིན་ཕྱིན་ཉེས་པ་དང་བཅས་པའམ་རིགས་པ་དང་མི་མཐུན་པ་ཞིག་ཡོང་མི་སྲིད། དེས་ན་གནའ་རབས་དང་དེང་རབས་ལ་མཚུངས་བསྡུར་དང་བཟང་ཞན་གྱི་དཔྱད་པ་འཇུག་ནུས་ཤིང་འཇུག་འོས་ཀྱང༌། དེང་རབས་དང་སྲོལ་རྒྱུན་དབར་མཚུངས་བསྡུར་བྱེད་མི་ཐུབ། རིགས་པས་དཔྱད་པ་བཟོད་ན་དེང་རབས་སུ་འདོད་པའང་སྲོལ་རྒྱུན་དུ་འདུ་ཞིང༌། མི་བཟོད་ན་དེང་རབས་སུ་གྲུབ་ཀྱང་སྲོལ་རྒྱུན་དང་མཚུངས་བསྡུར་མི་འོས། དེ་སྔོན་བོད་སྐད་དུ་སྲོལ་རྒྱུན་དང་དེང་རབས་ཀྱི་བགྲོ་གླེང་མེད་སྟབས་ བྱསྲོལ་རྒྱུན་བྱ གྱི་རྣམ་བཤད་གསལ་པོ་བྱུང་མེད་ཚོད་ཀྱང༌། བར་སྐབས་སྲོལ་རྒྱུན་དང་དེང་རབས་ཀྱི་གླེང་གཞི་བྱུང་རྗེས་ བྱསྲོལ་རྒྱུན་བྱ ཞེས་པའི་ཚིག་ལེགས་སྦྱར་གྱི་ བྱཔརམ྄པརཱབྱ ཞེས་པའི་སྐད་དོད་དུ་བཟུང་འདུག་པས་ངེས་ཚིག་གིས་བཤད་ན། ཆད་མེད་དུ་འགྲོ་བའི་རྒྱུན་ནམ་རྒྱུད་ལྟ་བུར་གོ་ཞིང༌། དེ་ནི་ཚད་མར་གྱུར་པའི་ཁུངས་ལས་བྱུང་ཞིང༌། བརྒྱུད་པ་བར་མ་ཆད་པར་གནས་པ། རིགས་པ་ཡང་དག་གིས་དཔྱད་བཟོད་ཅིག་ཡིན་དགོས་པ་གནའ་དེང་གི་མཁས་པ་མང་པོས་གཅིག་མཐུན་དུ་བཞེད། དོན་གྱི་དབང་འདི་ལ་གཟིགས་ནས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ ༼ངེས་པའི་དོན་དུ་ བྱསྲོལ་རྒྱུན་བྱ ནི་གསར་པ་དང་རྙིང་པ་གང་ཡང་མིན་ལ། དེང་རབས་དང་དེང་རབས་ཀྱི་འགལ་ཟླ་ཡང་མ་ཡིན། དེ་ནི་ཡོངས་ཁྱབ་གཡུང་དྲུང་དམ་པའི་ཆོས་ཤིག་ཡིན་༽ཞེས་གསུངས་པ་དོན་ལ་གནས།

དོན་གྱི་གནད་འདི་དག་ལ་སྒྲོ་འདོགས་གཅོད་པའི་སླད་དུ་མང་ཐོས་རྣམ་དཔྱོད་ཅན་ཚེ་དང་ལྡན་པ་རེ་མདོའི་སེང་གེས་བོད་ཀྱི་རྩོམ་རིག་མཐའ་དཔྱོད་དང༌། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ་ཞེས་པའི་རྨད་དུ་བྱུང་བའི་དཔྱད་རྩོམ་ཕྱོགས་སྒྲིག་དཔེ་དེབ་གཉིས་འབྲི་རྩོམ་གནང་འདུག་པ་འདི་དཔྱོད་ལྡན་ཡིད་དབང་འཕྲོག་པའི་གསོས་སུ་གྱུར། བརྗོད་བྱའི་ལུས་སྟོབས་རྫོགས་པའི་སྟག་ཤར་སྒྲ་དོན་རྒྱན་གྱི་གོས་བཟང་བཀླུབས་ཤིང༌། ཡང་དག་རིགས་པའི་མཚོན་རྣོན་ཐོགས་པའི་རྩོད་རྩོམ་ཁྱད་ཆོས་གཉིས་ལྡན་གྱི་དཔའ་བོ་དར་མ་ཞིག་ཏུ་གྲུབ་འདུག འདིས་བོད་ཀྱི་རིག་གཞུང་སྤྱི་དང༌། ཁྱད་པར་རྩོམ་རིག་གི་རྣམ་གཞག་ལ་བློ་གསལ་མང་པོར་དཔྱད་སྒོ་གསར་པ་ཞིག་བསྟན་ཐུབ་པ་དང༌། དེའི་དབང་གིས་བོད་ཀྱི་གནའ་དེང་གཉིས་ཀའི་རིག་གནས་ཚད་ལྡན་རྣམས་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་བཟང་པོ་ཞིག་ཡོང་བའི་ཡིད་ཆེས་ཡོད། ཀུན་དགེའི་སྨོན་འདུན་བཅས་དགེ་སྦྱོང་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་ལོའི་ཟླ་ ༩ ཚེས་ ༢༢ ལ་བྲིས་པ་དགེ་བར་གྱུར་ཅིག །