ཆེད་དུ་བརྗོད་པ། མདོ་ཁམས་ཏྲེ་ཧོར་གཞིས་བྱེས་སེར་སྐྱ་སྤྱི་མགྲིན་ནས་ཆོལ་གསུམ་སྤྱི་དང༌།

༄༅།། ཀུན་བཟོད་སྒེག་མོའི་ཁྱོན་དུ་གནས་པའི་མིའི་འགྲོ་བ་རྣམས་སྤྱི་ཚོགས་ཀྱི་དཔལ་ཡོན་གོང་མཐོར་འཕེལ་ཏེ་དེང་རབས་གོང་མར་སོན་པའི་སྙེམས་པ་འཆང་ཡང༌། དངོས་དོན་ད་ལྟའང་འཇིག་རྟེན་འདིའི་ནང་ས་ཁྱོན་དང་མི་འབོར་གྱི་ཆ་ནས་གྲལ་འགོར་སོན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་འདྲ་མཉམ་དང༌། དྲང་བདེན། ཁྲིམས་ལུགས་ཀྱི་དབང་བསྒྱུར། འགྲོ་བ་མིའི་ཐོབ་ཐང༌། མང་གཙོའི་རིང་ལུགས་སོགས་དེང་རབས་ཀྱི་དཔལ་ཡོན་གནད་ཆེ་དེ་དག་གི་མིང་ཙམ་ཡང་མ་གྲགས་པར་ཆེས་མུན་ནག་དང༌། ཆེས་རྗེས་ལུས་ཀྱི་གནས་སུ་ལྷུང་བ་དེའི་བཙན་འོག་ཏུ་པུར་རྒྱལ་བོད་ཀྱི་ལྗོངས་ཀྱང་ཚུད་དེ་མི་ལོ་བཅུ་ཕྲག་དྲུག་ཏུ་ཉེ་བའི་རིང་མིང་འདོགས་སྣ་ཚོགས་ཀྱི་འོག་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་མི་རིགས་ལེགས་བྱང་དང་བཅས་པའི་མིང་ཙམ་ཡང་ལྷག་མར་མ་ལུས་པའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བསམ་བརྗོད་ལས་འདས་པའི་དྲག་གནོན་གྱི་བྱ་བ་རྒྱུན་ཆད་མེད་པ་བརྩམས་རུང༌། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱི་གཟི་བྱིན་དང༌། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་བོད་མི་རིགས་དང༌། དེའི་ཐུན་མིན་གྱི་རིག་གཞུང་རྣམས་ད་ལྟའང་ཉམས་མེད་རྒྱུན་གནས་ཐུབ་པ་མ་ཟད། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་དོ་སྣང་དང་ཡི་རངས་བྱ་ཡུལ་དུ་གྱུར་ཅིང༌། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་རང་བཞིན་ཁོ་ནར་གནས་ཐུབ་པ་ནི་ཡ་མཚན་དངོས་བྱུང་གི་གནས་བབ་ཀུན་གྱིས་མིག་དཔེར་གཟུང་འོས་ཤིག་ཡིན།

ཁྱད་པར་ཕྱི་ལོ་༢༠༠༨ དང་༢༠༠༩ རབ་བྱུང་བཅུ་བདུན་པའི་ས་བྱི་ས་གླང་གཉིས་ཀྱི་ནང་བོད་ས་མཐའ་དབུས་ཀུན་ཏུ་ཞི་རྒོལ་གྱི་ལས་འགུལ་ཆེས་གཞི་རྒྱ་ཆེ་བ་ཞིག་བྱུང་བ་ནི་བོད་རིགས་སྤྱི་དང༌། བྱེ་བྲག་འདས་ལོ་ལྔ་བཅུའི་ནང་འཚར་ལོང་བྱུང་བའི་མི་རབས་གསར་པ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ། འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བློ་གཏད་ཇི་ཙམ་ཡོད་པ་གསལ་བར་མཚོན་པའི་འགྱུར་མེད་ཟུབ་མེད་ཀྱི་དན་རྟགས་ཆེན་པོ་ཞིག་ཡིན་པ་སྨྲོས་མ་དགོས། འོན་ཀྱང་བཙན་དབང་གཅིག་སྡུད་རིང་ལུགས་པའི་གཉའ་གནོན་དང་དམ་བསྒྲགས་ལྕགས་ཀྱི་ཡོལ་བ་མཐུག་པོའི་ཕག་ཏུ་དངོས་བྱུང་གི་གནས་ཚུལ་མང་ཆེ་བ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ཐོས་ཀྱི་ལམ་དུ་འགྱུར་དཀའ་བ་མ་ཟད། བོད་རིགས་ནང་ཕན་ཚུན་དུའང་ཤེས་རྟོགས་དཀའ་བའི་གནས་སུ་གྱར་སྐབས་འདིར། འགྲན་ཟླ་མེད་པའི་དཔའ་མཛངས་སྙིང་སྟོབས་ཀྱི་རྦ་རླབས་འགོག་མེད་དུ་འཕྱུར་བ་དེ་དག་དྲང་བདེན་ལ་དགའ་བའི་སྐྱེ་འགྲོ་ཡོངས་ཀྱི་སྙན་ལམ་དུ་བསྟར་རྒྱུ་དང༌། ཡང་སྒོས་བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེར་དུ་གནས་ཐུབ་པ་བྱ་རྒྱུ་ནི་ཆོས་སྲིད་གང་ཐད་ནས་དོ་གལ་ཧ་ཅང་ཆེ་བ་ཞིག་ཡིན་པས་མདོ་ཁམས་ཏྲེ་ཧོར་གཞིས་བྱེས་སེར་སྐྱ་སྤྱི་མགྲིན་ནས་ལྷག་བསམ་བཟང་པོས་ཆོལ་གསུམ་སྤྱི་དང༌། བྱེ་བྲག་ཏྲེ་ཧོར་མངའ་ཁུལ་དུ་བྱུང་བའི་བོད་མིའི་འཚེ་མེད་ཞི་བའི་གྱེན་ལངས་ཀྱི་བྱུང་རིམ་རྣམས་སྒྲོ་སྐུར་མེད་པར་བདེན་དོན་གསལ་སྟོན་གྱི་དེབ་ཐེར་“ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས།” ཞེས་པ་འདི་ཕྱོགས་སྒྲིག་གིས་པར་སྐྲུན་གནང་བར་སྙིང་ནས་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང༌། དེབ་ཐེར་འདིས་ཀློག་པ་པོ་སྤྱི་དང༌། ཁྱད་པར་བོད་རིགས་ན་གཞོན་རྣམས་ལ་སྙིང་སྟོབས་སྤེལ་བའི་ཐབས་ལམ་བཟང་པོ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོས།

བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།

གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།

དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།

གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། ཅེས་ཇི་ལྟར་དྲང་སྲོང་བདེན་པའི་ཚིག་གིས་སྨོན་པ་ཇི་བཞིན་སྙིང་སྟོབས་ཆེན་པོས་ལུས་སྲོག་མཆོད་སྦྱིན་དུ་བཏང་བའི་དཔའ་བོ་དཔའ་མོ་དེ་དག་ཚེ་རབས་ཕྲེང་བ་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པའི་སྨོན་འདུན་བཟང་པོ་དང་བཅས་བཀའ་ཁྲི་མིང་འཛིན་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༤ ཉིན་སྨོན་པ་དགེ་བར་གྱུར་ཅིག།

མདོ་ཁམས་ཏྲེ་ཧོར་གཞིས་བྱེས་སེར་སྐྱ་སྤྱི་མགྲིན་ནས་ཆོལ་གསུམ་སྤྱི་དང༌། བྱེ་བྲག་ཏྲེ་ཧོར་མངའ་ཁུལ་དུ་བྱུང་བའི་བོད་མིའི་འཚེ་མེད་ཞི་བའི་གྱེན་ལངས་ཀྱི་བྱུང་རིམ་གསལ་སྟོན་གྱི་དེབ་ཐེར་“ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས།” ཞེས་པ་ཞིག་ཕྱོགས་སྒྲིག་པར་སྐྲུན་གནང་བའི་ཆེད་བརྗོད་དུ་གནང་བའོ།།