གྲོས་ཚོགས་ཚོགས་མིའི་དམིགས་བསལ་ཐོབ་ཐང་ཐོག་བཀོད་ཁྱབ་དང་།

གྲོས་ཚོགས་ཚོགས་མིའི་དམིགས་བསལ་ཐོབ་ཐང་ཐོག་བཀོད་ཁྱབ་དང་། དཔལ་འབྱོར་བཏང་འཛིན་གྱི་ལས་དོན་ཚགས་ཚུད་མ་བྱུང་བའི་རྒྱུ་རྐྱེན་ཁག སྤྱི་འཐུས་རྣམས་ཀྱི་དམིགས་བསལ་ཐོབ་ཐང་དང༌། གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་དམིགས་བསལ་ཐོབ་ཐང་སྐོར་ཚོགས་གཙོའི་ཐག་གཅོད་བཀོད་ཁྱབ་གལ་ཆེ་ཞིག་ཞུ་རྒྱུ་ཡོད། བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་གི་ནང་གསེས་ ༡། ༼སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིགས་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག༽ ཅེས་པའི་སྲུང་སྐྱོབ་འདི་འོས་ཐོན་ནམ་ཐད་བསྐོས་ཀྱི་སྤྱི་འཐུས་དམ་འབུལ་ཟིན་པ་ཞིག་ལ་གོ་དགོས། འདི་ནི་སྤྱི་འཐུས་ལྷན་ཚོགས་ནང་དང་དེའི་ཚོགས་ཆུང་ཐམས་ཅད་ལ་ཁྱབ་པ་ཡིན།
བཅའ་ཁྲིམས་དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་ནང་གསེས་ ༡། ༼སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ༢། ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་༽ཅེས་པ་འདི་སྤྱི་འཐུས་ཙམ་མིན་པར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཀུན་ལ་ཁྱབ་པ་ཡིན། ཚོགས་མི་ཞེས་པ་ནི་སྤྱི་འཐུས་དང༌། བཀའ་བློན་རྣམ་པ། ཚོགས་དྲུང་དང༌། ཚོགས་དྲུང་ལས་རོགས་བཅས་གྲོས་ཚོགས་འདིའི་ནང་བཀའ་མོལ་གནང་བའི་ཐོབ་ཐང་ཡོད་མཁན་ཚང་མ་ལ་གོ་དགོས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཚོགས་ཐེངས་གང་རུང་གི་རིང་ཚོགས་མི་སུ་ཞིག་གིས་བཀའ་མོལ་གནང་བའི་དོན་གནད་གང་ལའང་ཁྲིམས་ཁང་དུ་ཞུ་གཏུགས་དང་རྩད་ཞིབ་མི་ཆོག གལ་ཏེ་ཁྲིམས་ཁང་དུ་ཞུ་གཏུགས་བྱུང་བ་ཡིན་ན། གྱོད་ཡ་ཚོས་གོང་གསལ་བཅའ་ཁྲིམས་སུ་གསལ་བའི་སྲུང་སྐྱོབ་འོག་ཁྲིམས་ཞིབ་ཁང་ཁག་གི་ཁྱབ་ཁོངས་སུ་མེད་པའི་ཞུ་ཚིག་ངེས་པར་དུ་འབུལ་དགོས་པ་ཡིན། འདི་རིགས་ལ་ཞུ་གཏུགས་དགོས་རིགས་བྱུང་ཚེ་ཚོགས་གཙོ་ལ་ཞུ་གཏུགས་དང་སྤྱི་འཐུས་ལྷན་ཚོགས་སུ་རྩད་ཞིབ་བྱེད་ཆོག་ཅིང༌། དགོས་གལ་བྱུང་ན་སྤྱི་འཐུས་ལྷན་ཚོགས་ཁྲིམས་ཞིབ་ཁང་གི་ངོ་བོར་ཕྱག་ལས་གནང་ཆོག་པ་ཡིན། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་མ་གྲུབ་པ་དང་པོ་མང་གཙོའི་ལེགས་བྱང་བསྐྲུན་མ་ཐུབ་པ་དང༌། གཉིས་པ་ཁྲིམས་ཀྱི་དབང་བསྒྱུར་ཚད་མཐོ་བཟོ་མ་ཐུབ་པ་གཉིས་ཞུས་ཟིན་ནས། གསུམ་པ་དཔལ་འབྱོར་སྟངས་འཛིན་གྱི་ལས་དོན་ཚགས་ཚུད་མ་བྱུང་བ་དེའི་སྐོར་དེ་རིང་ཞུ་འདོད་བྱུང༌། གྲོས་ཚོགས་ཀྱི་ལམ་སྲོལ་ཅན་གྱི་མང་གཙོ་དབྱིན་ཡུལ་དང་རྒྱ་གར་ལྟ་བུ་གཞུང་གི་ཆབ་སྲིད་ཡོངས་རྫོགས་གྲོས་ཚོགས་ནས་ཐག་གཅོད་དགོས་པ་དེ་ཚོ་བཤད་མ་དགོས་པའི་ཐོག ཨ་རི་ལྟ་བུ་སྲིད་འཛིན་ལམ་སྲོལ་ཅན་སྲིད་གཞུང་གི་ཆབ་སྲིད་ཀྱི་ཐག་གཅོད་གྲོས་ཚོགས་ལ་ལྟོས་མི་དགོས་པ་དེ་ཚོ་ཡང་དངུལ་གྲོན་གྱི་སྟངས་འཛིན་ཆ་ཚང་གྲོས་ཚོགས་ལ་ཡོད། དེ་ནི་འཛམ་གླིང་མང་གཙོ་རྒྱལ་ཁབ་ཚང་མའི་སྤྱི་སྲོལ་ཞིག་རེད། དེ་ཡང་རྒྱུ་མཚན་མེད་པར་ལམ་སྲོལ་བཟོས་པ་ཞིག་མིན་པར་རྒྱུ་མཚན་མང་པོ་ཡོད།
༡། མང་གཙོའི་དོན་སྙིང་དབང་ཆ་མི་མང་ལ་ཡོད་ཅེས་པའི་དབང་ཆའི་ནང་སྲིད་དོན་དང༌། དཔལ་འབྱོར། སྤྱི་ཚོགས་གསུམ་ཀའི་དབང་ཆ་ཚུད་ཡོད་ཅིང༌། ལྷག་པར་དཔལ་འབྱོར་གྱི་སྟངས་འཛིན་འགན་དབང་མི་མང་ལ་མེད་ན། སྲིད་དོན་དང་སྤྱི་ཚོགས་ཀྱི་དབང་ཆ་ཡང་རང་བཞིན་གྱིས་ཤོར་འགྲོ། དེས་ན་དཔལ་འབྱོར་གྱི་སྟངས་འཛིན་མི་མང་གི་སྐུ་ཚབ་ལ་ཡོད་དགོས་པ་དེ་མི་མང་དབང་བསྒྱུར་གྱི་གཞི་རྩ་དེ་རེད།
༢། རྒྱལ་ཁབ་ཀྱི་དཔལ་འབྱོར་ནི་མི་མང་ནས་བྱུང་ཞིང༌། དེའི་བདག་པོ་མི་མང་ཡིན་པ་དང༌། འཛིན་སྐྱོང་ནི་མི་མང་གི་སྲི་ཞུ་བའམ་ཞབས་ཕྱི་ཡིན་པས་ནང་གི་དཔལ་འབྱོར་གྱི་སྟངས་འཛིན་སྦྱིན་བདག་གིས་བྱེད་པ་མ་གཏོགས་གཡོག་པོས་བྱེད་ན་མི་འཐུས། གྲོས་ཚོགས་ལ་མི་མང་གི་སྐུ་ཚབ་དང༌། འཛིན་སྐྱོང་ལ་མི་མང་གི་སྲི་ཞུ་བ་ཞེས་པའི་མིང་རྒྱ་ཁུར་འཇིག་རྟེན་ཡོངས་གྲགས་རེད།
༣། ལྷག་པར་སྤྱི་འཐུས་རྣམ་པ་རྒྱུན་དུ་མང་ཚོགས་མཉམ་དུ་རྒྱུན་འབྲེལ་གྱི་ཐོག་ནས་ས་གནས་དང་མི་མང་སོ་སོར་སྐབས་དུས་དང་འཚམས་པའི་དགོས་མཁོ་ཇི་ཡོད། གལ་ཆེ་ཆུང་གི་རིམ་པ་ཇི་ཡིན་བཅས་འཛིན་སྐྱོང་ལས་གསལ་བ་མཁྱེན་གྱི་ཡོད་པ་ཡིན་ཙང༌། དེས་བཏང་འཛིན་བྱས་པ་ཡིན་ན་དངོས་དོན་དང་འཚམས་པ་ཡིན་པ་བཅས་རྒྱུ་མཚན་གཙོ་ཆེ་བ་དེ་གསུམ་རེད། ཡིན་ནའང་ད་ལྟའི་བར་ང་ཚོས་དེ་འདྲ་གནང་ཐུབ་པ་བྱུང་མེད། མ་བྱུང་བའི་གྲས།
༡ གཞུང་འབྲེལ་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་བརྒྱ་ཆ་བརྒྱ་ཐམ་པ་གྲོས་ཚོགས་ཀྱིས་སྟངས་འཛིན་གནང་ཐུབ་མེད། དེའི་སྐོར་ད་རེས་ཀྱི་བགྲོ་གླེང་ནས་སླར་ཡང་གསལ་པོ་ཆགས་པ་རེད།
༢ དཔལ་འབྱོར་གྱི་སྲིད་བྱུས་ཚད་ལྡན་ཞིག་བཟོས་མ་ཐུབ་པའི་དབང་གིས་དཔལ་འབྱོར་འདུ་འགོད་དང་ཕུགས་འཆར་གཉིས་ཀ་འཕྲལ་སེལ་རིང་ལུགས་དང་གློ་བུར་ཐོག་བབས་མ་གཏོགས་མེད་པ་དང༌། གཞུང་གི་དམིགས་ཡུལ་དང་དགོས་མཁོ་གལ་ཆེ་ཆུང་གི་གོ་རིམ་ལ་ལྟོས་ཏེ་ལས་འཆར་བསྒྲིགས་པ་མ་ཡིན་པར་དངུལ་འབབ་ཅིག་འདུག་ཟེར་ནས་དེ་ལ་ལྟོས་ཏེ་འཆར་གཞི་སྒྲིག་པ།
༣ འཆར་གཞི་དང་འཆར་གཞི་མིན་པའི་འགྲོ་གྲོན་དབྱེ་འབྱེད་མེད་པའི་དབང་གིས་འཆར་འགོད་ལས་ཁུངས་ཤིག་ཡོད་ནའང་འཆར་འགོད་ལས་ཁུངས་ཀྱིས་བཀོད་པའི་འཆར་གཞི་དང་གཞུང་གིས་ལག་བསྟར་བྱེད་བཞིན་པའི་འཆར་གཞི་འབྲེལ་མེད་དོན་གཞན་དུ་འགྲོ་བ།
༤ དེབ་སྐྱེལ་བྱས་པའི་ཚོགས་པ་རྣམས་ཀྱང་གཞུང་གི་ལས་དོན་དང་དམིགས་ཡུལ་བྱེ་བྲག་པ་ཞིག་སྒྲུབ་ཐབས་སུ་བཙུགས་པ་ཡིན་ནའང་དངོས་སུ་ལག་ལེན་བསྟར་སྐབས་དེ་ཚོ་གཞུང་གི་ཁྲིམས་སྒྲིག་འོག་ཤར་བསྐྱོད་ཀྱིས་ཆར་པ་ཆུ་གྲོགས་སུ་འགྲོ་མ་ཐུབ་པར་ཚོགས་པ་ཁོ་རང་ཁྲིམས་འགོ་རང་བཙན་ལྟ་བུས་གཞུང་གི་ལས་དོན་རྣམས་ཚོགས་པ་ལ་ཕར་སྟབས་བསྟུན་བྱ་དགོས་ལྟ་བུ་བྱུང་བསྡད་པ།
༥ ལྷག་པར་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱས་པའི་ཚོང་འཁོས་དང༌། ཐོན་སྐྱེད་སྡེ་ཚན་ཁག་རྒྱན་དུ་མ་སོང་བར་ཁུར་དུ་སོང་བའི་ངང་ཚུལ་བཀའ་ཤག་དང་གྲོས་ཚོགས་གཉིས་ཀས་དངོས་དོན་གསལ་པོ་མཁྱེན་གྱི་ཡོད་ནའང༌། ད་དུང་མངོན་ཞེན་མཁྲེགས་བཟུང་གིས་དོན་ཕན་ཡོད་པའི་འགྱུར་བ་གཏང་རྒྱུ་ཕར་བཞག ད་དུང་རྒྱ་བསྐྱེད་ཇི་ཐུབ་གནང་བཞིན་པ་དང༌། དེ་དག་ལ་གྲོས་ཚོགས་ཀྱིས་སྟངས་འཛིན་ཕར་བཞག་མཁྱེན་རྟོགས་ཙམ་ཡང་མེད་པ་རེད། གུ་ཡངས་མང་གཙོའི་རིང་ལུགས་པ་ཚོའི་གཏམ་དཔེ་ལ། རྒྱལ་པོ་ཚོང་པ་ཆགས་ན། ཆབ་འབངས་སྤྲང་པོ་ཆགས་ཀྱི་རེད་ཟེར་བ་ཞིག་ཡོད་ནའང༌། ང་ཚོ་ལ་དེ་དངོས་བདེན་མ་བྱུང་བར་རྒྱལ་པོ་ཚོང་པ་ཆགས་ན། རྒྱལ་ཁབ་སྤྲང་པོ་ཆགས་ཟེར་བའི་གཏམ་དཔེ་གསར་པ་ཞིག་ཡོང་ཉེན་འདུག གོང་གསལ་གནས་ཚུལ་ལྔ་པོ་དེ་གནས་ཚུལ་མང་པོའི་ནང་གི་གལ་ཆེའི་དཔེ་མཚོན་ཙམ་ལས་རེ་རེ་ནས་ཞུས་ན་ཞུ་ཚར་ཐབས་མེད།
སྤྱི་འཐུས་འགའ་ཤས་ཀྱིས་འདི་ནི་བཀའ་ཤག་གི་ལས་དོན་མ་གྲུབ་པ་ཞིག་རེད་མ་གཏོགས་གྲོས་ཚོགས་ཀྱི་ལས་འགན་མ་གྲུབ་པ་ཞིག་མ་རེད་དགོངས་ཀྱི་ཡོད་འགྲོ་དེ། འདི་ནི་དངོས་དོན་གྲོས་ཚོགས་ཀྱིས་ཕྱག་ལས་དང་སྟངས་འཛིན་གནང་ཕྱོགས་ཐད། གྲོས་ཚོགས་རང་གིས་གཏན་ལ་ཕབ་པའི་སྒྲིག་གཞི་ཁག་གཞིར་བཟུང་ཚད་ལྡན་འབད་བརྩོན་མཐར་སྐྱེལ་གནང་མ་ཐུབ་པར་ཐེ་གུ་སྣེ་ཤོར་རིམ་སོང་དབང་གིས་བྱུང་བ་ཞིག་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན།
ལྷག་པར་སྤྱི་འཐུས་ཀྱིས་ཁྲིམས་བཟོའི་ལས་དོན་དང་དཔལ་འབྱོར་གྱི་ལས་དོན་གནང་སྐབས་གནས་ཚུལ་ཆ་ཚང་དབུ་འཚོས་པོ་དང༌། ཐག་གཅོད་ཁག་གི་མཐའ་མའི་གྲུབ་འབྲས་ག་འདྲ་ཞིག་ཡོང་གི་ཡོད། ཐུགས་ལ་ཚོད་དཔག་གསལ་པོ་མེད་པར་ཕྱག་ལས་གནང་གི་མེད་དམ་སྙམ་པའི་དྭོགས་པ་ཡོད། དཔེར་ན་ད་རེས་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོའི་ཐོག་ཕྱག་ལས་གནང་སྐབས་ཚོགས་ཆུང་གིས་བཏོན་པའི་སྒྲིག་གཞི་བསྐྱར་བཅོས་གྲོས་འཆར་རྣམས་ཐོན་པ་ཡིན་ན། འགྱུར་བ་ཆེ་ཙམ་ཞིག་འགྲོ་རྒྱུ་རེད་དེ། དེ་ནི་མ་བྱུང༌། དེ་མ་བྱུང་བའི་རྗེས་ལ་བཀའ་ཤག་གིས་བཏོན་པའི་བཟོ་བཅོས་གྲོས་འཆར་དེ་ཐོན་པ་ཡིན་ན་དེའི་ཐོག་ནས་གོམ་པ་གང་འཚམས་ཤིག་སྤོས་ཐུབ་པ་དང༌། བཟང་ཕྱོགས་ཀྱི་འགྱུར་བ་མང་ཙམ་ཞིག་བཏང་ཐུབ་ངེས་རེད་དེ། དེ་ཡང་མ་བྱུང་བར་མཐའ་མར་རང་མེད་མི་མེད་ཅིག་བཟོ་བ་གནང་ནས་སྐོར་བ་ག་ནས་བརྒྱབས་ཀྱང༌། ཨ་མ་བག་ལེབ་ཚོང་མཁན་སར་སླེབས་པའི་དཔེ་ལྟར་འབྱུང་འགྱུར་ཡང་སྔོན་རྩིས་སྟངས་འཛིན་གནང་ཕྱོགས་ཀྱི་སྒྲིག་གཞི་སྔ་མ་ནང་བཞིན་འཛིན་སྐྱོང་དང་གྲོས་ཚོགས་དབར་འགྲེལ་བརྗོད་མི་མཐུན་པར་བྱེད་རྒྱུ་ཡོད་པའི་གླེང་གཞི་ཅན་དུ་ལུས་སོང་བ་དེ་ཚང་མས་མཁྱེན་གསལ་རེད།
དེ་དང་མཚུངས་པའི་ལས་དོན་མ་གྲུབ་པའི་དོན་གནད་བཅིུག་ཙམ་ཟུར་བཏོན་ཡོད་ཀྱང༌། ད་རེས་ཚོགས་དུས་འདིའི་ནང་ཞུས་ཐུབ་མ་སོང་བས་ཚོགས་དུས་རྗེས་མ་རྣམས་སུ་རིམ་ཞུས་ཆོག་པ་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠