གྲོས་ཚོགས་ནང་མོས་ཤོག་འཕེན་ཚུལ་རྣམ་པ་འདྲ་མིན་ཡོད་ཚུལ།

སྒྲིག་གཞི་བཟོ་བའི་སྐབས་ཕྱོགས་མང་པོ་ཞིག་ནས་བལྟ་དགོས་བྱེད་ཀྱི་རེད། གྲོས་ཚོགས་གཞན་གྱི་བྱེད་ཚུལ་ནས་ཀྱང་དཔེ་བླང་ཆོག་གི་རེད་སྙམ། དཔེར་ན་གྲོས་ཚོགས་གཞན་ནང་ཚོགས་གཙོ་དང་ཚོགས་གཞོན་གཉིས་གྲོས་ཚོགས་ཀྱི་ལས་རིམ་ནང་འོས་འདེམས་བྱེད་ཀྱི་ཡོད། དེ་ལྟར་བྱེད་པའི་སྐབས་གྲོས་འཆར་བཏོན་ནས་བྱེད་ཀྱི་ཡོད། དེ་ཡང་གང་ཟག་གཅིག་གིས་གྲོས་འཆར་བཏོན་པ་དང༌། དེ་ལ་གཅིག་གིས་རྒྱབ་སྐྱོར་བྱེད། གྲོས་འཆར་དེ་ཚུད་ཚེ་མང་ཆེ་བས་སྐད་བརྒྱབས་ཏེ་ཐག་བཅད་པ་མང་བ་ཡོད། ང་ཚོ་གྲོས་ཚོགས་ཀྱི་ཚོགས་ཁང་འདིའི་ནང་རྟག་ཏུ་ཕྱག་བརྐྱངས་པ་ལས་ Voice Vote བྱེད་ཐུབ་ཀྱི་མེད། སྐད་བརྒྱབས་ནས་བྱེད་མི་ཐུབ་པའི་རྒྱུ་མཚན་ནི་ང་ཚོར་བཞུགས་ས་དམིགས་བསལ་དེ་འདྲ་མེད་པས་གྲངས་ཀ་བརྒྱབ་རྒྱུ་དཀའ་བ་ཡོད། གྲོས་ཚོགས་གཞན་གྱི་ནང་ཡིན་དང་མིན་གྱི་ཐོག་སྐད་བརྒྱབས་ཏེ་མང་ཆེ་བ་འགྲོ་བསྡད་ཀྱི་ཡོད། གློག་གི་འོས་འཕེན་རྒྱུའི་ཆ་རྐྱེན་ཡོད་པ་ཡིན་ནའང་དེར་མི་འཕེན་པར་སྐད་བརྒྱབས་ནས་འགྲོ་རྒྱུ་དང༌། ཚོགས་མིའི་སྡེ་ཚན་ཡོངས་སུ་རྫོགས་པ་ལ་བཞུགས་ས་ཟུར་བཅད་ཡོད་པས་གང་ནས་གང་སྐད་བརྒྱབས་པ་ལ་བལྟས་ནས་གྲངས་ཀ་བརྒྱབས་ཏེ་འགྲོ་བ་ཞིག་ཡིན་ལ། དེ་ང་ཚོས་ལག་བསྟར་བྱེད་ཀྱི་མེད། ལྷག་པར་དུ་ད་ལྟ་འདིའི་ནང་གསར་པ་གང་ཡོང་གི་ཡོད་ཞུས་ན། བྱབྱགསང་བའི་འོས་ཤོག་ཐོག་ནས་བྱབྱ ཞེས་བཀོད་ཡོད། གསང་བའི་འོས་ཤོག་ཐོག་བྱེད་ཚེ་ཤོག་བུའི་སྟེང་མཚན་བཀོད་དེ་ཐེལ་ཙེ་བརྒྱབས་ཏེ་འགྲོ་རྒྱུ་དེ་ཡིན། དེར་བརྟེན་ལས་རིམ་དེ་དམིགས་བསལ་ཞིག་བཟོ་དགོས་བྱེད་ཀྱི་རེད། དཔེར་ན་གྲོས་ཚོགས་གཞན་ནང་འོས་འདེམས་བྱེད་ཚུལ་མང་ཆེ་བ་ཡོངས་གྲགས་ཐོག་ནས་བྱས་པ་ལས་གསང་བའི་འོས་ཤོག་འཕེན་གྱི་མེད། ཡིན་ཡང་གསང་བའི་འོས་ཤོག་འཕེན་མི་ཆོག་པ་མིན། གསང་བའི་འོས་ཤོག་འཕེན་མཁན་དེ་འདྲའང་ཡོད་པ་རེད། དེས་ན་དེའི་སླད་སྒྲིག་གཞི་ཟུར་དུ་བཟོས་ཏེ་དེའི་ཐོག་བསྐྱར་དུ་བགྲོ་གླེང་བྱ་རྒྱུ་ཡིན། གཞན་ཡང་དཔེར་ན་རྒྱ་གར་གྱི་གྲོས་ཚོགས་ལྟ་བུ་ཡིན་ན་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་པའི་སྐབས་གཙོ་སྐྱོང་བྱེད་མཁན་གྱི་ཚོགས་གཙོ་དེ་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་མེད། ཡང་གསང་བའི་འོས་ཤོག་འཕེན་པའི་སྐབས་ཚོགས་གཙོ་ཚོགས་གཞོན་གྱིས་འོས་ཤོག་འཕེན་ཆོག་པའམ་མི་ཆོག་པ་གང་ཆགས་ཀྱི་ཡོད་པ་དེའི་ཐོག་བགྲོ་གླེང་གནང་དགོས་རྒྱུ་ཞིག་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡