གསུམ་བཅུའི་དུས་དྲན་ཐེངས་ཞེ་གསུམ་པའི་ཐོག་གནང་བའི་གསུང་བཤད།

༄༅། ། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་དྲང་བདེན་དང་ཞི་བདེ་ལ་དགའ་བའི་ཆོལ་གསུམ་བོད་མི་ཡོངས་ཀྱིས་རང་སྲོག་བློས་བཏང་གིས་རྒྱ་དམར་དབང་བསྒྱུར་གྱི་འོག་ནས་རང་དབང་གི་དོན་དུ་ཞི་བའི་གྱེན་ལངས་བྱས་ཏེ་མི་ལོ་ ༤༣ ཧྲིལ་པོ་འཁོར་བའི་དུས་ཚིགས་བོད་མི་རྣམས་ཀྱིས་ནམ་ཡང་བརྗེད་དུ་མི་བཏུབ་པ་ཞིག་ཡིན་པ་འདི་རྗེས་དྲན་ཞུ་བ་དང་ཆབས་ཅིག་ད་བར་བོད་ལྗོངས་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བྱས་པའི་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་བཏུད་ཞུ་རྒྱུ་དང༌། ད་ལྟའང་བཙོན་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་ཉེས་མེད་ཀྱི་བོད་རིགས་དཔའ་བོ་དཔའ་མོ་ཡོངས་ལ་མཛའ་བརྩེའི་སེམས་འཚོར་དྲག་པོ་དང་བཅས་ཏེ་འཚམས་འདྲི་དང་ཐུགས་གསོ་ཞུ་རྒྱུ་ཡིན། བོད་མི་གཞིས་བྱེས་ཁ་བྲལ་ནས་ལོ་ ༤༣ སོང་བའི་དུས་ཡུན་དེར་ཕྱི་མིག་ཅིག་བལྟས་པ་ཡིན་ན། ཡ་ང་སྐྱེ་འོས་པའི་དཀའ་སྡུག་གི་གནས་ཚུལ་ངན་པ་ཞིག་བྱུང་ཡོད་པ་དང་ཆབས་ཅིག་བློ་སྤོབས་དང་ཡི་རངས་བྱ་འོས་པའི་བཟང་ཕྱོགས་ཀྱི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་དེ་དག་བསྐྱར་ཞིབ་དང་རྩིས་རྒྱག་ཅིག་བྱས་པའི་ཐོག་ནས་འདས་པའི་ཉམས་མྱོང་དེ་དག་ལ་གཞི་བཅོལ་ཏེ་མ་འོངས་པའི་མདུན་ལམ་བརྟན་བརླིང་ཞིག་བཙལ་རྒྱུ་དང༌། དེའི་ཐོག་ཤར་བསྐྱོད་བྱེད་རྒྱུ་ནི་གཞིས་བྱེས་བོད་མི་ཡོངས་ལ་ཁུར་དུ་འཁྲི་བའི་ལས་འགན་ཞིག་ཡིན་པ་སྨྲོས་མ་དགོས། ངོ་ལོག་ཞིབ་དཔྱོད་དང༌། གྲལ་རིམ་འཐབ་རྩོད། རིག་གནས་གསར་བརྗེ། ཁྱིམ་ཚང་ཆིག་བསྒྲིལ། གུ་ཡངས་སྲིད་བྱུས། དཔལ་འབྱོར་འཛུགས་སྐྲུན། ནུབ་ཕྱོགས་ཐོན་འབྱེད་སོགས་རྣམ་པ་དང་མིང་འདོགས་འདྲ་མིན་སྣ་ཚོགས་ཀྱི་འོག་དོན་དུ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་ཕུགས་དམིགས་ལྡན་པའི་སྲིད་བྱུས་འོག་གཞིས་བཞུགས་བོད་མི་རྣམས་བསམ་བརྗོད་ལས་འདས་པའི་དཀའ་སྡུག་རྒྱུན་ཆད་མེད་པ་མྱངས་ཏེ་མི་རབས་གསུམ་གྱི་དུས་ཡུན་སོང་ནའང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོར་དད་འདུན་དང་རིགས་ཞེན་གྱི་ལྷག་བསམ་ཉམས་མེད་གོང་འཕེལ་ངང་གནས་ཐུབ་པ་དེ་ནི་བྱུང་རབས་ཀྱི་ནང་ཟུབ་མེད་ཀྱི་རི་མཱུ་ཞིག་ཏུ་གྱུར་པ་དེ་ལ་བྱེས་འབྱོར་བོད་མི་ཡོངས་རྫོགས་ཀྱིས་གཞིས་བཞུགས་སྤུན་ཟླ་རྣམས་ལ་དགའ་གུས་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད། བཙན་བྱོལ་དུའང་ཐོག་མར་ས་བབས་གནམ་གཤིས་དང༌། སྐད་ཡིག འཚོ་ཐབས་བཅས་ཀྱི་དཀའ་ངལ་གང་ཆེ་བྱུང་ཡང་ྋགོང་ས་ཆེན་པོའི་ཐུགས་རྗེ་ལས་གཞིས་ཆགས་དང༌། ཆོས་སྡེ། སློབ་གྲྭ་སོགས་རིམ་བསྐྲུན་གྱིས་བོད་མི་སེར་སྐྱ་རྒན་བྱིས་ཡོངས་ལ་གང་ལ་གང་འཚམས་ཀྱི་མདུན་ལམ་བཟང་པོ་བསྩལ་ཏེ་བོད་ཀྱི་ཆོས་རིག་ལེགས་བྱང་གོམས་གཤིས་དང༌། མི་རིགས་ཀྱི་ངོས་འཛིན་རྒྱུན་འཛིན་ཐུབ་པ་མ་ཟད། བཙན་བྱོལ་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་ཏེ་ད་ཆ་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་སྤྱི་མཚུངས་མང་གཙོའི་འཕེལ་རིམ་གྱི་མཐར་ཐུག་ལ་སོན་པ་བཅས་ནི་སྤོབས་པ་བྱ་འོས་པ་ཞིག་ཡིན། ལྷག་པར་གཞིས་བྱེས་གཉིས་ཀས་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་གྱི་འོག་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ནས་བསྐྱོད་ཐུབ་པ་དེ་ནི་བོད་མི་ཙམ་མ་ཟད་རྒྱལ་སྤྱིའི་བྱུང་རབས་ནང་མིག་དཔེར་འོས་པའི་བསྔགས་འོས་ཀྱི་གནས་སུ་གྱུར་པ་དེ་ནི་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་གྱི་བཀྲིན་ཉག་གཅིག་གི་དབང་ལས་བྱུང་བ་ཡིན་ཞིང༌། མིའི་སྤྱི་ཚོགས་ཀྱི་བྱུང་བའི་ནང་གསེར་ཡིག་འབུར་དོད་དུ་བཀོད་འོས་རང་ཅག་ཚང་མས་བློ་སྤོབས་བྱ་འོས་པ་ཡིན།

ལྷག་པར་དེང་སྐབས་རྒྱལ་སྤྱིའི་ནང་འཚེ་བ་དང་འཇིགས་སྐུལ་རིང་ལུགས་པས་བསུན་བཙེར་རྙོག་འཛིངས་ཧ་ཅང་ཆེ་བ་དེ་དག་འཚེ་ལན་འཚེ་བས་འཇལ་བའི་རྒྱུ་འབྲས་གོ་ལྡོག་གི་ཐབས་ལམ་གྱིས་སེལ་ཐབས་མེད་པ་རིམ་པས་རྭ་འཕྲོད་ཡོང་བའི་སྐབས་འདིར་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་དེ་ཀུན་གྱི་མིག་དཔེར་འོས་པའི་ལམ་བཟང་ཞིག་ཏུ་གྱུར་ཡོད་པ་འདི་བརྒྱུད་ནས་འཇིག་རྟེན་སྤྱི་ལ་ཞབས་འདེགས་བཟང་པོ་འགྲུབ་པའི་ཆ་རྐྱེན་དུ་གྱུར་ཡོད།

ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གུ་ཡངས་དཀྱེལ་ཆེའི་དགོངས་བཞེས་རླབས་པོ་ཆེས་བོད་དོན་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་འཇུག་ངོགས་ནས་གཉིས་ཕན་གྲོས་མོལ་གྱི་སྒོ་ནས་བོད་རྒྱ་མཉམ་གནས་ཡོང་ཐབས་ཀྱི་མཛད་བྱུས་འདས་པའི་མི་ལོ་ ༢༣ རིང་འགྱུར་བ་མེད་པ་སྐྱོང་གནང་མཛད་པའི་འཕེལ་རིམ་གྱི་ནང་ཞི་བའི་དོན་ཚན་ལྔ་དང༌། སིཏྲ་སི་སྦག་འཆར་གཞི་བཅས་རིམ་བསྩལ་གནང་བ་ལ་རྒྱལ་སྤྱིའི་ནང་སྲིད་གཞུང་དང༌། གྲོས་ཚོགས། མང་ཚོགས་བཅས་ཀྱི་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་འཐོབ་བཞིན་པ་མ་ཟད། རྒྱ་དམར་གྱི་དབུ་ཁྲིད་རྣམ་པས་ཀྱང་སྔ་ཕྱི་མ་གཏོགས་མཐའ་དོན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་མི་བྱེད་མཐུ་མེད་ཡིན་པ་ནི་ལོ་རེ་བཞིན་དངོས་ཡོད་ཀྱི་གནས་ཚུལ་ཇེ་གསལ་དུ་འགྲོ་བཞིན་པ་འདི་ལ་གཞིགས་ན་རིང་མིན་བོད་རྒྱའི་ཞི་མོལ་དངོས་སུ་འགོ་འཛུགས་ཐུབ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད། ཡིན་ནའང་ཕྱོགས་གཉིས་ཞི་མོལ་གྱི་ལས་རིམ་ཚད་ལྡན་དང་གྲུབ་འབྲས་ཐོན་པ་ཡོང་བའི་རྨང་གཞི་ཆ་རྐྱེན་གཙོ་བཱུ་ནི་ཞི་མོལ་བྱེད་པོ་གཉིས་ཀ་སྟོབས་ཤུགས་འདྲ་མཉམ་ཡོད་དགོས་པ་དེ་ཡིན། མི་འབོར་དང༌། དམག་སྲིད། དཔལ་འབྱོར། གཞན་ཡང་རྒྱལ་སྤྱིའི་ནང་སྲིད་དོན་གྱི་འབྲེལ་ལམ་སོགས་ཀྱི་ཐོག་ནས་བོད་དང་རྒྱ་ནག་སྟོབས་ཤུགས་འདྲ་མཚུངས་ཡོང་ཐབས་བྲལ་ཡང༌། རང་རེའི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་རྒྱ་དམར་གྱི་དབུ་ཁྲིད་རྣམས་དང་མཉམ་དུ་འཇིགས་ཞུམ་མེད་པར་སྟོབས་ཤུགས་འདྲ་མཉམ་མ་ཟད། ཆེ་བར་མངོན་ཐུབ་པའི་རང་ཕྱོགས་ཀྱི་ནུས་པ་ནི་བདེན་པ་དང་འཚེ་བ་མེད་པ་འདི་གཉིས་ཁོ་ན་ཡིན་ཞིང༌། འདིའི་ནུས་ཤུགས་ཚད་རྫོགས་པ་ཞིག་བྱུང་བའི་ཉིན་མོ་དེར་རྒྱ་དམར་དང་མཉམ་དུ་ཞི་མོལ་ཙམ་མ་ཟད། ཕན་ཚུན་གཉིས་ཕན་གྱི་འགྲིགས་ཆགས་ཡོང་ཐུབ་པ་ལ་ཐེ་ཚོམ་སྤུ་ཙམ་མེད། འོན་ཀྱང་ད་ལྟ་བོད་མི་མང་ཚོགས་ཀྱི་བསམ་བླཱུའི་ནང་རྒྱ་དམར་ལ་དམིགས་པའི་བཟོད་པ་དང༌། བྱམས་བརྩེའི་ནུས་ཤུགས་ཡོངས་སུ་མ་རྫོགས་པའི་དབང་གིས་རང་རེའི་འབད་རྩོལ་ཇི་ཙམ་བྱས་རུང་རྒྱ་དམར་གྱི་ངོས་ནས་སྣང་ཆུང་ཁྱད་གསོད་འབའ་ཞིག་ཡོང་བཞིན་པ་འདི་ཡིན་སྟབས། བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་འདི་ལམ་དུ་ལྷོང་དང་མི་ལྷོང་བོད་མི་རྣམས་དངོས་དོན་དུ་ཇི་ཙམ་གྱིས་འཚེ་བ་མེད་པ་དང༌། ཞི་བའི་ལམ་ལ་བློ་གོམས་པ་དེ་ལ་རག་ལུས་པ་ཡིན་པས་བོད་དོན་བདེན་མཐའ་གསལ་བའི་རེ་འདོད་ཡོད་མཁན་ཚང་མས་ཁོང་ཁྲོ་དང་སྡང་སེམས་དོར་ཏེ་རང་རེས་ཉམས་ལེན་བྱེད་བཞིན་པའི་འཚེ་མེད་ཞི་བའི་ཐབས་ལམ་འདི་ལ་ནུས་པ་བཏོན་ཐབས་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་འབད་བརྩོན་བྱེད་དགོས་པ་དེ་ཧ་ཅང་གལ་གནད་ཆེ་བ་ཞིག་ཡིན་སྟབས། ད་ལམ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་ནན་ཏན་ཆེན་པོས་འབོད་བསྐུལ་ཞུ་རྒྱུ་ཡིན། ྋསྐྱབས་མགོན་རྒྱལ་བའི་དབང་པོས། ཉོན་མོངས་གདོན་གྱིས་མྱོས་པའི་བརླང་སྤྱོད་ཀྱིས། ། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། ། མི་བསྲུན་སྐྱེ་བཱུའི་ཚོགས་རྣམས་བླང་དོར་མིག ། ཡོངས་ཐོབ་བྱམས་བརྩེའི་མཛའ་བའི་དཔལ་ལ་སྦྱོར། ། ཞེས་ཇི་ལྟར་གསུངས་པའི་དགོངས་དོན་དང་མཐུན་པར་ཕ་རོལ་པོར་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་དང༌། བྱམས་བརྩེ་ཐོབ་པའི་སྨོན་ལམ་འགྲུབ་པ་ལ་རང་ཉིད་བླང་དོར་འབྱེད་པའི་རྣམ་དཔྱོད་དང་བྱམས་བརྩེའི་སེམས་བཟང་ཡོད་པ་ཞིག་དགོས་ཤིང༌། དེ་བྱུང་ན་གོང་གི་སྨོན་འདུན་འགྲུབ་པ་ལ་སོམ་ཉི་མེད། ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པའི་བོད་རྒྱ་ཞི་མོལ་ལས་དོན་ལམ་ལྷོང་མ་བྱུང་བ་དེ་རྒྱ་དམར་གྱི་འགོ་ཁྲིད་རྐྱང་པར་ཁག་དཀྲི་བྱེད་པ་ལས་རང་ཕྱོགས་ཀྱི་ནུས་མཐུ་སྤེལ་བའི་ཐབས་ལམ་ལ་འབད་དགོས་པ་གལ་ཆེར་མཐོང༌།

དེ་དང་ཕྱོགས་མཚུངས་རང་ཕྱོགས་ཀྱི་སྟོབས་ཤུགས་ཀྱི་ཆ་རྐྱེན་གཞན་ཞིག་ནི་བོད་མི་ཡོངས་རྫོགས་རྩ་དོན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་བྱ་རྒྱུ་དེ་ཡིན་ནའང༌། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་བསམ་སྦུག་དོག་པོའི་བློ་ཆུང་ཉུང་ཤས་ཀྱིས་གང་ཟག་ཕན་ཚུན་སྒེར་དོན་གྱི་བློ་ཁ་མཐུན་མིན་དང་འཁོན་རྩོད་ཕྲན་བུ་ཡོད་རིགས་སྤྱི་དོན་དང་བསྲེས་ཏེ་རྩོད་གཞི་མེད་པའི་བོད་མི་ནང་ཁུལ་གྱི་འཁོན་རྩོད་ཤོག་ཁག་དཔུང་བསྒྲིལ་གྱིས་ཕྱོགས་འཐེན་གྱི་རྣམ་པ་དངོས་གསལ་དོད་དུ་གཏོང་ཐབས་བྱེད་པ་འདི་རིགས་རང་རེ་ཆགས་སྡང་མ་སྤངས་པའི་བསམ་སྤྱོད་ཉམས་དམས་དེ་དག་ཕ་རོལ་པོའི་བེད་སྤྱོད་དུ་སོང་སྟེ་དཀྲོགས་གཏམ་དང་དབྱེན་སྦྱོར་སྣ་ཚོགས་ཀྱི་སྒོ་ནས་གོང་མཐོར་སྤེལ་ཐབས་ཀྱི་རྐྱེན་དབང་ལས་དགོས་མེད་ཀྱི་འཐེན་འཁྱེར་སྣ་ཚོགས་ཤིག་ཡོང་བཞིན་པ་འདི་དག་ཕྱིས་འབྱ?ང་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱིས་རྟོགས་པར་བྱས་ཏེ་སྤྱི་དོན་ཐོག་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་དང༌། སྒེར་འཁོན་ཡོད་རིགས་སྤྱི་དོན་ཐོག་མ་བསྲེས་པ་གནང་དགོས་པའི་འབོད་བསྐུལ་ནན་པོའང་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་ཞུ་རྒྱུ་ཡིན།

དེ་དང་ཕྱོགས་མཚུངས་སྤྱིར་བཏང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་རེ་བ་བཟང་པོ་ཡོད་བཞིན་པ་དེ་ལྟར་ཡང༌། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་ཆོག་ཀྱང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་བསྩལ་བ་ལྟར། ཅི་སྟེ་བོད་དོན་བདེན་མཐའ་མ་གསལ་བར་དུས་ཡུན་རིང་པོ་ཞིག་འགོར་དབང་དུ་བཏང་ནའང་བོད་ཀྱི་བདེན་པའི་འཐབ་རྩོད་འདི་མཐའ་མའི་གྲུབ་འབྲས་མ་སོན་གྱི་བར་མི་རབས་ཇི་ཙམ་གནས་དགོས་བྱུང་ཡང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན། ཡུལ་གོམས་གཤིས་ལུགས། དེ་དག་གི་གཞི་རྩ་སྐད་ཡིག་དང་བཅས་པ་ཉམས་མེད་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་དེ་གང་ཟག་རེ་ཟུང་ལ་ལྟོས་པ་ལྟ་བུ་མ་ཡིན་པར་བོད་མི་མི་རེ་ངོ་རེས་རང་རང་གི་སྐྱེས་ཐོབ་ཀྱི་ལས་འགན་དུ་བསམ་པའི་སྒོ་ནས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་དུས་རྟག་ཏུ་འབད་དགོས་པ་དང༌། དེའང་གཞིས་བཞུགས་ཀྱི་བོད་མི་རྣམས་བཙན་དབང་གཉའ་གནོན་གྱི་འོག་ཏུ་རང་གི་རིག་གཞུང་ཉམས་དམས་འགྲོ་བ་དང༌། བྱེས་འབྱོར་གྱི་བོད་མི་རྣམས་བག་མེད་དང༌། དེང་རབས་ཀྱི་གནོན་ཤུགས་འོག་རང་གི་རིག་གཞུང་ཉམས་དམས་འགྲོ་བ་བཅས་ཀྱི་གནས་ཚུལ་ལ་ཚོར་སྣང་དང་འདུ་ཤེས་མེད་པ་མི་གནང་བར་ཐུགས་སྣང་དང་བློ་གཟབ་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་མ་ཟད། དམིགས་བསལ་བཙན་བྱོལ་བོད་མི་རྣམས་ལ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གཞིས་ཆགས་འགྲོ་རྒྱུ་ཙམ་ཁོ་ན་མི་ཚེའི་དམིགས་ཡུལ་ཆེ་ཤོས་སུ་བཟུང་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཁུར་དུ་འཁྲི་བའི་ལས་འགན་ལ་དོ་སྣང་མེད་པ་གནང་མི་འོས་པའི་སྐུལ་ལྕག་ནན་པོ་ཞུ་རྒྱུ་དང༌། དེ་རིང་གི་གལ་ཆེའི་ཉིན་མོ་འདིར་རང་གིས་རང་ལ་ཞུ་དག་ཅིག་བཏང་སྟེ་སླད་འཆར་ཆོད་སེམས་བཟང་པོ་ཞིག་བསྟེན་རོགས་གནང་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མི་རྣམས་ཀྱི་འཕྲལ་སེལ་གྱི་བོད་དོན་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕུགས་དམིགས་གཉིས་ཀའི་ཐོག་མཐུན་འགྱུར་རོགས་སྐྱོར་གནང་མཁན་གྱི་སྲིད་གཞུང་ཁག་དང༌། གྲོས་ཚོགས་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྣ་སྒེར་ཁག་བཅས་ཚང་མར་ད་རེས་ཀྱི་གོ་སྐབས་འདིའི་ཐོག་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ལྷག་པར་རྒྱ་གར་འཕགས་པའི་ཡུལ་གྱི་མི་མང་དང་སྲིད་གཞུང་གཉིས་ཀར་འདས་པའི་ལོ་ ༤༣ རིང་བཙན་བྱོལ་བོད་མི་འབུམ་ལ་ཉེ་བར་མགོན་སྐྱབས་འཚོ་སྐྱོང་དང༌། བོད་ཀྱི་བདེན་པའི་ལས་འགུལ་གྱི་གཞི་རྩ་བརྟན་པོ་ཚུགས་ཐུབ་པའི་ཆ་རྐྱེན་བསྐྲུན་པ་འདི་ནི་འབྱུང་འགྱུར་གྱི་བོད་མི་མི་རབས་ཚང་མས་ནམ་ཡང་བརྗེད་མི་ཐུབ་པའི་བླ་ན་མེད་པའི་བཀའ་དྲིན་ཞིག་ཡིན་པ་འདི་གསལ་བརྗོད་ཞུ་རྒྱུ་ཡིན།

ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉེ་བའི་ཆར་སྐུ་ཁམས་ཅུང་ཟད་བདེ་མིན་གྱི་ཚུལ་བཞེས་རྐྱེན་གཞིས་བྱེས་བོད་མི་ཚང་མར་བློ་འཚབ་ཅི་ཆེ་བྱུང་ཡང༌། ད་ཆ་སྐུ་ཁམས་གསལ་དྭངས་བྱུང་བ་འདི་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་ལ་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་མཁའ་ཁྱབ་སྐྱེ་རྒུའི་མགོན་དཔུང་ཉག་གཅིག་ྋསྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་འགལ་རྐྱེན་གྱི་རིགས་ཕྲ་མོ་ཙམ་ཡང་མི་བཞེས་པར་ྋཞབས་ཟུང་སྲིད་མཐར་བརྟན་པའི་གསོལ་འདེབས་ནན་ཏན་ཕུར་ཚུགས་སུ་ཞུ་རྒྱུ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཁམས་བཟང་ཞིང་སྐུ་ཚེ་བརྟན་པའི་རྒྱུ་རྐྱེན་གཙོ་བཱུ་ནི་བོད་མི་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་དང་དམ་ཚིག་ལ་རག་ལུས་པ་ཡིན་སྟབས་གཞིས་བྱེས་ཚང་མས་རྣམ་དཀར་ཆོས་སྤྱོད་ཀྱི་ལས་ལ་གཅིག་ཏུ་འགྲུས་པའི་ཐོག་ྋགོང་ས་ཆེན་པོའི་བཀའ་དགོངས་དང་མཐུན་པའི་བླང་དོར་འཛོལ་མེད་ཀྱི་ཐོག་ནས་ྋཞབས་བརྟན་གསོལ་འདེབས་ནན་ཏན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་ཐོག་ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་དངོས་ཀྱི་དྲུང་དུ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་གི་དུས་ཚེས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།