གཞིས་ལུས་བོད་མི་མང་ཚོགས་ལ་གནང་བའི་གསུང་བཤད།

༄༅། ། དེ་རིང་བཙན་བྱོལ་བོད་གཞུང་བཀའ་ཤག་གི་བཀའ་བློན་ཁྲི་པ་ཆེད་མངགས་ཁྱེད་རང་བོད་ཆོལ་གསུམ་ཁྱོན་ནས་ཕེབས་པའི་གཞིས་ལུས་བོད་མི་མང་ཚོགས་འདིར་ཕེབས་པ་རྣམས་དང་མཇལ་ཏེ་ཁྱེད་རྣམས་དང༌། ཁྱེད་ཚོ་བརྒྱུད་གཞིས་ལུས་རྒྱ་ཆེའི་མི་མང་ལ་བཙན་བྱོལ་བོད་གཞུང་གིས་འཚམས་འདྲི་ཞུ་རྒྱུ་ཡིན། གཞིས་ལུས་བོད་མི་རྣམས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པ་དང༌། འདི་གར་ཕེབས་མཁན་རྣམས་ང་ཚོའི་སྐུ་མགྲོན་གལ་ཆེ་ཤོས་སུ་ངོས་འཛིན་གྱིས་གང་ཅིའི་སྣེ་ལེན་མཐུན་འགྱུར་ཞུ་རྒྱུའི་སྤྲོ་བ་དང༌། ལྷག་བསམ་ལྡན་ཡོད་ཀྱང་ང་ཚོ་བཙན་བྱོལ་བའི་གནས་བབ་ཐོག་གནས་ཡོད་སྟབས་གཞན་དབང་སྟབས་བསྟུན་མི་བྱེད་ཐབས་མེད་ཀྱི་གནས་ཚུལ་འོག་སྤུན་ཟླ་རྣམས་ཀྱི་ཐུགས་རེ་ཡོངས་སུ་བསྐངས་ཐུབ་པའི་སྣེ་ལེན་དང༌། མཐུན་འགྱུར་ཞུ་མ་ཐུབ་པར་ཧ་ཅང་བློ་འགྱོད་ཡོང་གི་འདུག ད་རེས་གནས་མཆོག་འདིར་བོད་ནས་ཕེབས་པ་ཁྱེད་རྣམས་གྲངས་འབོར་ཆ་ནས་ཉུང་ཉུང་ཡིན་ཡང་ཁྱེད་རང་ཚོ་བོད་ཆོལ་གསུམ་ཁྱོན་ནས་ཡོད་པ་དང༌། གཞིས་ལུས་མི་མང་གི་སྐུ་ཚབ་མཚོན་ཡོད། ང་ཚོའི་རང་ཡུལ་གངས་ཅན་ལྗོངས་ནང་གཞན་གྱི་བཙན་འཛུལ་དབང་བསྒྱུར་ལ་བརྟེན་ནས་བོད་ནང་རྒྱལ་བསྟན་མི་རིགས་རིག་གཞུང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་བྱུང་བ་དང༌། བོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་བྲལ་དགོས་པའི་གནས་ཚུལ་བྱུང་ཡོད།

འོན་ཀྱང་བོད་འབངས་རྣམས་ནས་སྙིང་སྟོབས་ཞུམ་པ་མེད་པར་གནས་ཐུབ་པ་མ་ཟད། ང་ཚོ་གཞིས་བྱེས་གཉིས་བར་ཕན་ཚུན་མཛའ་འབྲེལ་དང༌། བརྩེ་སེམས་དམ་ཚིག་གི་འབྲེལ་བ་སྔར་བས་དམ་པོའི་ངང་གནས་ཡོད། ང་ཚོ་མི་རིགས་གཅིག་དང༌། རིགས་རུས་གཅིག ཡུལ་གོམས་གཤིས་ལུགས་གཅིག ལྷག་པར་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་གི་ལམ་སྟོན་འོག་གནས་ཡོད། དེར་བརྟེན་ང་ཚོའི་བར་སུས་ཀྱང་གཏོར་བཤིག་གཏོང་ཐབས་མེད་པའི་དད་འདུན་གཡོ་བ་མེད་པའི་མཛའ་འབྲེལ་གནས་ཡོད། བོད་མི་ས་ཡ་དྲུག་གི་འདི་ཕྱི་ཀུན་གྱི་བློ་གཏད་ཡིད་ཆེས་ཞུ་ཡུལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང༌། གང་ཉིད་བཙན་བྱོལ་དུ་བཞུགས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་ནས་དད་དམ་གཡོ་བ་མེད་པའི་སྒོ་ནས་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ་ྋགོང་ས་ྋསྐྱབས་མགོན་མཆོག་གི་མཇལ་ཁ་དང༌། གསུང་ཆོས་ཞུ་བར་ཡོང་གི་ཡོད་པས་དེ་འདྲའི་དད་པ་དང༌། དམ་ཚིག ལ་རྒྱ་བཅས་ཀྱི་འབྲེལ་བ་འདི་ནི་གཞན་ན་རྙེད་དུ་མེད་པའི་ཤིན་ཏུ་རྩ་ཆེ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ྋརྒྱལ་བསྟན་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་ནས་ལོ་ངོ་ ༥༡ ལྷག་ཙམ་འགྲོ་གི་ཡོད་པ་དང༌། གང་ཉིད་ཀྱི་ཆབ་སྲིད་ཀྱི་ཡང་དག་པའི་ལྟ་བ་དང༌། རིག་པའི་གཞུང་ལུགས་ཀྱི་གཞི་རྩ་ནི་དྲང་བདེན་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་གཞི་རིམ་གནས་ཚུལ་ལ་གཞི་བཅོལ་གནང་སྟེ་ཐོག་མ་ནས་བཞེངས་ཕྱོགས་གསལ་ལ་བརྟན་པ་དང༌། རླབས་ཆེན་ཞིག་ཡོད་པར་བརྟེན་འཛམ་གླིང་ཀུན་ནས་གསལ་པོ་ཤེས་རྟོགས་ཡོད་པ་དང༌། དེར་རྒྱབ་སྐྱོར་དང༌། སེམས་འཁུར། ཤ་ཚ་བཅས་བྱེད་མཁན་དབྱར་མཚོ་ལྟར་རྒྱས་བཞིན་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྲིད་ཀྱི་ཕྱག་ལས་ཆེ་ཆུང་གང་འདྲ་ཞིག་གནང་ཡང་གོང་གསལ་ཡང་དག་པའི་གཞི་རིམ་གྱི་གནས་ཚུལ་གསུམ་ལ་བསྟུན་པ་གནང་གི་ཡོད། མོའོ་ཙེ་ཏུང་གིས་བཤད་པ་ལྟར་གྲལ་རིམ་གཅིག་གིས་གྲལ་རིམ་གཞན་དབང་བསྒྱུར་བའི་སྲིད་དབང་ལྟ་བུ་དང་གཏན་ནས་འདྲ་གི་མེད། དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོ་གཞིས་བྱེས་བོད་འབངས་ཡོངས་ཀྱི་དབུ་ཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱི་ཞི་བདེའི་དེད་དཔོན་གྱི་སློབ་དཔོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ང་ཚོས་མ་འོངས་པའི་བོད་འདི་ྋགོང་ས་མཆོག་གི་རླབས་ཆེན་དགོངས་པ་དང༌། དབུ་ཁྲིད་ལ་བརྟེན་ནས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང༌། བོད་མིའི་ཆབ་སྲིད་ལམ་སྲོལ་གྱི་གཞི་རིམ་ལྟ་གྲུབ་ཀྱི་གཞི་བཅོལ་ས་ཡང་དྲང་བདེན་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གྱི་བཀའ་བཏགས་ཕྱག་རྒྱ་ལས་མི་འདའ་བའི་སྲིད་ཇུས་ཕྱག་ལེན་བསྟར་རྒྱུ་ཡིན། དེའི་ཐད་ཀྱི་ཞིབ་ཕྲའི་རྒྱས་བཤད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཐོག་གནང་བའི་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང༌། དེ་རྗེས་སི་ཊས་སི་སྦག་ཏུ་བསྩལ་བའི་རྒྱས་བཤད་གསུང་བཤད་བཅས་ནི་འཛམ་གླིང་ནང་ཡོངས་བསྒྲགས་ཀྱི་རང་རེའི་གཞི་རྩའི་རྩ་འཛིན་ཡིན་པ་མ་ཟད། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རྩ་འཛིན་དང༌། ལམ་སྟོན་གྱི་གཞི་རྩར་བཟུང་ནས་དེའི་ཐོག་མདུན་བསྐྱོད་ཀྱི་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་བོད་མི་རྣམས་ནས་རང་དབང་རྩོད་ལེན་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་མི་འབོར་དང༌། དཔལ་འབྱོར། དྲག་པོའི་དམག་དོན་བཅས་ཀྱི་སྟོབས་ཤུགས་ལྡན་པའི་རྒྱལ་ཁག་གཅིག་དང་འཐབ་རྩོད་བྱེད་དགོས་པར་བརྟེན་སྐབས་འཕྲལ་སྟོབས་ཤུགས་ཆེ་ཆུང་དང༌། ཆབ་སྲིད་གནས་སྟངས་བཅས་ནས་བལྟས་ན་ཧ་ལམ་རེ་བ་བྲལ་བ་ལྟ་བུའི་གནས་སྟངས་ཆགས་ཡོད། འོན་ཀྱང་ང་ཚོས་འདས་པའི་ལོ་ ༤༣ ལྷག་ཙམ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་བདེན་པར་ཡིད་ཆེས་དང༌། རེ་བ་བཅོལ་ནས་ཡིད་ཆེས་མ་བརླགས་པར་འབད་བརྩོན་ཆེན་པོ་བྱས་པ་བརྒྱུད་ད་ཆ་རང་རེའི་འཐབ་རྩོད་ལ་འཛམ་གླིང་ཀུན་ནས་དོ་སྣང་དང༌། སེམས་ཁུར་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཟིན་པ་དང༌། ང་ཚོའི་བདེན་མཐའ་གསལ་ལ་ཉེ་བར་གནས་ཡོད། ང་ཚོར་ཐོབ་པའི་གྲུབ་འབྲས་དེ་དག་གི་སྟོབས་ཤུགས་གཙོ་བཱུ་ནི་ང་ཚོས་དྲང་བདེན་ལ་ཡིད་ཆེས་བྱས་པ་དང༌། འཚེ་མེད་ཞི་བའི་ཐབས་ལམ་ཐོག་མདུན་བསྐྱོད་བྱས་པ། རང་གིས་རང་ལ་ཡིད་ཆེས་དང་རེ་བ་བརྒྱབས་པ། ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གོམས་སྲོལ་བཟང་པོ་དང༌། བཟང་སྤྱོད་ཀྱི་སྟོབས་ཤུགས་མི་ཉམས་གཅེས་འཛིན་བྱས་པ། ལས་འབྲས་ལ་ཡིད་ཆེས་ཀྱི་བརྩོན་པ་རྒྱུན་མཐུད་བྱས་པ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲུབ་འབྲས་དེ་དག་ཐོབ་ཐུབ་པ་བྱུང་ཡོད། གོང་གསལ་ཆ་རྐྱེན་དེ་དག་ནི་ང་ཚོའི་མ་འོངས་འཐབ་རྩོད་ཀྱི་རྒྱལ་ཁ་མཐའ་དག་གི་རྨང་གཞི་ཡང་ཡིན་པས་དེ་དག་ཚང་མས་གཅེས་འཛིན་བྱེད་རྒྱུ་གལ་ཆེ་ཡིན།

རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་གནང་བའི་བཙན་བྱོལ་བོད་གཞུང་མང་ནས་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་རྣམས་གསར་བརྗེར་ངོ་རྒོལ་དང༌། ལོག་སྤྱོད་པའི་བྱ་སྤྱོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་པའི་ཆེད་དུ་ཡིན་ལུགས་རྫུན་གཏམ་འཁྱོག་བཤད་དང༌། དྲིལ་བསྒྲགས་བྱེད་བཞིན་ཡོད། ཁྱེད་རྣམས་ཚང་མས་མཁྱེན་གསལ་ལྟར་གནས་ཚུལ་དེ་དག་ནི་ཡོངས་སུ་རྫུན་གཏམ་དང༌། འཁྱོག་བཤད་ཡིན། ལོ་རྒྱུས་དང༌། སྤྱི་ཚོགས་ཀྱི་དེང་སྐབས་འཕོ་འགྱུར་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱེད་མཁན་ཞིག་ཡིན་ཕྱིན་དེང་གི་སྐབས་སུ་སྤྱི་ཚོགས་རྙིང་པ་བསྐྱར་ལོག་བརྒྱབ་རྒྱུ་ཟེར་བ་ཡོང་ཐབས་མེད། རང་རེར་མཚོན་ན་དེ་བས་ཀྱང་མེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གངས་ལྗོངས་ྋརྒྱལ་བསྟན་ཆབ་སྲིད་ཐུགས་འགན་བཞེས་པའི་སྐུ་གཞོན་ནུའི་དུས་ནས་བོད་ཀྱི་དེ་སྔའི་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་ཐུགས་དགོངས་ཟབ་མོ་ཡོད་པ་མ་ཟད། བསྒྱུར་བཅོས་ཕྱག་ལེན་ཡང་འགོ་འཛུགས་གནང་སྟེ་ཡང་དག་པའི་གསར་བརྗེའི་ཕྱོགས་སུ་སྐུལ་འདེད་ཆེན་པོ་གནང་ཡོད། བསྒྱུར་བཅོས་ཀྱི་ཕྱག་ལེན་འགོ་འཛུགས་གནང་ནས་དུས་ཡུན་རིང་པོ་མ་སོང་གོང་རྒྱ་དམར་གཞུང་ནས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་བསྒྱུར་བཅོས་ཕྱག་ལེན་གྱི་གོ་སྐབས་རྩ་ཆེ་མང་པོ་འཕྲོ་བརླག་བཏང་ཡོད། འོན་ཀྱང་བོད་མི་རྣམས་བཙན་བྱོལ་ལ་འབྱོར་ཉིན་ནས་བཟུང་འདས་པའི་མི་ལོ་ ༤༣ རིང་བཙན་བྱོལ་གྱི་གནས་བབ་འོག་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་སྐུ་ངལ་ཡོད་མིན་ལ་མ་ལྟོས་པར་བོད་མིའི་ཆབ་སྲིད་ལམ་ལུགས་ཡང་དག་པའི་མང་གཙོའི་རིང་ལུགས་སུ་མདུན་བསྐྱོད་མཐར་ཕྱིན་བྱས་པའི་དངོས་ཡོད་གནས་ཚུལ་འདིའི་ཐོག་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པ་ཟེར་བ་ནམ་ཡང་མི་སྲིད་པའི་བདེན་དཔང་ར་འཕྲོད་བྱུང་ཡོད། ད་ལྟ་ངོས་ནས་འཛིན་སྐྱོང་བྱེད་བཞིན་པའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་གི་གྲུབ་ཆའི་མི་སྣའི་ངོས་ནས་བཤད་ན་བཀའ་ཤག་གི་བཀའ་བློན་ནང་དེ་སྔའི་བོད་ཀྱི་སྡེ་དཔོན་མི་དྲག་དང༌། སྔོན་མའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་གྲལ་རིམ་གྱི་ཁོངས་སུ་གཏོགས་པའི་མི་གཅིག་ཀྱང་མེད། ང་རང་སྒེར་ལ་ཆ་བཞག་ན། ངོས་རང་བོད་མདོ་ཁམས་ས་ཁུལ་གྱི་དབུལ་པོའི་གྲོང་གསེབ་ཞིང་པ་སྐྱོ་ཤོས་ཉིན་རེའི་འཚོ་གོས་ཁུངས་འཁྱོལ་དཀའ་བའི་ཁྱིམ་ཚང་ནང་སྐྱེས་པའི་མི་ཞིག་ཡིན་པ་དང༌། སྔ་ལོ་བཙན་བྱོལ་བོད་མིས་མང་མོས་འོས་འདེམས་ཀྱིས་ད་ལྟ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པའི་ལས་གནས་ཐོག་སླེབས་ཡོད་པས་བོད་གཞུང་གིས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གི་འདུག་ཅེས་པ་ནི་ཡོངས་སུ་རྫུན་གཏམ་འཁྱོག་བཤད་ཡིན། དེ་བཞིན་ངོས་ཀྱི་ལས་རོགས་བཀའ་བློན་གསུམ་ཀ་མི་མང་དཀྱུས་མའི་ནང་ནས་འོས་འདེམས་བྱས་པ་ལས་ཁོང་ཚོར་སྤྱི་ཚོགས་རྙིང་པའི་རིགས་དང༌། རུས། ཆོ་འབྲང་སོགས་ཀྱི་རྒྱབ་སྐྱོར་ཡོད་མཁན་གཅིག་ཀྱང་མེད། འོན་ཀྱང་གསལ་པོ་བརྗོད་དགོས་པ་ཞིག་ལ་དེ་འདྲའི་རྒྱབ་སྐྱོར་ཡོད་པའི་རིགས་བཀའ་ཤག་ནང་ཡོང་མི་ཆོག་པའི་ཚད་བཀག་ཀྱང་མེད། གཙོ་བོ་སོ་སཱུའི་ལྷག་བསམ་དང༌། ཤེས་འཇོན་ཐོག་ནས་ཡོང་དགོས་པ་ཞིག་རེད། མ་འོངས་བོད་གཞིས་བྱེས་མཉམ་འཛོམས་སྐབས་བོད་ཡུལ་བོད་མིས་སྐྱོང་དགོས་པ་དང༌། བོད་ཀྱི་དོན་གྱི་བདག་པོ་ནི་བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་མང་རྣམས་ཡིན། དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གསལ་བསྒྲགས་གནང་བའི་ནང་མ་འོངས་པའི་བོད་འདི་མང་གཙོའི་ལམ་སྲོལ་ལ་བརྟེན་པའི་སྲིད་གཞུང་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ཀྱི་ལས་དོན་འགན་འཁུར་དགོས་པ་དང༌། ད་ལྟའི་བཙན་བྱོལ་བོད་གཞུང་གི་ལས་གནས་སུ་འཁོད་པ་དང༌། འགོ་བྱེད་སུ་ཡིན་ཡང་དམིགས་བསལ་ཐོབ་ཐང་གང་ཡང་མེད་པ་གསལ་པོ་བཟོས་གནང་བ་མ་ཟད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནས་ཀྱང་ཆབ་སྲིད་ཀྱི་མཛད་ཁུར་བཞེས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད། དེར་བརྟེན་བོད་ཀྱི་སྤྱི་ཚོགས་རྙིང་པ་རྗེས་ལུས་ཅན་དང༌། མུན་ནག་ཅན་ཞིག་བསྐྱར་ལོག་ཡོང་རྒྱུའི་རྣམ་རྟོག་སྐྱེ་བའི་གཞི་རྩ་གཏན་ནས་མེད་པ་ཁྱེད་ཚོས་མཁྱེན་གསལ་རེད།

བཙན་བྱོལ་བོད་གཞུང་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་བྱེད་པའི་ལས་དོན་གཅིག་ནི་བོད་རྒྱ་གྲོས་མོལ་ལ་བརྟེན་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཡིན། བོད་གཞུང་ནས་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་འགྲ་ཁྲིད་ཏིང་ཞའོ་ཕིང་གིས་བོད་ཕྱོགས་ནས་རང་བཙན་གཙང་མའི་འདོད་ཚུལ་མ་བཏོན་ཚེ་གནས་ཚུལ་གང་གི་ཐོག་ཏུའང་གྲོས་མོལ་བྱེད་ཆོག་པ་བརྗོད་པ་དེ་དག་གི་རྒྱ་ལས་མི་འདའ་བར་ང་ཚོས་བོད་རང་བཙན་གཙང་མ་རྩོད་ལེན་མ་བྱས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞི་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཞིག་ཡོང་བར་བྱེད་པ་དང༌། དེའི་ཆེད་ད་ཡོད་རྒྱ་ནག་གི་འགྲ་ཁྲིད་ཚོ་དང་འདྲ་མཉམ་གཉིས་ཕན་གྱི་གྲོས་མོལ་ཡོང་ཐབས་བྱེད་པ་ལས་ང་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང༌། རང་བཙན་རྩོད་ཀྱི་མེད་པ་ཡོངས་བསྒྲགས་ཡིན། ང་ཚོས་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་པའི་ནང་ང་ཚོའི་དགོས་འདུན་གཙོ་བཱུ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེང་སྐབས་ཧོང་ཀོང་དང༌། ཨོ་མན་ལྟར་བོད་ཀྱི་ཕྱི་འབྲེལ་དང༌། རྒྱལ་སྲུང་གི་ལས་དོན་འགན་ཁུར་རྒྱ་ནག་དབུས་གཞུང་ནས་འཛིན་རྒྱུ་ཕུད། དེ་མིན་བོད་ཆོལ་ཁ་གསུམ་ཆབ་སྲིད་གོང་བུ་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ལག་བསྟར་བྱ་རྒྱུ་དེ་ཡིན། ང་ཚོས་ལངས་ཕྱོགས་འདིའི་ཐོག་འདས་པའི་མི་ལོ་ ༢༣ རིང་འབད་བརྩོན་ཤུགས་ཆེ་བྱས་ཡོད་ལ། ད་དུང་ཡང་གྲུབ་འབྲས་སོན་འགྱུར་ཡིད་ཆེས་བྱས་ཏེ་འགྱུར་བ་མེད་པའི་འབད་ཐབས་བྱེད་བཞིན་ཡོད། དེས་ན་གཞིས་ལུས་སྤུན་ཟླ་རྣམས་ནས་ང་ཚོའི་བསྒྲུབ་བྱའི་ལས་དོན་དེ་དག་ལ་མངོན་གསལ་དོད་པོའི་ཐོག་ཕྱག་ལས་གནང་རྒྱུར་དཀའ་ངལ་ཆེན་པོ་ལྡན་ཡོད་ཀྱང༌། ཁྱེད་རྣམས་ཀྱི་སེམས་ཤུགས་ཀྱི་རྒྱབ་སྐྱོར་དང༌། ཁ་ཕན་ཚིག་ཕན། ཐ་ན་བདེན་ཚིག་སྨོན་ལམ་གསོལ་འདེབས་ཚུན་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཕྱག་ལས་ཆེ་ཆུང་གང་ཞིག་གནང་ཡང་དེང་སྐབས་སྲིད་དོན་ལས་རིགས་ཀྱི་ནང་ཐོན་པའི་གཡོ་སྒྱུ་དང༌། རྒྱབ་མདུན་ངོ་སྲུང་སོགས་གཏན་ནས་གནང་གི་མེད། དེར་བརྟེན་ང་ཚོས་རྒྱ་གཞུང་ནས་རྒྱལ་སྤྱིའི་ནང་རྫུན་གཏམ་དྲིལ་བསྒྲགས་དང༌། འཁྱོག་བཤད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་བྱེད་སྐབས་ང་ཚོས་ཐེར་འདོན་བྱེད་ཀྱི་ཡོད་པ་དང༌། དེ་དག་ནི་ང་ཚོའི་འོས་འགན་ཞིག་ཀྱང་ཡིན། སྔ་ལཱུའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བོད་ཀྱི་དེང་རབས་ཅན་གོང་འཕེལ་གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ཁོ་པ་ཚོས་བོད་འདི་ཁྱོན་ཡོངས་ནས་རྒྱ་ནག་ཆེན་པོའི་ནང་ཐིམས་སུ་འཇུག་རྒྱུའི་དུས་རབས་གསར་པའི་ཆབ་སྲིད་དང་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ་དང༌། དེ་ལ་དེང་རབས་ཅན་གྱི་བོད་ཡར་རྒྱས་ཞེས་པའི་མིང་བཏགས་ནས་ངོ་བོ་འགེབས་སྲུང་གི་ལྐོག་གཡོ་བཤམས་ནས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏོང་རྒྱུའི་རེ་ངན་བཅངས་ཡོད། དེར་བརྟེན་བཙན་བྱོལ་བོད་གཞུང་ལ་རྒྱ་གཞུང་གི་ངན་གཡོ་ཐེར་འདོན་བྱེད་རྒྱུར་འགན་འཁྲི་ཆེན་པོ་ཡོད་པར་བརྟེན་ང་ཚོས་ཁོ་པ་ཚོའི་གནས་ཚུལ་ལ་དབྱེ་ཞིབ་ནན་པོ་བྱས་ཏེ་རྒྱ་གཞུང་གི་མི་སེར་སྤེལ་བའི་ཆེས་མུན་ནག་གསལ་སྟོན་ཞེས་པའི་ལན་འདེབས་བྲིས་ཏེ་བོད་རྒྱ་དབྱིན་གསུམ་ནང་པར་སྐྲུན་གྱིས་འགྲེམས་སྤེལ་བྱས་ཡོད་པས་དེ་དག་ལ་ཁྱེད་རང་ཚོས་ཀྱང་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན། རྒྱ་གཞུང་གི་ཡིག་ཆ་དེའི་ནང་བོད་ནང་རྒྱ་གཞུང་ནས་དཔལ་འབྱོར་རོགས་རམ་དང༌། འཛུགས་སྐྲུན་ཆེན་པོ་བྱས་ཏེ་བོད་དེང་རབས་ཅན་ལ་བསྒྱུར་བའི་སྐོར་བཀོད་འདུག དོན་དངོས་ཐོག་བོད་དེང་རབས་ཅན་ལ་བསྒྱུར་བའི་དབང་དུ་བཏང་ཡང་དེར་ངོ་མཚར་ཆེ་རྒྱུ་གང་ཡང་མེད། དེང་སྐབས་ཡར་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནི་དེང་རབས་ཅན་གྱི་དུས་རབས་རྫོགས་ཟིན་ནས་དུས་རབས་གོང་མའི་ལོ་རབས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པའི་ཐོག་མདུན་བསྐྱོད་བྱེད་བཞིན་ཡོད། མི་རྣམས་ཀྱི་ངོ་མཚར་སྐྱེ་གཞིའི་དེང་རབས་ཅན་ནི་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང༌། རང་དབང༌། དྲང་བདེན། འདྲ་མཉམ། ཕན་ཚུན་མཛའ་བརྩེས་འཚོ་བ་བཅས་ལ་དེང་རབས་ཀྱི་ཡར་ཐོན་སྤྱི་ཚོགས་ཞེས་བརྗོད་ཀྱི་ཡོད། དཔལ་འབྱོར་ཡར་རྒྱས་ཆེ་ཙམ་བྱུང་བ་དང༌། འཕྲུལ་ཆས་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཙམ་ལ་དེང་རབས་ཅན་གྱི་ངོ་བོ་ལྡན་མེད་པར་བརྟེན་བོད་གཞུང་ནས་རྒྱ་གཞུང་གིས་བོད་དེང་རབས་ཅན་ལ་བསྒྱུར་བ་ཟེར་བའི་གནས་ཚུལ་ཁས་ལེན་བྱེད་ཐབས་མེད་པར་བརྟེན་ང་ཚོས་ལན་འདེབས་བྱས་ཡོད།

ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་ཐད་ཚུར་རྒོལ་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་མི་སྣ་ཆེད་གཏོང་བྱས་ཏེ་གསང་བའི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ཡོད། དེར་བརྟེན་འདི་གར་འབྱོར་བའི་བོད་མིའི་ནང་རྒྱ་གཞུང་གི་ལས་འགན་འཁྱེར་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ལ་ཉུལ་ཞིབ་བྱེད་མཁན་འགའ་ཞིག་ཡོད་པ་ང་ཚོས་ཤེས་རྟོགས་གསལ་པོ་ཡོད། འོན་ཀྱང་ང་ཚོས་གསལ་པོ་ངོས་འཛིན་ཐུབ་པར་བོད་མི་དེ་དག་ལ་རང་དབང་མེད་པར་རྒྱ་མིས་བཀོད་བྱུས་བྱས་པ་ཞིག་ལས། རང་དབང་དང་དུ་བླངས་པ་ཞིག་མིན་པར་བརྟེན་ང་ཚོར་བསམ་ཚུལ་མེད། བོད་མི་དེ་ཚོའི་སེམས་ནང་རང་ཉིད་བོད་མི་ཡིན་བསམ་པའི་འདུ་ཤེས་དང༌། བོད་མིར་ཡང་མི་རིགས་གཞན་དང་གཅིག་མཚུངས་ཀྱི་བདེ་སྐྱིད་དགོས་པའི་བསམ་བློ་ཡོད་པ་གསལ་པོ་རེད། དེར་བརྟེན་འགག་རྩའི་དུས་མཚམས་སུ་ཁོང་ཚོའི་ངོས་ནས་ཀྱང་བོད་མི་རིགས་ཆེད་དུ་ཞབས་འདེགས་བསྒྲུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ང་ཚོ་བོད་མི་རིགས་ནི་སྤྱིར་བཏང་མི་རིགས་ཤིག་མིན་པའི་ལོ་རྒྱུས་དང༌། རིག་གཞུང་གི་དོན་སྙིང་ལྡན་ཡོད། ཁྱེད་རང་ཚོ་ངོ་གནོང་དགོས་དོན་མེད། དེས་ན་ང་ཚོ་བཙན་བྱོལ་བོད་གཞུང་མང་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་དང༌། བོད་མིའི་རང་དབང་ཐོབ་ཐང་ཁག་སླར་གསོ་ཡོང་བའི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་དམིགས་ཡུལ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་ནང་རིང་པོར་མི་ཐོགས་པར་ྋཞབས་ཟུང་བཀྲིས་ཀྱི་རེ་ཁྭ་མངོན་པར་བཀོད་དེ་བོད་འབངས་རྣམས་ཆོས་འབྱོར་བདེ་སྐྱིད་རང་དབང་དཔལ་ལ་སྤྱོད་ཐུབ་པའི་གངས་ལྗོངས་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་ལ་བརྣག་པའི་འདོད་དོན་རྣམས་ཆུ་ཚོད་སྐར་མ་གཅིག་ཚུན་སྔ་ཙམ་མངོན་འགྱུར་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པ་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནས་ཀྱང་སྔར་བས་དཔའ་ངར་ཞུམ་མེད་ཀྱི་ལས་འགུལ་དང༌། དམ་ཚིག་ཚུལ་བཞིན་སྲུང་བ། བདེན་ཚིག་སྨོན་ལམ་བཅས་ཤུགས་ཆེ་གནང་རོགས་གནང༌། ཐུགས་རྗེ་ཆེ།