གཞིས་བྱེས་བོད་མིར་ཡོངས་ཁྱབ་ཏུ་གནང་བའི་གསུང་བཤད།

༄༅། ། བརྩེ་ལྡན་བཀུར་འོས་གཞིས་བྱེས་བོད་མི་ཡོངས་ལ་ཞུ་རྒྱུ། འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མ་འོངས་བོད་ཀྱི་སྐྱེ་འགྲོའི་བདེ་ཐབས་དང༌། བསྟན་སྲིད་ཕྲ་ཚུགས་ཐབས་ལ་དགོངས་ཏེ་བོད་ལྗོངས་ཆབ་སྲིད་ཀྱི་དབང་བསྒྱུར་བདག་གིར་བཞེས་པ་ནས་བཟུང་བོད་ཀྱི་སྲིད་ལུགས་དེང་རབས་ཅན་གྱི་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུའི་ཐུགས་འདུན་ཡངས་པོས། ཕྱི་ལོ་ ༡༩༥༣ ལོར་ལེགས་བཅོས་སྤྱི་ཚོགས་དང༌། ༡༩༥༤ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་བསྐྱངས་ཏེ་ལེགས་ཆའི་བསྒྱུར་བཅོས་རླབས་ཆེན་གནང་འགོ་ཚུགས་ཤིང༌། ཁྱད་པར་བཙན་བྱོལ་དུ་ཕེབས་རྗེས་འདས་པའི་མི་ལོ་ ༤༢ བརྒལ་བའི་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་རིམ་ཁྲིད་མཛད་པའི་བྱུང་བའི་འཕེལ་རིམ་གྱི་ཆ་ཤས་སུ་འདི་ལཱུ་ཕྱི་ཟླ་གསུམ་པའི་ནང་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་མཐའ་མའི་ཐོག་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བཀའ་སློབ་ཇི་ཕེབས་ཀྱི་དགོངས་དོན་གཞིར་བཟུང་བཙན་བྱོལ་མང་གཙོའི་སྲིད་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་འགན་ཁུར་བ་བཀའ་བློན་ཁྲི་པ་བོད་ཀྱི་ཡུལ་མི་འོས་འཕེན་གྱི་ཐོབ་ཐང་དང་རང་དབང་ཡོད་པ་ཚང་མས་འོས་བསྡུའི་ལམ་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་ལམ་སྲོལ་གསར་གཏོད་མཛད་པའི་འོག་འོས?བསྡུའི་ལས་རིམ་ནང་ཕྲན་ཟམ་གདོང་བློ་བཟང་བསྟན་འཛིན་ལ་མང་མོས་འོས་ཐོན་བྱུང་བར་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པར་བསྐོ་གཞག་བཀྲིན་ཆེ་བ་ལྟར། ད་རེས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་བོད་ཟླ་ ༧ ཚེས་ ༡༨ ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྤྱན་སྔར་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཏེ་སྐབས་བབས་སྲི་ཞུའི་ལས་དོན་ཐོག་དངོས་སུ་ཞུགས་པའི་གོ་སྐབས་འདིའི་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་སྒོ་ནས་གུས་ཕྱག་དང་བཅས་ཏེ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཉམ་ཐག་པའི་གཞིས་བྱེས་བོད་མི་རྣམས་ལ་ཐུགས་བརྩེས་ནམ་ཡང་མི་འདོར་བར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཛད་ཁུར་བོད་ཀྱི་ཡུལ་ལྗོངས་དང་མི་རིགས་ནམ་གནས་ཀྱི་བར་མུ་མཐུད་མཛད་སྐྱོང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང༌། གཞིས་བྱེས་བོད་རིགས་ཡོངས་ལ་བཅོས་མིན་མཛའ་བརྩེའི་ཚོར་བ་དྲག་པོས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར་ཕྲན་རང་ཕྱི་ལོ་ ༡༩༦༠ ནས་བཟུང་ཕྱི་ལོ་ ༢༠༠༡ ཟླ་ ༣ མཇུག་བར་མི་ལོ་ ༤༠ བརྒལ་བའི་རིང་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་རིགས་སྣ་ཚོགས་ཤིག་ྋགོང་ས་ཆེན་པོའི་བཀའ་དགོངས་ལྟར་རང་ནུས་གང་ལྕོགས་ལྷག་བསམ་ཟོལ་མེད་ཀྱིས་ཞུས་ཁུལ་ཡང༌། རང་གི་འདོད་བློ་ཁེངས་པའི་གྲུབ་འབྲས་ཐོན་པ་ཞིག་མ་བྱུང་སྟབས། ད་ཆ་ལོ་ནའི་བབས་དང་ཕྱི་ནང་གི་གནས་ཚུལ་གང་ཐད་ནས་བཙན་བྱོལ་སྲིད་གཞུང་གི་ནང་མིང་གནས་ཡོད་པའི་འགན་ཁུར་ཞུ་མ་དགོས་པར་ཡུལ་མི་སྒེར་གྱི་གནས་བབས་བཟུང་སྟེ་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལས་འགུལ་གྱི་ཐོག་ཅུང་ཟད་འབད་རྩོལ་ཞུ་རྒྱུའི་རེ་བས་ལོ་ཤས་སྔོན་ནས་ྋགོང་ས་ཆེན་པོར་སྙན་གསན་རིམ་ཞུས་ཐོག་འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མའི་མཇུག་བསྡོམས་ཀྱི་གཏམ་བཤད་དུ་ “བཟོད་གསོལ་” ཞེས་པའི་གླེང་བརྗོད་ཀྱི་ལམ་ནས་ད་ཕན་རང་འཁྲིའི་ཞུ་སྒོ་རྣམས་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་མང་ཚོགས་ལ་བཟོད་གསོལ་དང་སྦྲགས་འབྱུང་འགྱུར་སྲིད་གཞུང་ནང་མིང་གནས་བླང་རྒྱུ་མིན་པའི་གསལ་བཤད་མཐིལ་ཕྱིན་ཞུས་ཁར་གསར་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་སྣ་ཚོགས་ནས་མང་ཚོགས་ཀྱིས་མཁྱེན་རྟོགས་ཐུབ་ངེས་གསལ་བསྒྲགས་ལན་མང་ཞུས་རྗེས་དབེན་པར་འཁོས་ཕབ་ཀྱིས་གོང་ཞུས་ལས་དོན་ཁག་འགོ་འཛུགས་བྱེད་མུས་ཀྱི་སྐབས་བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུའི་ནང་རང་གི་ཚོད་དཔག་ལས་བརྒལ་བའི་འོས་ཤོག་འབོར་ཆེན་ཐོན་པའི་གནས་ཚུལ་གོ་ཐོས་སྐབས་ཡིད་ཆེས་དཀའ་བའི་ཚོར་སྣང་དང༌། སེམས་འཚབ་ཆེན་པོ་བྱུང་ཞིང༌། མང་གཙོའི་སྤྱི་ཚོགས་ནང་འོས་གཞིར་ཞུགས་པ་དང༌། འོས་གཞིར་མ་ཞུགས་པའམ་ཕྱིར་འཐེན་བྱས་པ་གཉིས་ཀ་ཡུལ་མིའི་གཞི་རིམ་གྱི་ཐོབ་ཐང་གཅིག་གྱུར་ལ་བརྟེན་སྔོན་མའི་ཆོད་སེམས་གཞིར་བཟུང་འོས་གཞི་ནས་ཕྱིར་འཐེན་བྱ་རྒྱུའི་འདུན་པས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ལ་ལོ་རྒྱུས་དང་འདྲ་པར་མ་ཕུལ་བར་དུས་ཡུན་གང་འཚམས་ཤིག་སོང་བ་དེའི་བར་བཙན་བྱོལ་བོད་མིའི་གནས་ཡུལ་ཕལ་ཆེ་བ་ནས་འོས་གཞི་ནས་ཕྱིར་འཐེན་མི་འོས་པའི་དགོས་འདུན་ཡིག་ངག་གཉིས་ཐོག་ནས་གྲངས་མང་འབྱོར་བ་མ་ཟད། གཞིས་ལུས་བོད་མིའི་ཁྲོད་ནས་ཀྱང་འོས་གཞིར་བསྡད་དགོས་ཀྱི་རེ་འདུན་བརྒྱུད་ལམ་སྣ་ཚོགས་ནས་འབྱོར་བ་དེས་སེམས་འགུལ་ཤུགས་ཆེ་ཞིག་ཐེབས་པ་མ་ཟད། མནོ་བསམ་ཞིབ་ཏུ་གཏོང་སྐབས་ཕྲན་གྱིས་རྒྱུན་ལྡན་མང་གཙོའི་ལྟ་གྲུབ་ཀྱི་འཛིན་ཕྱོགས་ནང་མང་ཚོགས་ཀྱི་ཐོབ་ཐང་དང་ཡུལ་མི་ཉུང་ཤས་ཀྱི་ཐོབ་ཐང་དབར་འགལ་ཟླ་གྱུར་ཚེ་ཉུང་ཤས་ཀྱི་ཐོབ་ཐང་བློས་གཏོང་བྱ་དགོས་ཀྱི་དམ་བཅའ་བཟུང་སྟེ་གུ་ཡངས་མང་གཙོའི་རིང་ལུགས་ཀྱི་འདོད་ཚུལ་ཁ་ཤས་ལ་དགག་པ་བྱེད་བཞིན་པ་དེ་ལྟར་ཡང༌། རང་ཐོག་ཏུ་བབས་སྐབས་ལྟ་གྲུབ་དེ་དོར་ནས་མི་མང་ཁྲི་ཚོ་གསུམ་ལྷག་གི་རེ་འདུན་ལ་རྩིས་མེད་ཀྱིས་རང་གི་ཐོབ་ཐང་གཅིག་པུར་ལོངས་སུ་སྤྱད་ན་ཁ་བཤད་ལག་ལེན་རྒྱབ་འགལ་དུ་འགྲོ་རྒྱུར་མཐོང་ཞིང༌། ྋགོང་ས་ཆེན་པོའི་བཞེད་དགོངས་བཀའ་ཁྲི་མང་ཚོགས་ནས་འོས་འདེམས་བྱ་རྒྱུའི་ལས་རིམ་དང་པོ་དེ་ལམ་དུ་མ་ལྷོང་བ་བྱུང་ན་ཐུགས་དགོངས་འཁྲུགས་གཞིར་ཡང་འགྱུར་སྲིད་སྙམ་པ་བཅས་ཀྱི་དབང་གིས་མཐའ་དོན་རང་གི་སྔོན་གྱི་ཆོད་སེམས་དོར་ནས་འོས་གཞིར་བསྡད་པ་དང༌། དངོས་གཞིའི་འོས་བསྡུའི་གྲུབ་འབྲས་དང༌། ྋགོང་ས་ཆེན་པོས་བསྐོ་གཞག་བཀྲིན་ཆེ་བ་བཞིན་ད་ཆ་ལས་ཁུར་དུ་ཞུགས་པ་འདི་རང་ངོས་ནས་བློས་བཟོད་དཀའ་བའི་འགན་ཁུར་ལྕི་བ་ཞིག་ཡིན་ནའང༌། ྋགོང་ས་མཆོག་དང་བོད་མི་མང་ཚོགས་ལ་ཡིད་ཆེས་བློས་འགེལ་གྱི་ངང་ཞུ་སྒོ་འདི་དག་ཁུར་དུ་མ་སོང་བ་རྒྱན་དུ་ཁྱེར་བའི་ཀུན་སློང་བཅོས་ཏེ་བོད་མི་རིགས་ཆགས་འཇིག་གི་སོ་མཚམས་ལ་སླེབས་པའི་གཉན་འཕྲང་ཅན་གྱི་དུས་རབས་འདིའི་ནང་མང་མོས་འོས་འདེམས་ཀྱི་ལམ་ནས་ྋགོང་ས་མཆོག་དང་བོད་མི་མང་གི་ཞབས་འདེགས་ཞུ་བའི་གོ་སྐབས་ཐོབ་པ་འདི་སྐལ་བ་བཟང་པོ་ཡིན་པའི་འདུ་ཤེས་ཀྱིས་རང་དོན་སྤངས་པའི་ལྷག་བསམ་རྣམ་དག་གི་སྒོ་ནས་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་རང་ངོས་ནས་ཐབས་ཤེས་དང་འབད་རྩོལ་ལྷོད་ཡངས་སུ་མ་སོང་བ་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད།

ལས་ཁུར་དམ་འབུལ་རྗེས་གལ་གནད་ཆེ་བའི་བསྒྲུབ་བྱ་དང་པོ་ནི་ྋགོང་ས་མཆོག་གིས་འདི་ལཱུའི་གསུམ་བཅུའི་གསུང་འཕྲིན་སོགས་བཀའ་ཕེབས་སྔ་རྗེས་ནང་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་ལྷན་ཚོགས་དེར་ྋགོང་ས་མཆོག་གི་འཛིན་སྐྱོང་གི་སྐུ་དབང་རྣམས་རིམ་པས་རྩིས་སྤྲོད་གནང་བཞེད་ཡོད་ལུགས་ཕེབས་པ་དེ་དག་གནས་སྐབས་དེ་འདྲའི་དགོངས་བཞེད་རྩ་བ་ནས་མེད་པར་སྔར་སྲོལ་དང་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་མུ་མཐུད་འཛིན་སྐྱོང་གི་ཐུགས་འགན་བསྐྱེད་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་ཐོག་ྋགོང་ས་མཆོག་ལ་མཛད་འཛིངས་དང་ཐུགས་སུན་ཆུང་སླད་བཀའ་ཁྲི་དང་བཀའ་ཤག་གི་ངོས་ནས་འཛིན་སྐྱོང་གི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ཚགས་ཚུད་དང་འཐུས་ཤོར་མི་འབྱུང་བའི་ཁུར་འགན་བསྐྱེད་ཆོག་པ་ཞུ་རྒྱུ་དེ་ཡིན་ཞིང༌། ྋགོང་ས་མཆོག་གིས་དེ་དོན་ཐུགས་བརྩེས་ཞལ་བཞེས་ཡོང་བའི་ཡིད་ཆེས་ཀྱང་ཞུ་བཞིན་པ་ཡིན།

སྤྱིར་བཏང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་རིམ་ཁག་ནི་བཅའ་ཁྲིམས་གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་མཆོག་གིས་བཀའ་ཁྲོལ་བསྩལ་བ་ལྟར་འགྲོ་རྒྱུ་ལས་བཀའ་ཤག་གིས་རང་འཚམས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་གསར་གཏོད་བྱེད་རྒྱུ་མེད་གཤིས། ཕྲན་གྱི་བཀའ་ཤག་གི་ཆབ་སྲིད་ཐོག་བསམ་ཚུལ་དང་ལངས་ཕྱོགས་གསར་པ་འདི་ཡིན་ཞེས་ཞུ་རྒྱུ་གང་ཡང་མེད། གྲོས་ཚོགས་དང་ྋགོང་ས་མཆོག་གིས་གཏན་ལ་ཕབ་པའི་སྲིད་བྱུས་དང་ལས་རིམ་ཁག་ལག་བསྟར་བྱེད་རྒྱུའི་འགན་དབང་འཛིན་སྐྱོང་ལ་ཡོད་པ་ལྟར། དེའི་ཐོག་ད་ཡོད་ཀྱི་གནས་བབས་ལས་ཉམ་ཆགས་མི་འགྲོ་བ་དང༌། གསར་གཏོད་དང་ཡར་ཐོན་གང་ཐུབ་ཞུ་སེམས་ཡོད། བཀའ་ཤག་གསར་པའི་བསམ་བློ་གཏོང་ཕྱོགས་དང་ལས་དོན་བྱེད་ཕྱོགས་ཀྱི་གཞི་རྩའི་ལྟ་གྲུབ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་ལྟར་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་པོ་དེ་འདའ་མི་རུང་བའི་བཀའ་བཏགས་ཀྱི་ཕྱག་རྒྱར་བཟུང་གི་ཡོད། གཞི་རིམ་གྱི་གྲུབ་མཐའ་དེའི་ཐོག་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང༌། ཁྱད་པར་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་གསལ་བ་རྣམས་གཞིར་བཟུང་གིས་ལས་དོན་བསྒྲུབ་རྒྱུ་ཡིན། ད་ལྟའི་ཆར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་གཙོ་བོ་རྒྱ་བོད་ཞི་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ྋགོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡིན་སྟབས། བོད་རྒྱའི་ཞི་མོལ་གང་མྱུར་འགོ་འཛུགས་ཐུབ་པ་དང༌། དོན་སྙིང་ལྡན་པ་ཞིག་ཡོང་ཐབས་ལ་སྒོ་ཀུན་ནས་འབད་རྩོལ་བྱེད་རྒྱུ་ཡིན་ཞིང༌། ལས་དོན་འདིའི་ཐོག་བོད་རྒྱའི་དབར་ཐད་ཀའི་འབྲེལ་ལམ་ཡོང་ཐབས་དང༌། རྒྱལ་སྤྱིའི་མཐུན་འགྱུར་གོང་འཕེལ་གཏོང་ཐབས། བོད་དང་རྒྱ་ནག་སྐམ་སའི་ནང་བོད་རྒྱའི་ཞི་མོལ་ལ་སྨན་པའི་ལས་འགུལ་སྤེལ་ཐབས་བཅས་ཕྱོགས་གསུམ་ནས་འབད་རྩོལ་བྱ་རྒྱུའི་ཐོག བོད་རྒྱའི་ཡུལ་མི་མང་ཚོགས་ནང་ཕན་ཚུན་འབྲེལ་ལམ་གོ་རྟོགས་སྤེལ་ཐབས་བྱེད་རྒྱུའང་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ྋགོང་ས་མཆོག་གི་བཀའ་སློབ་ལྟར་བོད་རྒྱའི་ཞི་མོལ་ནི་རྒྱ་ནག་སྐམ་སའི་གཞུང་གི་མཛད་ཕྱོགས་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ལ་གཞན་དབང་སྟབས་བསྟུན་བྱ་རྒྱུ་ལས་རང་ཕྱོགས་ནས་ཐད་ཀར་བྱ་ཐབས་བྲལ་བས་བཟོད་བསྲན་མ་བརླགས་པར་ངང་སྒུག་བྱ་དགོས་ཤིག་ཡིན་ནའང༌། བཙན་བྱོལ་བོད་མིའི་ཁེ་ཕན་སྒྲུབ་ཐབས་དང༌། བཙན་བྱོལ་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་བཅས་ནི་གཞན་དབང་སྟབས་བསྟུན་མ་དགོས་པར་རང་ངོས་ནས་བྱེད་རྒྱུ་ཡོད་པ་ཞིག་ཡིན་སྟབས་དེའི་ཐོག་འབད་བརྩོན་ཆེ་ཙམ་ཞུ་རྒྱུའི་འདུན་པ་ཡོད་ཅིང༌། དེ་ཡང་གཞུང་གི་བྱེད་སྒོ་མཐའ་དག་ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་འགྲོ་ཐུབ་པ་དང༌། ཕྱི་གསལ་ནང་གསལ་ལན་འདེབས་འཕེར་བའི་འགན་ཁུར་ཡོད་པའི་སྲིད་གཞུང་ཞིག་བསྐྲུན་རྒྱུ་གལ་ཆེར་མཐོང་གི་ཡོད། ཆོས་རིག་དང༌། ཤེས་ཡོན། ནང་སྲིད། འཕྲོད་བསྟེན་བཅས་ཀྱི་ཐོག་བོད་མིའི་ལེགས་བྱང་དང་མཐུན་ཞིང༌། སྐབས་བབས་ཀྱི་དགོས་མཁོ་དང་འཚམས་ལ་ལག་བསྟར་ཐུབ་པའི་སྲིད་བྱུས་ཁ་གསལ་རེ་གཏན་འབེབས་ཐུབ་ཐབས་བྱ་རྒྱུ་མ་ཟད། ལྷག་པར་དཔལ་འབྱོར་གྱི་ལམ་སྲོལ་ཚད་ལྡན་ཡོང་བའི་སྲིད་བྱུས་ཤིག་གཏན་ལ་ཕབ་རྒྱུའི་འབད་བརྩོན་བྱེད་འདོད་ཡོད། གཞུང་གྲོན་བསྲི་ཚགས་དང་རྒྱས་སྤྲོས་མཁུ་བསྡུ་བྱ་རྒྱུར་དམིགས་བསལ་གྱིས་དོ་སྣང་བྱེད་རྒྱུ་མ་ཟད། རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ད་དུང་གཞིས་ཆགས་དང་འཚོ་ཐབས་ཀྱི་མདུན་ལམ་ངེས་གཏན་མེད་པའི་འཁོས་དམན་དང༌། གཞིས་སྒར་རྣམས་སུའང་འཚོ་ཐབས་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་མ་འཛོམས་པའི་ཉམ་ཐག་རིགས་ཀྱང་ཡོད་བཟོ་འདུག་པ་དེ་ཚོར་ཕུགས་འཕེར་གྱི་འཚོ་བའི་མདུན་ལམ་སྟོན་ཐབས་བྱ་རྒྱུ་དེ་བཀའ་ཤག་གསར་པའི་ཛ་དྲག་གི་ལས་རིམ་གྲས་ཡིན།

སྤྱི་ཡོངས་ཀྱི་ཆ་ནས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་འཕྲིན་ལས་ཀྱི་མཛད་རྗེས་དང༌། བཙན་བྱོལ་བོད་མིའི་བྱུང་བའི་ནང་ངོ་མཚར་དང་གཟི་བརྗིད་ཆེ་ཤོས་ཀྱི་དོན་གནད་གཉིས་ཤིག་ཡོད་པ་དེ་ནི་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་འཐབ་རྩོད་དང་འབད་སྒྲུབ་མ་དགོས་པར་ལྷུན་གྲུབ་ཏུ་བྱུང་བ་དེ་དང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་འཚེ་མེད་ཞི་བའི་ལམ་ཉག་གཅིག་ལ་བསྟེན་པ་འདི་གཉིས་ཡིན་པས། གལ་ཆེའི་ལས་རིམ་འདི་གཉིས་ཡར་རྒྱས་ཀྱི་མདུན་བསྐྱོད་མྱུར་ལ་བརྟན་པ་ཡོང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་རྒྱུ་དེ་ཕྲན་གྱིས་འགྲ་ཁྲིད་པའི་བཀའ་ཤག་གི་བསྒྲུབ་བྱའི་གཙོ་བོ་ཞིག་ཡིན་སྟབས། བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ཤེས་ཡོན་གོང་མཐོར་གཏོང་བ་དང་ཆབས་ཅིག་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གོ་རྟོགས་དང་ལེགས་བྱང་གོང་མཐོར་གཏོང་བའི་ཐབས་ཤེས་གང་ཡོང་ཞུ་རྒྱུའི་ཐོག ལྷག་པར་འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་རྒྱའི་ཞི་མོལ་ཡོང་ཐབས་བཅས་ཀྱི་ཐད་བོད་གཞིས་བྱེས་གཉིས་དང༌། རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་ནུས་པ་ཐོན་པ་སྤེལ་ཕྱོགས་ཀྱི་ཡོངས་ཁྱབ་འཆར་གཞི་ཞིབ་རྒྱས་ཤིག་དེང་རབས་ཀྱི་ཁྱད་མཁས་ཁག་གི་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་བྱ་རྒྱུའི་ལས་འཆར་ལོ་ཤས་སྔོན་ནས་ཡོད་རུང༌། ད་བར་མཐུན་རྐྱེན་གྱིས་མ་ལྕོགས་པར་ནར་འགྱངས་སོང་བ་དེ་འཕྲལ་དུ་ལག་ལེན་འཁེལ་ཐབས་བྱ་རྒྱུའི་འདུན་པ་ཡོད།

ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་ད་ཆ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ལམ་སྟོན་བཤེས་གཉེན་གྱི་ངོ་བོར་ཀུན་གྱིས་དད་མོས་ཞུ་བཞིན་པ་དེའི་གདམས་ངག་གི་ཡང་སྙིང་རང་ཅག་འགྲོ་བ་མིའི་རིགས་སུ་གཏོགས་པ་རྣམས་ཀྱི་ལས་འགན་གྱི་གཙོ་བོ་དང་དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་བསྒྲུབ་པའི་ཆེད་བརྩོན་པ་བྱེད་རྒྱུ་དང༌། དེའི་འོག་རང་རང་གི་ཆོས་ལུགས་ཇི་ཡིན་གྱི་བསྟན་པ་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ། དེའི་འོག་རང་ཉིད་གང་དུ་གཏོགས་སའི་མི་རིགས་སམ་རྒྱལ་ཁབ་དེའི་ཁེ་ཕན་བསྒྲུབ་རྒྱུ་བཅས་ཡིན་ཚུལ་གསུངས་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རྗེས་འཇུག་ཏུ་གཏོགས་ཤིང༌། ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་བསྟན་པ་དང་མཇལ་བའི་བོད་མི་རྣམས་ཀྱིས་མི་སྒེར་དང་སྤྱི་ཚོགས་གཉིས་ཕྱོགས་ནས་གོང་སྨོས་ལམ་སྟོན་དེ་དག་ཉིན་རེའི་མི་ཚེའི་ནང་ལག་ལེན་ལ་འཁེལ་བ་བྱེད་དགོས་རྒྱུ་དེ་བོད་མིའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དམིགས་བསལ་བ་ཞིག་ཡིན་པ་དེ་ངོས་འཛིན་གསལ་པོ་ཡོད། བོད་མིའི་རང་དབང་བསྒྲུབ་པའི་དགོས་པའང་བོད་མི་ཙམ་གྱི་ཁེ་ཕན་གྱི་ཆེད་མ་ཡིན་པར། འཇིག་རྟེན་ཡོངས་ལ་ཉེ་བར་མཁོ་བའི་བོད་ཀྱི་ནང་དོན་རིག་པའི་སྲོལ་རྒྱུན་དང༌། ཐུན་མོང་མ་ཡིན་པའི་ལེགས་བྱང་རྒྱུན་འཛིན་བྱེད་རྒྱུ་དེའི་ཆེད་དུ་ཡིན་པས་རང་རེའི་ལས་འགུལ་ནི་སྲིད་དོན་གྱི་འཐབ་རྩོད་ཅིག་མིན་པར། ཆོས་ཀྱི་སྒྲུབ་པ་ཉམས་ལེན་ཞིག་ཡིན་པར་ངོས་འཛིན་གྱི་ཡོད། ད་ལྟ་སའི་གོ་ལ་འདིའི་ཐོག་གནས་པའི་སྐྱེ་འགྲོ་ཡོངས་རྫོགས་ཀྱི་དཀའ་ངལ་ཆེ་ཤོས་ནི་འཚེ་བ་དེ་ཡིན་པ་དང༌། དེ་སེལ་ཐབས་སུ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་འཚེ་མེད་ཞི་བའི་ལམ་ནས་བསྒྲུབ་རྒྱུ་མ་ཟད། མ་འོངས་པའི་བོད་ཀྱང་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྐྲུན་རྒྱུའི་ྋགོང་ས་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་ཞི་བའི་དོན་ཚན་ལྔའི་ནང་གསལ་བསྒྲགས་མཛད་ཟིན་པ་དེ་ཡིན་པས་མ་འོངས་པའི་བོད་དེ་འཚེ་མཻད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་སྒྱུར་ཐབས་དང༌། བོད་མི་རྣམས་ཀྱིས་འཚེ་བ་མེད་པའི་སྤྱི་ཚོགས་ཀུན་ལ་མིག་དཔེར་འོས་པ་ཞིག་སྐྲུན་ཐབས་ཀྱི་འབད་རྩོལ་ད་ལྟ་ནས་བྱེད་དགོས་པ་མཐོང་གི་ཡོད། དེའི་སླད་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུའང་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་པའི་སླད་འཚེ་བ་མེད་པའི་འཚོ་ཐབས་ཀྱི་འཆར་གཞི་དང་ལམ་སྟོན་བྱ་རྒྱུ་དང༌། ལྷག་པར་རྒྱ་གར་ནང་གི་བོད་མིའི་སོ་ནམ་གཞིས་ཆགས་ཁག་འཚེ་མེད་ཞི་བའི་སྤྱི་ཚོགས་བསྐྲུན་པའི་ལས་འགུལ་ཚོད་བལྟ་ལག་བསྟར་བྱེད་ས་བཟང་ཤོས་ཤིག་ཡིན་པར་མཐོང་གི་ཡོད། བདག་ཉིད་ཆེན་པོ་གཱན་དྷཱིའི་གདམས་ངག་གི་སྙིང་པོ་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་བཟང་པོ་དེ་བོད་མིའི་སྤྱི་ཚོགས་ནང་སྤེལ་ཕྱོགས་དང༌། ལྷག་པར་སོ་ནམ་ཞིང་ལས་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པར་བསྒྱུར་རྒྱུའི་འབད་བརྩོན་བྱ་རྒྱུའི་འདུན་པ་ཡོད། འཁྲུགས་ཆ་ཆེ་ལ་རྙོག་འཛིངས་དོད་པའི་དེང་རབས་གོང་མའི་ཡུལ་མིའི་ཀུན་སྤྱོད་ཀྱི་རྦ་རླབས་འཁྲུགས་པོའི་གནོན་ཤུགས་འོག་ཚུད་པའི་བོད་མི་མང་པོས་ཕྲན་གྱི་གོང་སྨོས་ཀྱི་བསམ་ཚུལ་དེ་དག་ལ་གོ་རྟོགས་དང་ཡི་རངས་གནང་རྒྱུར་སྐུ་ངལ་ཡོད་པ་ཚོད་དཔག་བྱས་ཐུབ་ནའང༌། ས་གཞི་འདིའི་ཐོག་མིས་མཚོན་པའི་སྲོག་ཆགས་རྣམས་ད་དུང་དུས་ཡུན་རེ་ཞིག་འཚོ་གནས་ཐུབ་པའི་རེ་བ་ཞིག་བརྒྱབ་དགོས་ན་ཐབས་ལམ་དེ་ལས་གཞན་པ་གང་ཡང་རྙེད་མི་ཐུབ་པ་ནི་རིགས་པས་གྲུབ་པའི་བདེན་དོན་ཞིག་ཡིན་པ་དེང་དུས་གཟུར་གནས་ཀྱི་སྐྱེ་བོ་མང་ཆེ་བས་མི་འདོད་བཞིན་དུ་ངོས་ལེན་བྱེད་པའི་སྐབས་སུ་སླེབས་ཟིན།

ཕྲན་རང་གི་གོམས་གཤིས་དང་བསམ་བླཱུའི་འཁྱེར་ཕྱོགས་ཀྱི་ངོས་ནས་འཛིན་སྐྱོང་བཀའ་ཤག་གི་འགྲ་ཁྲིད་བྱ་རྒྱུར་དཀའ་ངལ་དང་འགལ་འདུ་ཆེ་ཙམ་ཞིག་ཡོད་པ་ནི་ད་བར་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཀྱི་སྦྱོང་བདར་དང་རྒྱུན་ལྡན་གྱི་བསམ་སྤྱོད་གཉིས་ཀར་སྲིད་གཞུང་དང༌། སྒྲིག་འཛུགས། དབང་ཤུགས་བཅས་ལ་སྐྱོན་དུ་བལྟས་ནས་དགག་པ་རྒྱག་མཁན་ཞིག་ཡིན་པའི་དབང་གིས་འགལ་ཟླ་ཚོགས་པའི་ལས་འགན་བླང་རྒྱུར་དཀའ་ངལ་མེད་ནའང༌། གཞུང་འཛིན་གྱི་འགྲ་ཁྲིད་བྱ་རྒྱུར་བསམ་བླཱུའི་ནང་འགལ་ཟླའི་དཀའ་ངལ་ཡོང་སྲིད། འོན་ཀྱང་རང་རེའི་སྲིད་གཞུང་འདི་བཙན་བྱོལ་བའི་གནས་བབས་ཀྱི་དབང་གིས་རང་བཙན་རྒྱལ་ཁབ་གཞན་གྱི་སྲིད་གཞུང་དང་མི་འདྲ་བར་དབང་སྒྱུར་གྱི་ནུས་པ་བྲལ་ཞིང༌། རང་དབང་རྩོལ་སྒྲུབ་ཀྱི་ལས་འགུལ་ཁོ་ནའི་ནང་གནས་དགོས་པ་ཞིག་ཡིན་སྟབས། བསམ་བླཱུའི་ནང་འགལ་ཟླ་ཆེན་པོ་མི་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད། ཐོ་རོས་བཤད་པའི་དབང་སྒྱུར་བྲལ་བའི་སྲིད་གཞུང་ངམ། བདག་ཉིད་ཆེན་པོ་གཱན་དྷཱིས་གསུངས་པའི་བདག་ཉིད་ཀྱི་དབང་སྒྱུར་ཞེས་པའི་དགོངས་དོན་དང་མཐུན་པའི་སྲིད་གཞུང་ཞིག་བསྐྱང་རྒྱུའི་རེ་འདུན་བྱེད་ཀྱི་ཡོད། བོད་མིའི་ཆབ་སྲིད་ཆོས་སྲིད་གཉིས་ལྡན་ནམ། ཆོས་ལུགས་རིས་མེད་ཇི་ལྟར་ཡང༌། ཆོས་དང་མཐུན་པའི་ཆོས་ཀྱི་ཆབ་སྲིད་ཅིག་བསྐྱང་རྒྱུ་ཡིན་སྟབས། རབ་བྱུང་ཞིག་གིས་བཀའ་ཁྲིའི་ལས་ཁུར་ཞུ་བ་འགལ་བ་མེད་སྙམ། གལ་སྲིད་རབ་ཏུ་བྱུང་བས་བྱ་མི་འོས་པའི་ལས་དོན་ཞིག་བཀའ་བློན་ཁྲི་པའི་འགན་ཁུར་དུ་བབས་ན་རང་གི་སྡོམ་པ་དང༌། བཀའ་ཁྲིའི་གོ་གནས་གཉིས་གདམ་ཁ་བྱེད་རྒྱུའི་རང་དབང་དོར་མེད།

ཕྲན་རང་བོད་མིའི་ཆབ་སྲིད་ཀྱི་ལས་དོན་གྱི་འགན་ཁུར་ཞུ་བའི་སྐབས་སེམས་ཤུགས་དང༌། ནུས་པ། ལམ་སྟོན་བཅས་ཀྱི་འབྱུང་ཁུངས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་དང༌། ཆོལ་གསུམ་བོད་རིགས་གཞིས་བྱེས་ཡོངས་ཀྱི་ཆིག་བསྒྲིལ་གྱི་སྟོབས་ཤུགས་དེ་གཉིས་ཁོ་ན་ཡིན། ྋགོང་ས་ཆེན་པོའི་མཛད་འཕྲིན་ནི་འཇིག་རྟེན་ཡོངས་ལ་ཉི་འོད་བཞིན་གསལ་བས་ཉི་ཤར་སྦར་མོས་འགེབས་ཐབས་བྲལ་ཞིང༌། ཆོལ་གསུམ་བོད་རིགས་ཆིག་བསྒྲིལ་གྱི་ནུས་པ་ཉམས་དམས་སུ་གཏོང་ཐབས་ཀྱི་ལས་འགུལ་ཤུགས་ཆེ་རང་རེའི་ཁ་གཏད་ཀྱི་ངོས་ནས་རྒྱུན་དུ་བྱེད་བཞིན་པ་ཡིན་ནའང༌། གཞི་རིམ་བོད་མི་མང་ཚོགས་འགལ་ཟླའི་སླུ་བྲིད་ཀྱི་འོག་ཚུད་པའི་དྭོགས་པ་མེད། བོད་མི་ཧ་ཅང་ཉུང་ཤས་ཀྱི་བྱེད་ཕྱོགས་དང་བཤད་ཕྱོགས་ཀྱི་དབང་གིས་སྐབས་རེ་གསར་འགྱུར་བརྒྱུད་ལམ་ཁག་དང༌། ས་ཁུལ་འགའ་རེའི་ནང་ཆོས་ལུགས་དང་ཆོལ་ཁ། ཡང་ན་གང་ཟག་རེ་ཟུང་གི་རྗེས་འབྲངས་ཕྱོགས་གཏོགས་སོགས་ཀྱི་དབར་འགལ་ཟླའི་འཐབ་རྩོད་ཆེན་པོ་ཞིག་ཡོད་པ་ལྟ་བུའི་དངོས་བདེན་མིན་པའི་དཀྲོགས་གཏམ་ཡོང་བཞིན་པ་དང༌། སྐབས་རེ་རྒྱ་ཆེའི་མང་ཚོགས་ཀྱི་ངོ་ཚབ་མཚོན་མི་ཐུབ་པའི་སྐྱེ་བོ་རང་བྱུང་རང་བསྐོས་ཀྱིས་མང་ཚོགས་ཀྱི་ངོ་ཚབ་ཏུ་བརྫུས་ཏེ་ཆོལ་ཁ་ཆོས་ལུགས། ཤོག་ཁག་སོགས་ཀྱི་རྣམ་འགྱུར་སྟོན་ཐབས་ཡང་ཡང་ཡོང་བཞིན་པ་དེ་དག་དྭོགས་ཟོན་དང་ཡིད་གཟབ་བྱེད་དགོས་པ་ཚང་མས་ཐུགས་བཞག་མཛད་གལ། དངོས་དོན་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་སྲ་བརྟན་ཡོད་པ་དེ་གལ་འགག་ཐུག་སྐབས་གསལ་མཚོན་ཐུབ་པ་འདས་པའི་དུས་སུ་ཡང་ཡང་བྱུང་ཡོད་པ་མ་ཟད། ད་ལན་བཀའ་ཁྲིའི་ཡོངས་ཁྱབ་འོས་བསྡུ་འདིའི་སྐབས་སུའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོས་ལུགས་ཆོལ་ཁ་དང༌། ཤོག་ཁག་སོགས་ཀྱི་འཐེན་འཁྱེར་གང་ཡང་མེད་པ་མ་ཟད། དེ་འདྲའི་འཐེན་འཁྱེར་བྱེད་མཁན་རེ་ཟུང་གི་ཤུགས་གནོན་གྱི་འོག་མི་མང་འཁྲིད་མི་ཐུབ་པའི་རྣམ་འགྱུར་གསལ་པོ་བསྟན་པ་འདི་ཕྲན་རང་འོས་གཞི་ནས་དགོངས་ཞུ་བྱེད་མ་ནུས་པའི་རྒྱུ་མཚན་གཙོ་ཆེ་བ་གཅིག་ཡིན། ད་རེས་གོ་སྐབས་འདིའི་ཐོག་སླར་ཡང་གཞིས་བྱེས་བོད་མི་ཡོངས་དང༌། ཁྱད་པར་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྣམས་ལ་ངས་ནན་ཏན་ཆེན་པོས་རེ་བསྐུལ་ཞུ་རྒྱུའི་དོན་གནད་ཉག་གཅིག་ནི། མང་ཚོགས་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་ཤུགས་དེ་ནམ་ཡང་ཉམས་པ་མེད་པ་དང༌། འགལ་རྐྱེན་གྱི་དབང་དུ་མི་འགྲོ་བའི་ཡིད་གཟབ་རྒྱུན་དུ་གནང་དགོས་ཞུ་རྒྱུ་དེ་ཡིན།

ཉོན་མོངས་ཅན་གྱི་མིའི་སྤྱི་ཚོགས་ནང་འཐབ་རྩོད་དང་མི་མཐུན་པ་ཡང་ཡང་ཡོང་སྲིད་པ་ཆོས་ཉིད་ཡིན་རུང༌། རྒྱུ་མཚན་དེའི་དབང་གིས་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐོག་ཆིག་བསྒྲིལ་གྱི་ནུས་པ་ལ་ཉམས་ཆག་ཡོང་དགོས་པའི་རྒྱུ་མཚན་གང་ཡང་མེད། བོད་མི་སྒེར་སོ་སཱུའི་བསམ་ཚུལ་མི་མཐུན་པའམ་འཁོན་རྩོད་ཀྱི་རིགས་སྒེར་དོན་སྒེར་ཐོག་ཏུ་བཞག་པ་མ་གཏོགས། དེའི་རྒྱབ་ཏུ་ཆོལ་ཁ་ཆོས་ལུགས་དང་ཤོག་ཁག་དཔུང་བསྒྲིལ་གྱི་ངན་བྱུས་མི་ཡོང་བ་གནང་དགོས་པ་ཤིན་ཏུ་གལ་ཆེ། གཞུང་འཛིན་པའི་ལས་དོན་བྱེད་ཕྱོགས་དང་སྲིད་བྱུས་འཛིན་སྟངས། ཡང་ན་སྲི་ཞུ་བ་སུ་ཞིག་གི་ལས་དོན་བྱེད་ཕྱོགས་དང་ཀུན་སྤྱོད་སོགས་ལ་སྤྱི་སྨན་ཀུན་སློང་བཟང་པོས་སྐྱོན་འདོན་འཛེམས་ཟོན་མེད་པ་གནང་རྒྱུ་ནི་བོད་མི་ཡོངས་ཀྱི་ཐོབ་ཐང་ཙམ་དུ་མ་ཟད། ལས་འགན་ཡང་ཡིན་པས་དེ་རིགས་ལ་སྙིང་ནས་དགའ་བསུ་དང༌། ངེས་པར་དུ་སྐྱོན་འདོན་དགོངས་འཆར་དུས་ལས་མི་ཡོལ་བ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན། སྤྱི་སྨན་གྱི་ལྷག་བསམ་མེད་པར་སྲི་ཞུ་བ་བྱེ་བྲག་པའམ་བཙན་བྱོལ་སྲིད་གཞུང་ལ་མཐོང་དང་ཡིད་ཆེས་བརླག་ཐབས་སུ་བདེན་པའམ་བདེན་པ་མིན་པའི་སྐྱོན་བརྗོད་དང༌། འགན་ཁུར་མེད་པའི་གཏམ་འཆལ་བཟོ་བ་དེ་དག་དགའ་བསུ་ཞུ་འོས་ཤིག་མིན་པ་མ་ཟད། ཡ་རབས་བཟང་སྤྱོད་དང་མི་མཐུན་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད་ཀྱང༌། རྒྱུན་དུ་དེ་རིགས་ལ་གཅིག་ལན་གཅིག་འདེབས་ཀྱི་ཁ་གཏད་གཅོག་གལ་མ་མཐོང་བས་བཏང་སྙོམས་སུ་བཞག་རྒྱུ་ཡིན། འོན་ཀྱང་དེ་འདྲ་གནང་མཁན་ཚོར་ངས་ནན་བརྗོད་ཞུ་རྒྱུ་གཅིག་ནི། བཙན་བྱོལ་སྲིད་གཞུང་ལ་སྐྱོན་བརྗོད་དམའ་འབེབས་སམ། ཕྲན་རང་གིས་མཚོན་པའི་སྲི་ཞུ་བ་རྣམས་ལ་སྐྱོན་བརྗོད་དམའ་འབེབས་ཇི་འདྲ་ཞིག་གནང་ཡང༌། གནང་མཁན་སོ་སོའི་རང་དབང་ཡིན་མོད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་བའི་རིགས་གནང་ཐལ་མེད་པའི་རེ་བསྐུལ་ཞུ་རྒྱུ་དེ་ཡིན། དེ་འདྲ་གནང་ཚེ་བཙན་བྱོལ་བོད་གཞུང་དང་སྲི་ཞུ་བ་སྒེར་གྱི་ངོས་ནས་ཁ་གཏད་གཅོག་མཁན་མ་བྱུང་ཡང༌། བོད་ཀྱི་བྱུང་རབས་ཀྱི་ཡིག་ཆ་དང༌། འབྱུང་འགྱུར་མི་རབས་རྣམས་ཀྱིས་བཟོད་པ་མི་བཞེས་པར་ངེས་པ་རེད།

ཕྲན་རང་ཉིད་དང་བོད་གཞུང་བཀའ་ཤག་གི་ངོས་ནས་བོད་ཀྱི་མི་རིགས་སུ་གཏོགས་པ་སུ་འདྲ་ཞིག་ཡིན་རུང་གཅིག་གྱུར་གྱི་མཐོང་དང་གུས་བརྩི་ཞུ་རྒྱུ་མ་གཏོགས། གང་ཟག་སོ་སཱུའི་འདས་པའི་བྱུང་རབས་དང༌། ཤོག་ཁག སྲིད་དོན་དང༌། ཡང་ན་སྤྱི་ཚོགས་ཀྱི་ལས་དོན་ནག་ཉེས་ཅན་བྱས་པ་སོགས་ལ་བརྟེན་ནས་དེ་འདྲ་བྱེད་མཁན་གྱི་གང་ཟག་ལ་དམའ་འབེབས་སམ་འཁོན་འཛིན་ནམ་ཡང་ཞུ་རྒྱུ་མིན། འཕགས་པ་ལྷས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱིས། ། ཉོན་མོངས་དང་འབྲེལ་གང་ཟག་མིན། ། ཞེས་གསུངས་པ་དང༌། བདག་ཉིད་ཆེན་པོ་གཱན་དྷཱིས་སྡིག་པ་ལ་ཞེན་ལོགས་བྱེད་པ་མ་གཏོགས། སྡིག་ཅན་ལ་ཞེན་ལོགས་བྱེད་མི་རུང་ཞེས་གསུངས་པའི་དགོངས་དོན་ཡིད་ལ་བཅངས་ཏེ་ཚུལ་མིན་གྱི་བྱ་བ་གནང་མཁན་ཚོའི་བྱ་སྤྱོད་ལ་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་རྒྱུ་ཡིན་ནའང༌། བྱེད་མཁན་གང་ཟག་ལ་འཁོན་འཛིན་དང་ཕྱོགས་འགལ་དུ་མི་བརྩི་བར་བོད་རིགས་གཅིག་གྱུར་གྱི་བརྩི་མཐོང་དང་ངན་སྤྱོད་སྤངས་ནས་བཟང་སྤྱོད་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་རེ་བའང་མུ་མཐུད་ཞུ་རྒྱུ་ཡིན། དེར་བརྟེན་བོད་གཞུང་དང་ཕྱོགས་འགལ་དང༌། རྒྱང་ཐག་རིང་པོར་བཞུགས་པའི་སྐྱོ་བོ་དེ་ཚོ་དང་མཉམ་དུའང་བོད་ཀྱི་རྩ་དོན་ཐོག་འབྲེལ་བ་དང་མཉམ་རུབ་བྱ་རྒྱུར་འཚེར་སྣང་གང་ཡང་མེད།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ངོ་མཚར་ཆེ་བའི་མཛད་རྗེས་གསུམ་པ་ནི། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱེད་པའི་སྐབས་དེའི་བོད་རྒྱལ་ཁབ་ཀྱི་ངོས་འཛིན་དང་ས་མཚམས་ལ་གལ་གནད་མ་བརྩི་བར་རིགས་རུས་དང་སྐད་ཡིག་གོམས་གཤིས་གཅིག་པའི་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆབ་སྲིད་དང་སྤྱི་ཚོགས་དུམ་བུ་གཅིག་ཏུ་གནས་ཐབས་ཁོ་ན་གཙོ་འདོན་མཛད་དེ། འདས་པའི་མི་ལོ་ ༤༢ བརྒལ་བའི་རིང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཁ་བྲལ་ཐབས་མེད་པར་ངོས་འཛིན་མཛད་དེ་སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་པའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཁག་གི་ནང་ཆོལ་གསུམ་འདྲ་མཉམ་གཅིག་གྱུར་གྱི་གོ་སྐབས་བསྩལ་བ་དང༌། རྒྱ་བོད་ཞི་མོལ་གྱི་གྲོས་གཞི་ཁག་གི་ནང་དུའང་ཆོལ་གསུམ་ཆིག་བསྒྲིལ་ནི་འདོར་ཐབས་མེད་པའི་ཆ་རྐྱེན་དུ་བཟུང་ཡོད་པ་མ་ཟད། རང་བཙན་གྱི་རྩོད་ལེན་དོར་ཏེ་རང་སྲིད་རང་སྐྱོང་གི་གནས་བབས་ངོས་ལེན་གནང་བའི་རྒྱུ་མཚན་དུ་མ་ཡོད་པའི་ནང་ཆོལ་གསུམ་ཆིག་བསྒྲིལ་དུ་གནས་ཐབས་དེ་རྒྱུ་མཚན་གཙོ་ཆེ་བ་ཞིག་ཡིན་པ་འདི་དག་ཟུབ་ཏུ་མེད་པའི་བདེན་དོན་ཞིག་ཡིན་པ་དེ་ཚང་མས་ཡང་ཡང་དྲན་གསོ་གནང་དགོས་པ་དང༌། མགོ་སྐོར་སླུ་བྲིད་ཀྱི་རྫུན་གཏམ་རིགས་ལ་དབུ་མི་འཁོར་བ་གནང་གལ་ཤིན་ཏུ་ཆེ།

མདོ་དོན་ཕྲན་གྱི་བཀའ་བློན་ཁྲི་པའི་ལས་རྒྱུན་རིང་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་གཞི་རིམ་བོད་མི་མང་ཚོགས་ལ་རྒྱབ་རྟེན་བཅོལ་ཏེ་བྱེད་རྒྱུ་ཡིན་པ་དང༌། རྩ་དོན་ཐོག་ཐེ་ཚོམས་དང་ཐག་ཆོད་དཀའ་བའི་གནས་ཚུལ་བྱུང་ཚེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་མང་ཚོགས་ཀྱི་དགོངས་ཚུལ་དང་བསྟུན་རྒྱུ་ཡིན། བཙན་བྱོལ་བོད་གཞུང་གི་ལས་དོན་རྣམས་ཚགས་ཚུད་འཐུས་ཚང་ཡོང་མིན་སྲི་ཞུ་ལས་བྱེད་པའི་ལྷག་བསམ་དང་མཁྱེན་འབྱོན་བརྩོན་འགྲུས་བཅས་ལ་རག་ལུས་གཤིས། དབུས་མཐའི་གཞུང་ཞབས་ཆེ་ཕྲ་ཚང་མས་ལྷག་བསམ་རྣམ་དག་གིས་ལས་དོན་ཐོག་ཧུར་བརྩོན་ཆེ་བསྐྱེད་དང༌། ལྷག་པར་དྲང་བདེན་དང་གཞུང་དངུལ་ཆུད་ཟོས་སུ་མི་འགྲོ་བའི་འདུ་འགོད་ཚད་ལྡན་བྱ་རྒྱུའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུ་མ་ཟད། སྲི་ཞུ་བ་མཐོ་དམན་སུ་ཐད་ནས་དྲང་བདེན་མིན་པའི་ཕྱོགས་ལྷུང་དང༌། གཞུང་དོན་རས་འབོར། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཕྲ་མོ་ཙམ་བྱུང་ཕྱིན་རང་བཞིན་ཟོམ་འཇོག་མིན་པར་བཏང་འཛིན་ཡན་པོར་མ་སོང་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

རྒྱ་གར་ནི་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་བོད་དང་ཆོས་དང༌། རིག་གཞུང༌། སྤྱི་ཚོགས། དཔལ་འབྱོར། ས་མཚམས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཡུལ་ལུང་ཞིག་ཡིན་པ་མ་ཟད། ལྷག་པར་བོད་མི་རྣམས་ཀྱིས་ལོ་གྲངས་བརྒྱ་ཕྲག་བཅུ་གསུམ་ལྷག་གི་རིང་སྲོག་ལས་གཅེས་པར་བཟུང་བའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་བོད་མིའི་དགེ་རྒན་ལྟ་བུ་ཤིན་ཏུ་བཀྲིན་ཆེ་བ་ཞིག་ཡིན་པ་དང༌། ལྷག་པར་བོད་དུ་ཆབ་སྲིད་ཀྱི་འགྱུར་བ་མི་བཟད་པ་བྱུང་བའི་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུས་བོད་མི་ཁྱོན་ཆེ་བཙན་བྱོལ་སྐྱབས་བཅོལ་ཞུ་སའི་ཡུལ་ལུང་དེ་ཡིན་ལ། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་རིང་བོད་མི་བཙན་བྱོལ་བ་ཆིག་འབུམ་སྐོར་ལ་གཞིས་ཆགས་དང་སློབ་སྦྱོང༌། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆ་རྐྱེན་སོགས་རོགས་རམ་ཚད་ལས་འདས་པ་གནང་བ་སོགས་མདོར་ན་བོད་མི་རིགས་ཀྱི་ངོས་འཛིན་ད་བར་རྒྱུན་གནས་ཐུབ་པ་དང༌། ྋགོང་ས་ཆེན་པོའི་སྐུའི་ཉེན་སྲུང་དང་རྒྱལ་སྤྱིའི་ནང་འཕྲིན་ལས་ཁྱབ་སྤེལ་གྱི་མཐུན་རྐྱེན་བླ་མེད་སྒྲུབ་པར་མཛད་པ་སོགས་བོད་མི་སྤྱི་ལ་ཤིན་ཏུ་བཀྲིན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དེའི་བཀྲིན་སྙིང་བཅངས་ཀྱིས་གཞུང་འབངས་གཉིས་ཐད་ནས་རྒྱ་གར་གཞུང་དང་མི་མང་ལ་མཐུན་འགྱུར་ཞབས་འདེབས་གང་ཐུབ་རྒྱུན་དུ་བསྒྲུབ་དགོས་པ་མ་ཟད། བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ཇི་འདྲ་ཞིག་ཡིན་རུང་རྒྱ་གར་གྱི་ཁེ་ཕན་ལ་གནོད་སྐྱོན་དུ་མི་འགྲོ་བ་ཞིག་བྱེད་དགོས་པའི་འདུ་ཤེས་དང་ཆོད་སེམས་བརྟན་པོ་ཡོད།

རྒྱལ་སྤྱིའི་ནང་དྲང་བདེན་ལ་དགའ་བའི་མི་ཚོགས་ཧ་ཅང་མང་པོས་མ་བསྐུལ་དྭང་བླངས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྣ་ཚོགས་རང་དོན་རང་གཅེས་ཀྱི་ཚུལ་དུ་གནང་བཞིན་པ་དེ་དག་ཡི་རངས་བསྔགས་བརྗོད་ཀྱི་ཡུལ་དུ་ཆེ་ཞིང༌། བོད་མིར་ཉམ་ང་ཆེ་བའི་དུས་སྐབས་འདིར་གདུང་སེམས་མཉམ་བསྐྱེད་གནང་བ་དེ་ཤིན་ཏུ་རིན་ཐང་ཆེ་བ་ཞིག་ཡིན་པ་དང༌། བོད་ཀྱི་བྱུང་བའི་ནང་ཟུབ་ཐབས་མེད་པའི་ལེའུ་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུ་མ་ཟད། བཙན་བྱོལ་གཞུང་གི་ངོས་ནས་འབྲེལ་མཐུད་དང་མཉམ་རུབ་སྔར་ལྷག་བྱེད་རྒྱུའི་འདུན་པ་ཡོད།

བོད་མི་ཕལ་མོ་ཆེ་ཆོས་དང་ལས་འབྲས་ལ་ཡིད་ཆེས་ཡོད་པ་ཡིན་སྟབས་བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་རྣམ་དཀར་ཆོས་སྤྱོད་ཀྱི་བྱ་བ་ལ་སྤྱི་སྒེར་ཚང་མས་བརྩོན་པ་མི་ལྷོད་པ་དང༌། ལྷག་པར་ཆོས་བྱེད་དགེ་འདུན་པ་རྣམས་ཀྱི་བསླབ་ཁྲིམས་རྣམ་པར་དག་པའི་ཐོག་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་སྤྱི་དང༌། ཁྱད་པར་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཐུགས་སྨོན་ནན་གཟབ་གནང་བའི་རེ་བསྐུལ་ཡང་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཞུ་རྒྱུ་བཅས་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་བོད་རྒྱལ་ལོ་ ༢༡༢༨ ལྕགས་སྦྲུལ་ཟླ་ ༧ ཚེས་ ༡༨ ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༥ བཟང་པོར།