༧གོང་ས་མཆོག་གི་མཛད་ཆེན་གསུམ་གྱི་སྐོར་ངོ་སྤྲོད་གསུང་བཤད།

༄༅། །སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་བཀའ་ཁྲི་མཁས་དབང་ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བསྐྱངས་སྐྱོང་བཞིན་པའི་བླ་ན་མེད་པའི་མཛད་ཆེན་རྣམ་གསུམ་མམ་ཐུགས་བསྐྱེད་རྣམ་གསུམ་དང་འབྲེལ་བའི་ཐོག་དུས་རབས་ཉེར་གཅིག་པའི་ནང་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ།
༄༅། །སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམ་པ་ཚོར་ཐོག་མར་འཚམས་འདྲི་དང༌། གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་མཆོག་ནས་གསུངས་པ་ལྟར། དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་གསུམ་དང་འབྲེལ་བའི་དུས་རབས་ཉེར་གཅིག་པའི་ནང་དུ་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཐོག་ནས་གཏམ་བཤད་བྱེད་རོགས་ཞེས་གསུངས་པ་ལྟར། རྣམ་རྒྱལ་ནི་སྐུ་བཅར་གྲྭ་ཚང་ཞེས་སྔར་བོད་དུ་ཡོད་དུས་ནས་རེད། དེས་ན་རྒྱལ་བ་རིན་པོ་ཆེའི་སྐུ་བཅར་གྱི་གྲས་སུ་བརྩིས་ཏེ་སྔར་ང་ཚོ་བོད་དུ་ཡོད་སྐབས་ཚང་མས་སྲི་ཞུ་གུས་འདུད་དང་སྐྱབས་གནས་གཙོ་བོར་བཟུང་བའི་གྲྭ་ཚང་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོའི་དུས་ཟིང་གི་རྗེས་སུ་ཐོག་མར་བཞུགས་སྒར་རྡ་སར་འབྱོར་བའི་སྐབས་སུ་གྲྭ་ཚང་གི་སྐུ་ཞབས་ཉུང་ཤས་ཤིག་ལས་མེད་པ་སྟེ། སྐབས་དེར་བཞུགས་སྒར་དུ་གསོལ་ཚོགས་འཚོགས་པའི་སྐབས་སུ་གཟིམ་ཆུང་དབུས་མའི་ནང་དུ་ཚང་མ་གཤོང་བའི་ཚོད་ཙམ་ལས་མེད། དེ་རྗེས་མུ་མཐུད་ནས་གྲྭ་ཚང་ཡར་རྒྱས་ཆེན་པོ་ཕྱིན་ཏེ་ད་ཆ་དགེ་འདུན་འདུས་ཚོགས་ཧ་ཅང་ཆེན་པོ་དང༌། སྔར་ནས་ཕྱག་རྒྱུན་དུ་ཡོད་པའི་ཆོ་ག་ཕྱག་ལེན་གྱིས་མཚོན་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་ཞབས་ཀྱི་ཞུ་སྒོ་རྣམས་ཧ་ཅང་ཚགས་ཚུད་གནང་བར་རྗེས་སུ་ཡི་རང་ཞུ་བཞིན་ཡོད།
ལྷག་པར་བར་ལམ་ཞིག་ནས་ཤེས་ཡོན་གྱི་ཐོག་ལ་ཐུགས་སྣང་བཞེས་ནས། གཞུང་ཆེན་མཚན་ཉིད་སོགས་ལ་གསན་བཞེས་གནང་རྒྱུ་ནི། སྔར་བོད་དུ་ཡོད་སྐབས་མ་དར་བར་བཙན་བྱོལ་དུ་གསར་གཏོད་བྱས་པ་ལྟ་བུ་ཞིག་རེད། དེ་དག་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རླབས་ཆེན་གྱི་ཕན་ཐོགས་ཡོད་པ་དང༌། མ་འོངས་པར་བསྟན་པ་དང་ཆབ་སྲིད་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་བའི་གཞི་རྩ་ཞིག་ཆགས་ཡོད། དེས་ན་བཙན་བྱོལ་བོད་གཞུང་གི་ངོས་ནས་དང༌། དེ་མཚུངས་ང་རང་སྒེར་གྱི་ངོས་ནས་གྲྭ་ཚང་གི་སྐུ་ཞབས་མི་རེ་ངོ་རེ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ལྷག་པར་འདས་པའི་ལོ་ངོ་ལྔ་བཅུའི་རིང་གྲྭ་ཚང་གི་ནང་དུ་ཐུགས་མཐུན་ཁྲིམས་གཙང་དང༌། སྒྲིག་ལམ་ཀུན་སྤྱོད་ཡག་པོ་བྱས་ནས་བཞུགས་ཐུབ་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཆགས་ཡོད་པ་རེད་བསམ་གྱི་འདུག
ཁྱེད་རང་ཚོས་མཁྱེན་གསལ་རེད། རྣམ་རྒྱལ་གྲྭ་ཚང་ནི་ྋརྒྱལ་བ་སྐུ་ཕྲེང་གསུམ་པ་ནས་བརྩིས་ན་སྐུ་བཅར་གྲྭ་ཚང་ཆགས་ནས་ལོ་ ༤༣༥ ཙམ་འགྲོ་གི་འདུག ཕན་བདེ་ལེགས་བཤད་གླིང་ཞེས་པའི་མཚན་ནི་དེ་སྔོན་ནས་ཡོད་པ་ཞིག་རེད། ྋརྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་སྐབས་ལྷན་དུ་འཁྲིད་གནང་མཛད་པའི་སྐུ་ཞབས་རྣམས་ཀྱིས་རྣམ་རྒྱལ་ཚེ་ཆོག་རྒྱུན་འདོན་དུ་གནང་བས་ན། ཕན་བདེ་ལེགས་བཤད་གླིང་ཞེས་པའི་མཚན་དེའི་ཐོག་ཏུ་རྣམ་རྒྱལ་གྲྭ་ཚང་ཞེས་སྐུ་བཅར་གྲྭ་ཚང་ཆགས་ནས་སོག་ཡུལ་དུ་ཕེབས་པའི་ལོ་ནས་བརྩིས་ན་ཕྱི་ལོ་ ༡༧༥༤ ནས་ད་ལྟ་བར་སྐུ་བཅར་གྲྭ་ཚང་ཆགས་ནས་ལོ་ ༤༣༥ ཙམ་འགྲོ་གི་ཡོད།
ང་རང་ཚོ་བོད་དང་རྒྱ་གར་གྱི་གནས་སྟངས་ཀྱི་ཐོག་ནས་བསམ་བློ་གཏོང་སྐབས་ལོ་ ༤༣༥ ཞེས་བརྗོད་སྐབས་དུས་ཡུན་དེ་ཙམ་རིང་པོ་མིན་པ་ལྟ་བུ་ཞིག་འཚོར་གྱི་ཡོད། ཨ་རིར་ལྟ་བུར་མཚོན་ན་ལོ་སུམ་བརྒྱ་བཞི་བརྒྱ་རེད་ཅེས་བརྗོད་སྐབས་དེ་ནི་ཧ་ལམ་བྱུང་རབས་ཀྱི་སྔོན་དུ་ཡིན་པ་ལྟ་བུ་ཞིག་ཏུ་བརྩིས་ཀྱི་ཡོད། དེས་ན་དུས་ཡུན་ཧ་ཅང་རིང་པོའི་བྱུང་རབས་ཡོད་པའི་གྲྭ་ཚང་ཞིག་དང༌། དེ་ཡང་རྒྱུད་པ་བར་མ་ཆད་པར་གནས་པ་ཞིག་ཡིན་སྟབས་དེ་ལ་གཟི་བརྗིད་དང་བྱིན་རླབས་ཀྱི་མཚན་ཁ་ཆེན་པོ་ཞིག་ཡོད་པ་རེད་སྙམ་གྱི་ཡོད།
དེ་རིང་གི་བརྗོད་གཞི་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྣམ་གསུམ་དང་འབྲེལ་བའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཞེས་བཞག་གནང་བ་དེ་ནི་ང་ཚོར་ཁྱེད་རང་ཚོས་ཚུར་གསུངས་དགོས་པ་ལྟ་བུ་ཞིག་ཡོད། གང་ཡིན་ཞེ་ན། སྐུ་བཅར་གྲྭ་ཚང་ནི་ག་དུས་ཡིན་ནའང་ཕོ་བྲང་གི་འདབས་ཆགས་སུ་བཞུགས་མུས་ཡིན་པ་དང༌། བཞུགས་སྒར་རྡ་སར་ཡིན་ཚེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་ཆོས་དང༌། བཀའ་སློབ་ལམ་སྟོན་མེད་ན་མ་གཏོགས་ཡོད་ཚད་ལ་མཉམ་བཅར་གནང་རྒྱུ་དང༌། ཆོས་དང་ཟང་ཟིང་ལ་སྐལ་པ་མཉམ་སྤྱོད་གནང་རྒྱུའི་སྐལ་པ་བཟང་པོ་ཡོད་མཁན་གྱི་གྲྭ་ཚང་ཞིག་རེད། ཕྱི་ལོགས་ཀྱི་ཕྱི་རྒྱལ་རྒྱལ་ཁབ་དང༌། རྒྱ་གར་གྱི་ས་གནས་གཞན་དང་གཞན་དུ་གདན་ས་ཁག་འགའ་ཞིག་ཏུ་མ་གཏོགས་ྋགོང་ས་མཆོག་གི་གསུང་ཆོས་རྒྱས་པ་དང་ཆེ་བ་ཕལ་མོ་ཆེའི་གསུང་ཞབས་སུ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ཕེབས་ཀྱི་ཡོད། ལྷག་པར་དུས་འཁོར་དབང་ཆེན་ལྟ་བུར་མཚོན་ན་གྲྭ་ཚང་གི་གསུང་ཞབས་མེད་པར་གནང་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་གི་རྒྱུན་མང་ཤོས་སུ་ལ་རག་ཡོད་ཅེ་ན། གྲྭ་ཚང་གི་སྐུ་ཞབས་རྣམས་ལ་རག་ལུས་ཡོད། ཧ་ལམ་སངས་རྒྱས་ཞལ་བཞུགས་པའི་དུས་སྐབས་སུ་ཀུན་དགའ་བོ་དང་མཚུངས་པ་ལྟ་བུ་སྐུ་ཞབས་རྣམས་རེད་ཅེས་ཞུས་ནའང་མ་འགྲིགས་པ་མེད་པ་ལྟ་བུ་ཞིག་ཡོད།
ཕྱོགས་གཞན་ཞིག་ནས་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་དང༌། མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པ། རྣམ་གྲངས་མི་འདྲ་བ་མཐའ་ལས་འདས་པ་ཞིག་ཡིན་སྟབས། ང་ལྟ་བུ་ཞིག་གིས་ཆ་ཚང་རྟོགས་པ་དང་དགོངས་པ་ལོན་པ་ཧ་ཅང་ཁག་པོ་རེད། སྤྱིར་བཏང་ང་རང་བོད་གཞུང་མང་གི་ལས་དོན་རྒྱ་གར་དུ་སླེབས་པ་ནས་བཟུང་ཞབས་ཞུ་སྒྲུབ་པ་རེད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་གསུང་ཆོས་ཉུང་ཉུང་རག་མཁན་གྱི་གྲས་ཤིག་ཡིན། ཕྱི་ལོ་ ༡༩༥༩ དང་ ༡༩༦༠ ནང་རྡ་སར་བསྡད་པའི་སྐབས་སུ་གསུང་ཆོས་མང་པོ་དེ་ཙམ་མེད་ལ། དེ་རྗེས་རྡ་ས་ནས་ཕྱིར་ལོགས་སུ་ཐོན་པ་ནས་བཟུང་ྋགོང་ས་མཆོག་གི་གསུང་ཆོས་ཧ་ཅང་ཆེ་ཁག་རེ་ཟུང་ཙམ་ལས་མང་ཆེ་བར་བཅར་ཐུབ་མེད། སྔར་བོད་དུ་སྡོད་སྐབས་ྋགོང་ས་མཆོག་གི་གསུང་ཆོས་མེད་ན་མ་གཏོགས་ཡོད་ཕྱིན་ཆད་ལ་གསུང་ཆོས་ཆེ་ཚུང་ཚང་མར་སླེབས་ཀྱི་ཡོད། རྒྱ་གར་དུ་གསུང་ཆོས་ཧ་ཅང་རྒྱ་ཆེན་པོ་གནང་གི་ཡོད་པ་མ་ཟད་དེ་ཡང་ལོ་ནས་ལོ་བསྟུད་དེ་གནང་གི་ཡོད་སྟབས། མང་ཆེ་བར་བཅར་མ་ཐུབ་པ་ཤ་སྟག་ལྟ་བུ་ཞིག་རེད། གང་ལྟར་འདས་པའི་ལོ་ངོ་དེ་དག་གི་རིང་ལ་གཏན་འཇགས་བསྡད་པའི་ཁུལ་ཡིན་ནའང་གསང་བ་རྒྱ་ཅན་གྱི་བཀའ་དབང་དེ་ཉིད་ཁྲལ་ལྟ་བུ་མ་ཆད་ཙམ་ཞིག་ཞུས་པ་ལས། དེ་མིན་གྱི་གསུང་ཆོས་མང་ཆེ་བ་གནང་སྐབས་བཅར་ཐུབ་མེད།
དེས་ན་རྒྱལ་བ་རིན་པོ་ཆེའི་མཛད་ཆེན་རྣམས་ཀྱི་སྐོར་ལ་ངས་བཤད་ཁུལ་བྱས་ན་ནོར་འཁྲུལ་ཡོང་སྲིད་པས་ཏག་ཏག་བསྡད་ཀྱི་མེད་པ་རེད་བསམ་གྱི་འདུག འོན་ཀྱང་སྔར་བོད་ཀྱི་བཤད་སྲོལ་ལ། ཀུན་དགའ་བོས་ཆོས་ཐོས་པ་མང་པོ་ཞིག་བདེ་གཤེགས་པ་ལས་གསུམ་ཆ་གཅིག་ཙམ་ཐད་ཀར་ཐོས་ཀྱང༌། གསུམ་ཆ་གཉིས་ཙམ་ཉན་ཐོས་གཞན་དང་གཞན་བརྒྱུད་ནས་ཐོས་པ་རེད་ཅེས་བརྗོད་སྲོལ་ཡོད་པ་ལྟར། གཞན་དང་གཞན་བརྒྱུད་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྗགས་རྩོམ་དང༌། སྒྲ་འཛིན་འཁོར་ཐག་ལྟ་བུ་ཕྲན་བུ་ཉན་ཡོད་ལ། དེ་མིན་དངོས་སུ་བགྲོ་གླེང་དང་བཀའ་བསྡུར་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་ཀྱང་ཕྲན་བུ་རེ་ཐོབ་ཡོད་པ་རེད། དེ་དག་གི་ཐོག་ནས་ད་ལྟ་ངས་ཞུ་རྒྱུ་ནི། ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ཇི་མ་ཇི་བཞིན་འདི་རེད་ཅེས་ངས་ཞུ་ཐུབ་ཐབས་མེད། ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ངས་གང་འདྲ་ཞིག་འཚོར་གྱི་ཡོད་པ་དང༌། ཇི་ཙམ་རྟོགས་ཀྱི་ཡོད་པ། ང་རང་གི་བསམ་ཚོད་ལ་དགོངས་པ་འདི་འདྲ་ཞིག་མིན་ནམ་སྙམ་པ་དེ་དག་ཁྱེད་རང་ཚོ་དང་མཉམ་དུ་ཐུན་མོང་དུ་བྱས་པ་ཡིན་ན་ཉེས་པ་ཨེ་ཡོད་སྙམ། གཅིག་བྱས་ན་ངས་གོ་བ་ནོར་ནས་བརྒྱབ་སྲིད་པ་རེད། ཡང་གཅིག་བྱས་ན་ངས་གོ་བ་ཏག་རྟག་བརྒྱབ་སྲིད་པའང་རེད། དེས་ན་ངས་ཞུས་པ་རྣམས་ནི་ང་རང་གི་བསམ་ཚུལ་དང༌། ང་རང་གི་གོ་ཚུལ་ཡིན་པ་ལས་དེ་ནི་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ཡིན་སྲིད་ལ། ཡང་ངས་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་མ་རྟོགས་པ་ཡང་ཡིན་སྲིད། དེས་ན་ཚང་མས་དཔྱད་པ་གནང་དགོས་པ་ཡིན་ཞེས་ཞུ་རྒྱུ་ཡིན།
སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་བཟུང་ནས་ད་བར་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་སྤྲུལ་ལམ་བཀོད་པ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང༌། མཁས་དབང༌། གྲུབ་ཐོབ། གཏེར་སྟོན། ཐ་ན་བྱ་དང་རི་དྭགས་དང༌། གཟིངས་དང་ཟམ་པ་ཚུན་ཆད་ཀྱི་རྣམ་པར་བསྟན་ནས་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་པ་ཞིག་བཞེས་ཡོད་པ་ང་ཚོས་བཤད་ཀྱི་ཡོད་ལ། ལྷག་པར་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་བཞི་པའི་ནང་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་སྟེ་ད་ལྟ་བར་གསུམ་ལྡན་ངུར་སྨྲིག་འཛིན་པའི་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱི་རྣམ་པར་བྱོན་ནས་ད་ལྟ་སྐུ་ཕྲེང་བཅུ་བཞི་བར་བྱོན་ཟིན་པ་ཞིག་རེད། དེས་ན་སྐུ་ཕྲེང་བཅུ་བཞིའི་ནང་ནས་སྐུ་ཕྲེང་དགུ་པ་དང༌། བཅུ་པ། བཅུ་གཅིག བཅུ་གཉིས་པ་བཅས་སྐུ་ཕྲེང་བཞི་པོ་སྐུ་ན་ཆུང་ངུའི་སྐབས་ནས་དགོངས་པ་གཞན་དོན་དུ་གཤེགས་པ་ཡིན་སྟབས། དེ་ཙམ་གྱི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་བྱུང་མེད་པ་ལས། དེ་འཕྲོས་ཀྱི་སྐུ་ཕྲེང་བཅུ་པོ་རྣམས་བསྟན་པ་དང་ཆབ་སྲིད། བོད་འབངས་སྤྱིའི་དོན་ལ་ཐུགས་བསྐྱེད་མཛད་འཕྲིན་ནམ་མཁའ་དང་མཉམ་པ་བསྐྱངས་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་གངས་ཅན་གྱི་ལྗོངས་ཞེས་པ་འདི་ཉིད་འཛམ་གླིང་འདིའི་ཐོག་ཆོས་དང་རིག་གཞུང་ལེགས་བྱང་བཟང་པོའི་གོང་བུ་ལྟ་བུ་ཞིག་ཏུ་བརྩི་བའི་གཞི་རྟེན་ནི་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བསྐྲུན་པ་ཡིན་སྟབས་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། དེ་ལྟར་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་ནང་ནས་རླབས་ཆེན་གྱི་མཛད་པ་མཐའ་ཡས་པ་བསྐྱངས་པས་འཛམ་གླིང་གི་ཡུལ་གྲུ་ཧ་ཅང་མང་པོའི་ནང་དུ་ཞབས་ཀྱིས་བཅགས་མཁན་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་མ་གཏོགས་བྱུང་མེད།
ཕྱི་ལོ་ ༡༩༥༢ ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ཞལ་མཇལ་ཐོབ་པ་ཡིན། ྋརྒྱལ་དབང་འདིའི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུ་བྱུང་བ་དེ་ཡང་གསུང་ཆོས་ར་བར་སྐྱེ་རབས་སོ་བཞི་པའི་གསུང་ཆོས་གནང་སྟེ་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་སྐྱེ་རབས་དེ་ཉིད་བཀའ་ཆོས་གནང་སོང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐབས་དེར་དགུང་ལོ་ ༡༦ དང༌། ང་རང་སྐབས་དེར་ལོ་བཅུ་གསུམ་བཅུ་བཞི་ཙམ་ཞིག་རེད། དུས་དེ་ནས་བཟུང་དུས་ད་ལྟ་བར་དུ་གསུང་གི་བདུད་རྩི་ཧ་ཅང་མང་པོ་ཞིག་ཞུ་བའི་གོ་སྐབས་བྱུང་བ་རེད།
ཕྱི་ལོ་ ༡༩༥༢ ལོའི་སྟོན་ཁར་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་ལམ་རིམ་འབྲིང་པོའི་གསུང་ཆོས་རྒྱས་པ་ཞིག་གནང་ཞིང༌། སེམས་བསྐྱེད་ཀྱི་ཆོ་ག་དང་བཅས་གསུང་ཆོས་གྲུབ་པའི་ཉིན་དེར་བསྔོ་བ་སྦྲགས་ཏེ་བཀའ་སློབ་རྒྱས་པོ་ཞིག་གནང་བའི་སྐབས་སུ་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་དང༌། ྋརྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་གསུམ་པོ་བསྡོམས་པ་ལས་མཛད་པ་འཕྲིན་ལས་རྒྱས་པ་ཞིག་དང༌། ྋརྒྱལ་དབང་དེ་གསུམ་བསྡོམས་པ་ལས་སྐུ་ཡོན་རྒྱས་པ་ཞིག་ཕེབས་རྒྱུར་ཐེ་ཚོམ་མི་དགོས་ཞེས་བཀའ་སློབ་གནང་ཞིང༌། སྐབས་དེར་ཞལ་ཤོབ་དང་བཅས་ང་སྡེ་པ་གཞུང་གི་ལྟོ་གཟན་པ་ཞིག་ཡིན་སྟབས། སྤྲེལ་ལད་བཤད་པ་རེད་བསམ་པ་མ་དྲན་ཨང༌། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་རྒྱབ་འཁྱོག་ན་ྋརྒྱལ་དབང་སྐུ་ཕྲེང་འདི་ཉིད་སྔར་མ་བྱུང་བའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་སྐྱེས་བུ་དམ་པ་ཁྱད་པར་བ་ཞིག་བྱོན་པ་ལ་ངེས་པ་ཡིན། དེས་ན་ཚང་མ་གསོལ་བ་སྨོན་ལམ་འདེབས་དགོས་པ་ཡིན་ཞེས་བཀའ་སློབ་སྩལ་སོང༌། སྐབས་དེར་ང་རང་ཕྲུག་གུ་ཆུང་ཆུང་གི་བསམ་བློའི་ནང་ྋརྒྱལ་བ་སྐུ་ཕྲེང་དང་པོ་དང༌། སྐུ་ཕྲེང་ལྔ་པ། བདུན་པ་བཅས་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་མཁས་པའི་མཛད་པ་རྒྱས་ཤོས་དེ་ཡིན་པས་དེ་གསུམ་བསྡོམས་པ་ནི་གང་འདྲ་ཡིན་ནམ། དེ་ནི་བློ་ཡུལ་དུ་མི་གཤོང་བ་ལྟ་བུ་རེད་བསམ་པ་དྲན་མྱོང༌། ད་ལྟ་ཕྱིར་བལྟས་སློག་ནས་བལྟ་སྐབས་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་སྐབས་དེར་གསུངས་པ་དེ་དངོས་གནས་ངེས་པ་དོན་གྱི་གསུང་བརྗེན་པ་ཞིག་རེད་འདུག་བསམ་པ་དྲན་གྱི་ཡོད།
དེ་ལྟ་བུའི་མཛད་པ་འཕྲིན་ལས་བསྐྱངས་གནང་བའི་སྐུ་ཕྲེང་བཅུ་བཞི་པའི་རླབས་ཆེན་གྱི་མཛད་ཆེན་གསུམ་ཞེས་པ་ཞིག་ཁྱེད་རང་ཚོས་ངོས་འཛིན་གནང་ཡོད་ཅིང༌། མཛད་འཕྲིན་གསུམ་ཞེས་ངོས་འཛིན་གནང་བ་དེ་ནི་སྐུ་མདུན་ནས་ནམ་རྒྱུན་དམིགས་བསལ་ཐུགས་བསྐྱེད་ཀྱི་སྐོར་ལ་བཀའ་གནང་སྐབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཐུགས་བསྐྱེད་དང་པོ་དང༌། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བའི་འབད་བརྩོན་གནང་རྒྱུ་དེ་ཐུགས་བསྐྱེད་དམ་བཅའ་གཉིས་པ། བོད་མི་ཞིག་ཡིན་པ་དང༌། བོད་པའི་དབུ་འཁྲིད་ྋསྐྱབས་མགོན་རིན་པོ་ཆེ་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་སྐྱེ་འགྲོའི་བདེ་ཐབས་དང༌། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་བྱ་རྒྱུ་སོགས་ཀྱི་ཐོག་ལ་ཐུགས་འགན་བཞེས་པའི་ཐུགས་བསྐྱེད་གསུམ་པ་དེ་ཡིན་ཞེས་བཀའ་གནང་གི་ཡོད། དེ་ལ་ཁྱེད་རང་ཚོས་མཛད་ཆེན་གསུམ་ཞེས་ངོས་འཛིན་བྱས་ནས་ད་ལན་ང་ལ་གཏམ་བཤད་ཞུ་རྒྱུའི་བརྗོད་གཞིར་བཞག་པ་ཡིན་འདུག དེ་ནི་དངོས་གནས་ཁྱེད་རང་ཚོས་གོ་བ་ལེན་སྟངས་དང༌། འདེམས་སྒྲུག་བྱེད་སྟངས་དེ་ཧ་ཅང་ཡག་པོ་ཞིག་བྱུང་བ་རེད་བསམ་གྱི་ཡོད། དེས་ན་མཛད་ཆེན་གསུམ་པོ་དེ་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡན་ཆད་ཀྱིས་ཞལ་གསལ་པོ་བྱས་ནས་མ་གསུངས་པ་དང༌། ཕྱག་ལེན་དུ་བསྟར་མ་ཐུབ་པའི་འཕྲིན་ལས་ཀྱི་ཆ་ཤས་སམ། སྐུ་ཕྲེང་བཅུ་བཞི་པ་རང་ཉིད་ཀྱིས་གསར་གཏོད་ཀྱི་ཁྱད་ཆོས་དམིགས་བསལ་ཞིག་ཆགས་ཡོད།
ཕྱོགས་གཞན་ཞིག་ནས་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡན་ཆད་ལ་ཧ་ལས་ན་བོད་དང༌། སོག་པོ། རྒྱ་ནག་དེ་ཙམ་གྱི་སྐྱེ་འགྲོའི་བདེ་ཐབས་ལ་མཛད་པ་འཕྲིན་ལས་བསྐྱངས་པ་ལས། འཛམ་གླིང་ཁྱོན་ཡོངས་ཀྱི་སྐྱེ་འགྲོ་ཡོངས་ལ་མཉམ་པར་གནང་རྒྱུའི་གོ་སྐབས་ཤིག་བྱུང་མེད། དེ་ཡང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ཉིད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་སྟབས། མཛད་ཆེན་གསུམ་པོ་འདི་ཡང་དེ་དང་དེ་བཞིན་གྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཆགས་ཡོད་པ་རེད། དེ་ཁྱེད་རང་ཚོས་ངོས་འཛིན་གནང་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་ཡོད།
ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་མཛད་པ་འཕྲིན་ལས་འདི་དག་ལ་དམིགས་བསལ་དོ་སྣང་བྱས་ཏེ་སློབ་སྦྱོང་དང་ཉམས་བཞེས་བྱེད་མཁན་ཕྲན་བུ་ཉུང་བ་ལྟ་བུ་ཞིག་ཡོད། ཧ་ལམ་གྲོང་པའི་བླ་མ་ལྟ་བུར་རྒྱུན་དུ་མཇལ་ཆོག་ཆོག་ཅིག་དང༌། གསུང་ཆོས་ཀྱང་ཉན་ཆོག་ཆོག་ཡོད་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་དཀོན་པའི་འདུ་ཤེས་དེ་ཙམ་མི་འདུག དཀོན་པའི་འདུ་ཤེས་མེད་ཚེ་དེ་ལ་གཅེས་པའི་འདུ་ཤེས་ཡང་ཡོང་དཀའ་བ་ཡིན། ལེགས་སྦྱར་སྐད་དུ་དཀོན་མཆོག་ཅེས་པའི་ཚིག་གི་ནང་དུ་དཀོན་པའི་དོན་དངོས་སུ་མེད། འོན་ཀྱང་དོན་ལ་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །ཞེས་སོགས་ཀྱི་ཚིག་ནས་དྲངས་ཏེ་བོད་སྐད་ཀྱི་སྐྱབས་གནས་ལ་དཀོན་མཆོག་ཅེས་དཀོན་པའི་ཚིག་དེ་སྦྱར་ཡོད་པ་ཡིན། དེ་ལྟར་དཀོན་པའི་ཚིག་སྦྱར་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དཀོན་མཆོག་ལ་དཀོན་པའི་འདུ་ཤེས་སྐྱེ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དཀོན་པའི་འདུ་ཤེས་མེད་ན་དེ་ལ་མཆོག་གི་འདུ་ཤེས་མི་ཡོང་བ་དང༌། གཅེས་པར་འཛིན་པའི་འདུ་ཤེས་ཡོང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། བོད་མི་རྣམས་ལ་ྋརྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཞུ་རྒྱུ་དང་གསུང་ཆོས་ཞུ་རྒྱུ་བཅས་ལ་དཀོན་པའི་འདུ་ཤེས་མེད་པ་ལྟ་བུ་ཞིག་དང༌། ནུབ་ཕྱོགས་པ་ལྟར་དེ་ཙམ་གྱི་དོ་སྣང་བྱེད་མཁན་མེད་པ་རེད།
ད་ལྟ་ཕན་ཆད་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ཡིག་ཐོག་ཏུ་ཕབ་ནས་འབྲི་བཤུའི་ལས་འགུལ་བྱེད་མཁན་ནུབ་ཕྱོགས་ཀྱི་མགོ་སེར་བ་ཤ་སྟག་ཡིན་པ་ལས། བོད་པ་རང་ཉིད་ཀྱི་ནང་ནས་དམིགས་སུ་བཀར་ནས་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་ྋསྐྱབས་མགོན་པོ་ཆེའི་བཀའ་སློབ་ལམ་སྟོན་དང༌། མཛད་པ་འཕྲིན་ལས་ལ་དོ་སྣང་བྱེད་མཁན་དཀོན་པོ་ཆགས་ཡོད། དེ་ལྟ་བུའི་གནས་སྐབས་སུ་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་གཞོན་གྲས་རྣམས་ནས་ྋརྒྱལ་བ་རིན་པོ་ཆེའི་མཛད་ཆེན་གསུམ་གྱི་སྐོར་ལ་ཐུགས་སྣང་གནང་བ་དེ་ནི་ཧ་ཅང་དགའ་པོ་བྱུང༌། ཁྱེད་རང་ཚོས་གཏན་གཏན་ཐུགས་སྣང་གནང་གི་འདུག་དེའི་ཐོག་ལ་སེམས་འཁྲལ་བྱེད་དགོས་པ་མི་འདུག་བསམ་པའི་འདེང་སྤོབས་རྙེད་སོང༌། དེའི་དབང་གིས་དེ་རིང་ལས་འབྲེལ་ཡོད་མེད་ལ་མ་བལྟོས་པར་ཆེ་བཞག་ཆུང་བསྐྱུར་བྱས་ནས་གཏམ་བཤད་བྱས་ན་ཡག་པོ་ཡོང་ས་རེད་བསམ་ནས་བཅར་བའི་རྒྱུ་མཚན་འདི་ལྟར་རེད།
སྐུ་མདུན་ནས་བཀའ་གནང་ཕྱོགས་གཅིག་ལ་མང་ཆེ་བར་ཐུགས་བསྐྱེད་དམ་བཅའ་གསུམ་ཞེས་བཀའ་གནང་གི་ཡོད། ཡང་ལོ་ཤས་ཀྱི་སྔོན་བར་ཐོག་མའི་སྐབས་སུ་ཐུགས་བསྐྱེད་བཞི་ཞེས་པ་ཞིག་ཀྱང་བཀའ་གནང་ཡོད། དེ་གཉིས་གདམ་གའི་ཚུལ་ལྟར་དུ་གསུངས་ཡོད། སྤྱིར་བཏང་གསུམ་གྱི་ནང་དུ་དམ་བཅའ་བཞི་པ་དེ་ཡང་བསྡུས་ཡོད་པས་འཚམས་རེ་གསུམ་མ་གཏོགས་བཀའ་གནང་གི་མེད། ཐུགས་བསྐྱེད་དམ་བཅའ་བཞི་བཀའ་གནང་སྐབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང༌། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། ནང་པ་ཞིག་ཡིན་པའི་ཆ་ནས་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང༌། ནང་པའི་ཆོས་བརྒྱུད་ནང་ཕན་ཚུན་ལ་གོ་རྟོགས་དང་མཐུན་སྒྲིལ་ཡར་རྒྱས་གཏོང་རྒྱུ། བོད་པའི་དབུ་འཁྲིད་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་བཅས་བཀའ་སློབ་རྙིང་མ་མང་པོའི་ནང་ཕྱིར་བལྟས་སློག་ནས་གཟིགས་ན་བཞི་བརྩིས་གནང་བའི་གོ་སྐབས་མང་པོ་ཞིག་བྱུང་ཡོད། འོན་ཀྱང་བར་ལམ་ཞིག་ནས་གསུང་པ་མང་པོ་ཞིག་གི་ནང་དུ། ཆོས་ལུགས་གཉིས་གཅིག་སྒྲིལ་གནང་ནས་དོན་ཚན་གསུམ་གྱི་ཐོག་གསུང་པ་དེ་ཅུང་ཟད་མང་བ་ཡོང་གི་འདུག དེ་ལྟར་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་ནི་ྋརྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྔོན་མེད་ཀྱི་མཛད་འཕྲིན་གསར་གཏོད་ཀྱི་རྣམ་པ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་པ་ཡིན། དེ་མིན་ཚན་རིག་དང་སྒྱུ་རྩལ་སོགས་ཀྱི་ཐོག་ཏུ་སྔར་མ་གྲགས་པའི་གསར་གཏོད་བྱས་པ་ཡིན་ན། དེ་ལ་གསར་གཏོད་དང༌། ངོ་མ་སོགས་ཀྱི་ཁྱད་ཆོས་མང་པོ་སྦྱར་ནས་རྩ་ཆེན་པོར་བརྩི་གི་ཡོད། ང་ཚོས་རྩ་ཆེན་པོ་ལ་རྩ་ཆེན་པོ་ཡིན་པ་ངོས་ཟིན་དགོས་པ་དང༌། དེའི་རིན་ཐང་ལ་ཚོད་དཔོག་བྱེད་དགོས་པ་ཞིག་རེད་བསམ་གྱི་ཡོད།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གསུམ་མམ་ཡང་ན་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་ཞེས་པ་ཡོང་སྟངས་ཇི་ལྟར་ཡོང་བ་དང༌། དེའི་རྒྱབ་ལྗོངས་སམ་དེའི་དགོས་མཁོ་གང་འདྲ་བྱས་ནས་ཆགས་པ་རེད་དམ། སངས་རྒྱས་རང་རང་འཇིག་རྟེན་དུ་བྱོན་སྐབས་གདུལ་བྱ་འདྲེན་ཚུལ་མི་འདྲ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་སྟངས་མི་འདྲ་བ་ཇི་སྙེད་ཅིག་ཡོང་གི་ཡོད། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྐབས་དེ་དང་དེའི་སྤྱི་ཚོགས་དང་གདུལ་བྱའི་ཀུན་སློང་དང་གནས་བབ་ལ་གཟིགས་པས་ན་མི་འདྲ་བ་དེ་ལྟར་ཡོང་བ་ཞིག་ཡིན། ད་ལྟའི་མཛད་ཆེན་གསུམ་པོ་འདི་ཡང་དུས་རབས་ཉི་ཤུ་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་འཇིག་རྟེན་སྤྱིའི་འགྲོ་བ་མིའི་གནས་སྟངས་དང༌། འགྲོ་བ་མིའི་སྡུག་བསྔལ་སོགས་དངོས་ཡོད་ཀྱི་གནས་སྟངས་ལ་གཟིགས་ནས་ད་ལྟའི་ཐུགས་བསྐྱེད་དམ་བཅའ་རྣམས་ཡོང་སྟངས་འདི་ལྟར་ཡིན་ཞེས་ཞུས་ན་འགྲིག་གི་རེད་སྙམ།
ད་ལྟ་ང་ཚོ་ནང་པའི་ཤོད་སྟངས་ལྟར་བྱས་ན། དེང་སྐབས་སྙིགས་མ་ལྔ་བདོའི་དུས་ཚོད་རད་ཅེས་བརྗོད་ཀྱི་ཡོད། སྙིགས་མ་ལྔ་བདོའི་དུས་ཚོད་ཅེས་བརྗོད་སྐབས་དུས་ཚོད་ཀྱི་ནང་ནས་སྐྱོ་ཤོས་དེ་ཆགས་ཡོད། ནང་པ་དང་དེང་རབས་ནུབ་ཕྱོགས་པས་འཇིག་རྟེན་གྱི་རྣམ་གཞག་ལ་ལྟ་སྟངས་མི་འདྲ་བ་གཉིས་ཡོད། ང་ཚོ་ནང་པ་དང་ཤར་ཕྱོགས་པ་རྣམས་ཀྱིས་བསམ་པ་ལ། འཇིག་རྟེན་འདི་ཐོག་མར་ཆགས་སྐབས་དུས་ཚོད་ཡག་པོ་ཞིག་ཡིན་ལ། བསྐལ་པ་རྫོགས་ལྡན་དང༌། བསྐལ་པ་གསུམ་ལྡན། བསྐལ་པ་གཉིས་ལྡན། དེ་ནས་རྩོད་ལྡན་བཅས་རིམ་པར་བྱུང་ཞིང༌། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་འདིར་སྙིགས་མ་ལྔ་བདོའི་དུས་ཞེས་དེང་སྐབས་དུས་ཚོད་སྡུག་ཤོས་ལྟ་བུ་ཞིག་ཏུ་བརྩིས་ཀྱི་ཡོད། རྫོགས་ལྡན་གྱི་དུས་སུ་མི་རྣམས་རང་བཞིན་གྱིས་ཆོས་ལ་སྤྱོད་པ་ལས་ཆོས་མ་ཡིན་པའི་བྱ་བ་གང་ཡང་མི་བྱེད་པ་ཡིན། ཆོས་མ་ཡིན་པའི་བྱ་བ་གཅིག་འཇིག་རྟེན་དུ་བྱུང་བའི་སྐབས་སུ་བསྐལ་པ་དེ་རྫོགས་ལྡན་མིན་པར་གསུམ་ལྡན་ཞེས་བརྗོད་པ་དང༌། ཆོས་མ་ཡིན་པའི་བྱ་བ་གཉིས་བྱུང་སྐབས་གཉིས་ལྡན་དང༌། ཆོས་མ་ཡིན་པའི་སྡིག་པ་མི་དགེ་བའི་ལས་ཚང་མ་བྱེད་པའི་སྐབས་སུ་རྩོད་ལྡན་གྱི་དུས་ཞེས་བརྗོད་ཀྱི་ཡོད། ནང་པའི་ལྟ་སྟངས་དེ་ཉིད་ཡིན་ལ། ནང་པ་ལས་གཞན་པའི་རྒྱ་གར་གྱི་ཆོས་བརྒྱུད་གཞན་དག་གིས་ཀྱང་ལྟ་སྟངས་དེ་རང་ཡིན། དེས་ན་ད་ལྟའི་དུས་ཚོད་ནི་གཉན་འཕྲང་ཅན་དང༌། ཛ་དྲག་གི་བསྐལ་པ་ངན་པ་ཞིག་ལ་ང་རང་ཚོས་བརྩིས་ཀྱི་ཡོད།
འོན་ཀྱང་ནུབ་ཕྱོགས་པ་དང༌། དེང་རབས་པ་རྣམས་ཀྱི་ཇི་ལྟར་བརྗོད་ཀྱི་ཡོད་ཅེ་ན། སྔར་གྱི་མི་རྣམས་ཀྱིས་གང་ཡང་མི་ཤེས་པ་དང༌། གང་འཚམས་ནས་རྡོ་དང་ལྕགས་རིགས་ཀྱི་ལག་ཆ་རིམ་བཞིན་བེད་སྤྱོད་བྱས་པ་དང༌། ཐོག་མར་རྐང་ལག་བཞི་ཀ་ས་ལ་བཙུགས་ནས་འགྲོ་བ་དང༌། དེ་ནས་རིམ་བཞིན་ཡར་ལངས་ནས་ད་ལྟ་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་རྩེ་མོར་སོན་ནས་མི་རྣམས་བསམ་བློ་ཡག་ཤོས་དང༌། རིག་པ་བཟང་ཤོས་ཀྱི་སྐབས་སུ་སླེབས་ནས་ཡར་རྒྱས་ཀྱི་རྩེ་མོར་སླེབས་པའི་སྐབས་ཤིག་ལ་བརྩིས་ཀྱི་ཡོད། དེ་ནི་འཇིག་རྟེན་གྱི་ལྟ་ཚུལ་མི་འདྲ་བ་ཞིག་ཡིན་པ་ལས། ང་ཚོ་རྡོའི་དུས་རབས་ནས་བཟུང་ཡར་རྒྱས་ཕྱིན་ཏེ་མེ་ཤུགས་འཕུར་མདེལ་གྱི་དུས་རབས་ལ་སླེབས་པའམ། བསྐལ་པ་རྫོགས་ལྡན་ནས་མར་ཉམས་ཏེ་རྩོད་ལྡན་དུ་སླེབས་པ་གང་ཞིག་ཡིན་ནའང༌། ད་ལྟ་འཛམ་གླིང་གི་འགྲོ་བ་མི་རྣམས་སྐྱིད་པོ་ཞིག་དང༌། བག་ཕེབས་པོ་ཞིག་མེད་པ་འགྲེལ་བརྗོད་བྱ་མི་དགོས་པར་ང་ཚོ་ཚང་མའི་མཐོང་ཆོས་སུ་ཡོད་པ་འདི་ཉིད་ཡིན།
ང་ཚོ་ནང་པས་སྙིགས་མ་ལྔ་ཞེས་བརྩིས་སྐབས། སེམས་ཅན་སྙིགས་མ་དང༌། དུས་སྙིགས་མ། ཉོན་མོངས་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིགས་མ་བཅས་ལ་བརྗོད་ཀྱི་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེ་ལ་བསྡོམས་སྐྱོན་སྐབས་སྐྱོན་ཚུལ་ཅུང་ཟད་མི་འདྲ་བ་ཞིག་ཡོད། ད་ལྟའི་འཇིག་རྟེན་གྱི་སའི་གོ་ལ་འདིའི་ཐོག་ཏུ་ཡོད་པའི་མི་རྣམས་ཀླན་ཀ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་ཞེས་གསུངས་ཡོད། ཀླན་ཀ་ཆེན་པོ་ལྔའི་གདོང་ལེན་ནི་སྙིགས་མ་ལྔ་ལ་གསུང་སྟངས་གསར་པའམ་འགྲེལ་བརྗོད་གནང་སྟངས་གསར་པ་ཞིག་ཡིན། ད་ལྟ་ང་ཚོ་ཀླན་ཀའམ་ཉེན་ཁ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་པའི་དབང་གིས་སྐྱེ་བོ་རྣམས་ཧ་ཅང་སྡུག་བསྔལ་གྱིས་མནར་བའི་སྐབས་ཤིག་ཆགས་ཡོད་པ་དང༌། ཧ་ལམ་ས་ཡི་གོ་ལ་འདི་ཆགས་འཇིག་གི་ས་མཚམས་སུ་སླེབས་པ་ལྟ་བུ་ཞིག་ཏུ་གཟིགས་ཀྱི་ཡོད་ལ། དེ་ལྟར་གཟིགས་པ་དེ་དངོས་ཡོད་གནས་ཚུལ་ཡིན་པ་ལས། སྙན་ངག་མཁན་གྱི་སྒྲོ་བཏགས་པ་ལྟ་བུ་མིན།
དེའི་ནང་གི་ཀླན་ཀའམ་དཀའ་ངལ་དང་པོ་ནི། མི་འབོར་ཚད་ལས་བརྒལ་བའི་འཕེལ་རྒྱས་འགྲོ་བ་དེ་ཡིན། མི་འབོར་མཐའ་མེད་པ་འཕེལ་རྒྱས་ཕྱིན་པའི་དབང་གིས་དགོས་མཁོའི་མཐུན་རྐྱེན་ཅི་ཙམ་ཞིག་ཡོད་ཀྱང་མཐུན་རྐྱེན་གྱིས་མ་འདང་བར་ནམ་དུ་ཡང་དངུལ་ཕོངས་ཀྱི་སྡུག་བསྔལ་དང༌། མི་འདང་བའི་སྡུག་བསྔལ་ཡོད་མུས་ཡིན། དགོས་མཁོའི་མཐུན་རྐྱེན་ཇི་ཙམ་བསྐྲུན་ན་ཡང༌། མཐུན་རྐྱེན་དེའི་ཡར་རྒྱས་ཀྱི་མགྱོགས་ཚད་དང༌། མི་འབོར་འཕེལ་རྒྱས་ཀྱི་མགྱོགས་ཚད་གཉིས་དོ་མཉམ་གྱི་མེད། ང་ཚོ་རྒྱ་གར་དུ་ལོ་ངོ་ལྔ་བཅུ་ཐམ་པ་བསྡད་པ་རེད། རྒྱ་གར་དུ་ལོ་ངོ་ལྔ་བཅུའི་རིང་གི་དུས་ཚོད་ལ་ཕྱིར་བལྟས་བྱས་ན། རྒྱ་གར་ལ་མི་འབོར་ཇི་ཙམ་འཕེལ་རྒྱས་ཕྱིན་ཡོད་དམ། སྤྱིར་བཏང་རྒྱ་གར་ལ་མཐུན་རྐྱེན་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་དམ། མཐུན་རྐྱེན་ཡར་རྒྱས་ཕྱིན་པ་དེ་དག་གིས་མི་འབོར་ཡར་རྒྱས་ཕྱིན་པ་དང་མཉམ་གྱི་མེད། དེས་ན་སྔར་བཞིན་ད་ལྟའང་མ་འདང་ཤིག་ཤིག་གི་ངང་དུ་གནས་ཡོད། སྣུམ་འཁོར་གསར་པ་ཅི་ཙམ་བཟོས་ཀྱང་འཚང་ཁ་ཆུང་དུ་གཏན་ནས་འགྲོ་གི་མེད། སྔར་ཕྱི་ལོ་ ༡༩༦༠ ལོར་ང་ཚོ་བཞུགས་སྒར་མེག་ལོར་དུ་ཉིན་གཅིག་ལ་རླངས་འཁོར་ཆེ་བ་ཐེངས་གཉིས་ལས་ཡོང་མཁན་མེད་ལ། ཐེངས་པ་གཉིས་པ་ཡོང་མཁན་གྱི་རླངས་འཁོར་དེ་ཡང་མང་ཆེ་བ་སྟོང་པར་ཡོང་གི་ཡོད། ང་ཚོ་རྡ་ཤོད་ཁྲོམ་ས་ནས་ཡར་ཡོང་མཁན་རྣམས་དགོང་དྲོ་ཆུ་ཚོད་ལྔ་པར་ཡར་ཡོང་མཁན་གྱི་སྣུམ་འཁོར་དེའི་ནང་དུ་ཡོང་གི་ཡོད། དེར་པད་ལྔ་བཅུ་ཐམ་པ་རེ་སྤྲོད་དགོས་ཀྱི་ཡོད། སྐབས་དེར་མི་མང་ཆེ་བས་པད་ལྔ་བཅུ་སྤྲོད་མི་དགོས་པ་གཙོ་འདོན་བྱས་ཏེ་ཆར་པ་བབ་པ་སོགས་ཀྱི་སྐབས་སུ་མ་གཏོགས་རྒྱུན་གཏན་ཕལ་མོ་ཆེ་གོམ་པ་བརྒྱབ་ནས་ཡར་ཡོང་རྒྱུར་དགའ་བ་བྱེད་ཀྱི་ཡོད། ད་ལྟ་སྣུམ་འཁོར་ཆུང་ཆུང་གྲངས་མེད་ཡོང་གི་ཡོད་ཀྱང༌། དེ་དག་ཚང་མ་ཁེངས་པ་དང༌། སྡོད་ས་མེད་པར་འཚང་ཁ་ཤིག་ཤིག་ལས་སྟོང་པར་ཡོང་མཁན་ལྟ་བུ་ཧ་ལམ་མེད་པ་ཆགས་ཡོད། དེ་ལྟ་བུའི་མི་འཁོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། དེས་ན་མི་འབོར་འཕེལ་རྒྱས་འདི་བཞིན་ང་ཚོའི་ཀླན་ཀའམ་སྡུག་བསྔལ་གཅིག་ཡིན།
ཀླན་ཀ་གཉིས་པ་ནི་དཔལ་འབྱོར་འདྲ་མཉམ་མེད་པ་དེ་ཡིན། ཕྱུག་པོ་རྣམས་ཧ་ལས་པའི་ཕྱུག་པོ་དང༌། དབུལ་ཕོངས་རྣམས་དབུལ་ཐག་ཆོད་ནས་དབུལ་ཕྱུག་གཉིས་ཀྱི་བར་ཁྱད་སྔར་ལས་ལྡབ་འགྱུར་མང་པོའི་ཁྱད་པར་ཕྱིན་ཡོད། དེའི་དབང་གིས་ས་ཁུལ་དང༌། ལྗོངས་དང༌། རྒྱལ་ཁབ་སོགས་མང་པོ་ཞིག་གི་ནང་དུ་དབུལ་ཕྱུག་གི་ཁྱད་པར་དེའི་དབང་གིས་འཁོན་འཛིན། འཁྲུག་རྩོད། དམག་འཁྲུག་སོགས་ཡང་ཡང་ཡོང་གི་ཡོད། རྒྱ་གར་ལྟ་བུར་ཆ་མཚོན་ནའང༌། ཕྱུག་པ་རྣམས་ནི་ཚད་ལས་བརྒལ་བའི་ཕྱུག་པོ་ཆགས་ཏེ་འཛམ་གླིང་ནང་གི་ཕྱུག་བདག་ཨང་གསུམ་པ་དང་བཞི་པར་སླེབས་མཁན་གྱི་གྲས་མང་པོ་ཡོད་ལ། ཡང་འགའ་ཞིག་དབུལ་ཐག་ཆོད་ནས་ལྟོགས་ཤི་ཐེབས་མཁན་དང༌། འཁྱག་ཤི་ཐེབས་མཁན། ཚ་བས་ཤི་མཁན་བརྒྱ་ཕྲག་མང་པོ་ཡོང་གི་ཡོད། དེ་ལྟར་དབུལ་ཕྱུག་གི་བར་འགལ་ཆགས་ཡོད་པ་དང༌། དབུལ་ཕྱུག་གི་བར་འགལ་དེ་ལྟར་ཡོང་དགོས་པ་དེ་ཡང་དཔལ་འབྱོར་གྱི་ལམ་སྲོལ་གྱི་ཐོག་ནས་བཤུ་གཞོག་དབང་དུ་ཡོང་གི་ཡོད་སྟབས། ད་ལྟའི་དུས་སྐབས་འདི་བཞིན་དུས་རབས་ཉི་ཤུ་པ་དང༌། དུས་རབས་ཉེར་གཅིག་པའི་སྐབས་ཀྱི་མིའི་རིགས་ཀྱི་ཀླན་ཀའམ་སྡུག་བསྔལ་གཉིས་པ་དེ་ཡིན།
ཀླན་ཀ་གསུམ་པ་ནི་མངོན་སུམ་གྱི་འཚེ་བ་དེ་ཡིན། ད་ལྟ་གོང་དུ་དཔལ་འབྱོར་གྱི་བཤུ་གཞོག་སྐོར་ཞུས་པ་རྣམས་ནི་སྒྲོམ་གཞིའི་འཚེ་བ་ཞེས་པ་དེ་ཡིན། མངོན་སུམ་གྱི་འཚེ་བ་ཞེས་པ་ནི་མེ་མདའ་བརྒྱབ་ནས་བསད་པ་དང༌། དམག་བརྒྱབ་ནས་བསད་པ། སྦམ་བརྒྱབ་ནས་བསད་པ། དེ་བཞིན་བརྡུང་བ་དང༌། རྐུན་ཇག་དང༌། འཇིགས་སྐུལ་རིང་ལུགས་པ་སོགས་སྣ་ཚོགས་ཀྱིས་མི་སུ་ཞིག་དང༌། ས་གནས་གང་དུ་ཕྱིན་ཀྱང་ཉེན་ཁ་མེད་པའི་འཚོར་སྣང་ཡོང་མི་ཐུབ་པར་ནམ་ཡང་ཞེད་སྣང་དང་འཇིགས་སྣང་གི་ཐོག་ནས་འགྲོ་སྡོད་བྱེད་དགོས་པ་ཡིན། ཁྱེད་རང་ཚོ་གནམ་གྲུའི་ནང་ཕེབས་མྱོང་བ་མང་པོ་ཡོད་ཀྱི་རེད། གནམ་ཐང་དུ་ཞེད་སྣང་ཇི་ཙམ་མི་འདུག་གམ། མཚོན་ཆ་མེད་དམ་སྙམ་ནས་ཞྭ་མོ་དང་རྐང་ལྷམ་ཕུད་བཅུག་གི་ཡོད་ལ། སྐེ་རགས་བཤིག་ཏུ་བཅུག་གི་ཡོད། དེ་ཙམ་གྱི་ཞེད་སྣང་ཡོང་བའི་འཇིགས་བསྐུལ་རིང་ལུགས་པ་དང༌། ག་དུས་ག་པར་སྦམ་ཞིག་གས་འཐོར་ཡོང་གི་ཡོད་མེད་དང༌། ག་དུས་ག་པར་མེ་མདའ་བརྒྱབ་ཀྱི་ཡོད་མེད་ཧ་མི་གོ་བ་སོགས་ཞོགས་པ་གསར་ཤོག་གཟིགས་པ་དང༌། རླུང་འཕྲིན་གསན་ན་ག་དུས་ཡིན་ནའང་ས་གནས་འདི་འདྲ་ཞིག་ཏུ་མི་བདུན་བསད་པ་དང༌། ལུང་པ་འདིར་མི་བཅུ་བསད་པ་རེད་ཅེས་པ་ལ་སོགས་པ་ལྟ་བུའི་གསར་འགྱུར་ཤ་སྟག་གིས་ཁྱབ་ཡོད།
གཞན་ཡང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམག་འཁྲུག་ལྟ་བུར་མཚོན་ན། ཨི་རག་གི་དམག་དང༌། ཨབ་གྷ་ནི་སི་ཐན་གྱི་དམག དེ་མིན་རྒྱལ་ཁབ་ཕན་ཚུན་གྱི་དམག་དང༌། ང་ཚོའི་དྲན་ཡུལ་དུ་ཡོད་པ་ཝི་ནམ་གྱི་དམག་སོགས་འཛམ་གླིང་ཐོག་གསལ་བསྒྲགས་བྱས་པ་དང་མ་བྱས་པའི་དམག་མེད་པའི་དུས་སྐབས་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀྱི་སྐབས་སུ་བསད་རྨས་བྱུང་བའི་མིའི་གྲངས་འབོར་ལས་དམག་ཆེན་གཉིས་པ་ཚར་ནས་བསྡོམས་བརྒྱབ་པའི་ད་བར་དམག་གི་འོག་ཏུ་ཤི་བའི་གྲངས་འབོར་ལྡབ་བཞིས་མང་བ་བྱུང་བར་བཤད་ཀྱི་ཡོད། དེ་ནི་ང་ཚོའི་སྡུག་བསྔལ་ལ། ཀླན་ཀ གདོང་ལེན་བྱེད་དགོས་པའི་ད་ལྟའི་དུས་སྐབས་ཀྱི་ཞན་ཆ་ཆེ་ཤོས་ནི་གསུམ་པ་དེ་ཆགས་ཡོད།
ཀླན་ཀ་བཞི་པ་ནི་ཁོར་ཡུག་ཉམས་ཆག་ཡིན། ང་རང་ཚོའི་མི་ཚེའི་ནང་དུ་ཆ་བཞག་ཀྱང༌། ཁོར་ཡུག་ལ་ཉམས་ཆག་ཧ་ལས་པ་ཕྱིན་ཡོད། འགྲོ་བ་མིའི་དང་སྲོག་ཆགས་ཆུང་མཐའ་འབུ་སྲིན་ཡན་ཆད་ནས་ཆེ་བ་གླང་ཆེན་བར་སྲོག་ལྡན་ཚང་མ་སྲོག་འཚོ་བ་ལ་མེད་དུ་མི་རུང་བ་ནི་འཐུང་རྒྱུའི་ཆུ་གཙང་མ་ཞིག་དགོས་པ་དང༌། དབུགས་འབྱུང་རྔུབ་བྱེད་རྒྱུའི་རླུང་གཙང་མ་ཞིག་དགོས་པ་ནི་མེད་དུ་མི་རུང་བའི་དགོས་མཁོ་ཞིག་རེད། ཁ་ལག་མ་བཟས་པར་ཉིན་གྲངས་སུམ་ཅུ་སོ་གྲངས་སྡོད་ཐུབ་པ་དང༌། ཆུ་མ་འཐུང་བར་ཆུ་ཚོད་སུམ་ཅུ་སོ་གྲངས་ལས་སྡོད་མི་ཐུབ་པ་དང༌། དབུགས་མ་རྔུབ་པར་སྐར་མ་བཞི་ཙམ་ལས་སྡོད་མི་ཐུབ་པ་ཡིན། ད་ལྟ་ང་ཚོར་འཐུང་རྒྱུའི་ཆུ་གཙང་མ་རག་གི་མེད་ལ༌། དེ་བཞིན་དབྱུགས་འབྱུང་རྔུབ་བྱེད་རྒྱུའི་རླུང་གཙང་མ་ཡང་རག་གི་མེད།
དཔེར་ན། གྲོང་ཁྱེར་ཆེ་ཁག་ལ་བལྟས་ན། མི་མང་པོས་ཁ་རས་གྱོན་པ་དང༌། ཡང་ན་ལག་ཕྱིས་ཀྱིས་བཀབ་ནས་འགྲོ་གི་ཡོད། ལྷག་པར་ཆུ་ཉོ་དགོས་ཀྱི་ཡོད། དངོས་ནས་བྱས་ན་ས་ཆུ་མེ་རླུང་བཅས་ཀྱི་འབྱུང་བ་རྣམས་ནི་སུས་ཀྱང་བདག་ཏུ་མ་བཟུང་བར་གང་ནས་ཀྱང་རག་པ་ཞིག་ཡིན་དགོས་པ་ཡིན། དེ་ལྟར་ང་ཚོར་རག་གི་མེད། ཆུ་མཉམ་དུ་འཁྱེར་ནས་འགྲོ་དགོས་པ་དང༌། ད་ལྟའི་གནས་སྟངས་ལྟར་མུ་མཐུད་ནས་ཕྱིན་ན་ཉིན་ཞིག་དབུགས་གཏོང་རྒྱུ་དེ་ཡང་ཤེལ་དམ་ནང་བླུགས་ནས་མཉམ་དུ་འཁྱེར་དགོས་པའི་དུས་ཚོད་ཅིག་ཤར་སྲིད་ཀྱི་རེད་སྙམ། དེ་ལྟར་ཁོར་ཡུག་ལ་ཉམས་ཆག་ཧ་ཅང་ཤུགས་ཆེན་པོ་འགྲོ་གི་ཡོད། ས་ཡི་གོ་ལ་རང་ཉིད་ཀྱི་ཚ་དྲོད་ཤུགས་ཆེ་འཕར་གྱི་ཡོད།
ཉེ་འཆར་གནམ་ཐང་དུ་བོད་ཀྱི་མཚོ་མ་ཕམ་དང་གངས་རིན་པོ་ཆེ་རྟག་ཏུ་མཇལ་བར་འགྲོ་མཁན་གྱི་རྒྱ་གར་བའི་བླ་མ་ཞིག་ཡོད་པ་ཁོང་ཐུག་བྱུང༌། ཁོང་རང་ཕྱི་ལོ་ ༡༩༤༦།༡༩༤༧ ཙམ་ལ་མཚོ་མ་ཕམ་མཇལ་བར་འགྲོ་བའི་སྐབས་དང༌། ད་ལྟ་མཚོ་མ་ཕམ་མཇལ་བར་ཕྱིན་པའི་སྐབས་གཉིས་བར་བསྡུར་ན། ད་ལྟའི་གནས་སྐབས་ཀྱི་མཚོ་མ་ཕམ་དེ་ཀི་ལོ་མི་ཊར་གཅིག་དང་ཕྱེད་ཀ་ཙམ་ཆུང་དུ་ཕྱིན་ཚར་འདུག་ཅེས་བརྗོད་ཀྱི་འདུག ཀི་ལོ་མི་ཊར་གཅིག་དང་ཕྱེད་ཀྱི་ཚད་ནི་ཧ་ཅང་རིང་པོ་རེད། དེ་ལྟ་བུའི་འཛམ་གླིང་གི་ཚ་དྲོད་ཤུགས་ཆེ་རུ་འགྲོ་གི་ཡོད། དེ་ནི་ང་ཚོ་འཇིག་རྟེན་གྱི་འཇིགས་པའམ་ད་ལྟའི་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་གདོང་ལེན་བྱེད་དགོས་པ་ནི་ཁོར་ཡུག་ཉམས་ཆག་དེ་ཡིན།
མཐའ་མ་སྙིགས་མ་ལྔ་པ་ནི། ཉོན་མོངས་སྙིགས་མ་ལྟ་བུའམ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གང་ཞིག་གནང་གི་ཡོད་ཅེ་ན། ཆོས་ལུགས་ཕན་ཚུན་གྱི་འཐེན་འཁྱེར་དེ་ཡིན། སྤྱིར་བཏང་ཆོས་ལུགས་ཀྱི་འཐེན་འཁྱེར་ཞེས་པ་དེ་ཡོང་མི་ཤེས་པ་ཞིག་ཡིན། ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། ཆོས་ལུགས་གཞན་ལ་བརྩིས་མེད་དང༌། ཆོས་པ་ངོ་མ་ཞིག་ཡིན་ན་ཆོས་ལུགས་གཞན་ལ་སྣང་ཆུང་རྩ་བ་ནས་བྱེད་མི་ཤེས་པ་ལྟ་བུ་ཞིག་རེད། ཆོས་ཉམས་ནས་ཆོས་ཀྱི་མིང་དང་དེའི་སྒྲིག་འཛུགས་རྣམས་ལྷག་ཡོད་སྟབས། དེའི་དབང་ལས་ཆོས་ལུགས་བར་གྱི་འཐེན་འཁྱེར་གྱིས་མི་གསོད་ཁྲག་སྦྱོར་དང༌། རྒྱལ་ཁབ་ཁ་བྲལ་དུ་འགྲོ་བ་སྟེ། དཔེར་ན་རྒྱ་གར་ལྟ་བུར་ཆ་མཚོན་ན། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་རོལ་ནས་རྒྱ་གར་འཕགས་པའི་ཡུལ་ཞེས་པ་དེ་ཡུལ་ལུང་གཅིག་ཡིན་པ་ལས་ལུང་པ་ཐ་དད་གང་ཡང་མེད། དུས་རབས་ཉི་ཤུ་པའི་ནང་དུ་དབྱིན་ཇིས་རྒྱ་གར་ལ་དབང་སྒྱུར་བྱས་པའི་སྐབས་སུ་ཧིན་དྷུ་དང་ཁ་ཆེའི་ཆོས་ལུགས་པ་ཆོས་ཀྱི་མིང་འཁྱེར་ཞིང་ཆོས་ལ་དད་པ་མེད་མཁན་དང༌། ཆོས་གཏན་ནས་མི་བྱེད་མཁན་གྱི་མི་རྣམས་བེད་སྤྱོད་བཏང་ནས་རྒྱ་གར་དང་པ་ཀི་སི་ཐན་ལུང་པ་གཉིས་ཁ་བྲལ་དུ་ཕྱིན་པ་རེད། དེ་རྗེས་བྷང་ལ་དྷེ་ཤི་བཅས་གསུམ་དུ་ཁ་བྲལ་ཕྱིན་པ་རེད། དེ་དག་ཚང་མ་ཆོས་ལུགས་ཀྱི་མཐུན་ལམ་ཡག་པོ་མ་བྱུང་བའི་དབང་གིས་ཆོས་ལུགས་ཀྱི་མིང་གི་ཐོག་ནས་འཐེན་འཁྱེར་ཤུགས་ཆེན་པོ་བྱུང་བའི་དབང་གིས་གནས་ཚུལ་དེ་ལྟར་བྱུང་བ་ཞིག་ཡིན། དེས་ན་ཆོས་ཀྱི་མིང་གི་ཐོག་ལ་འཐེན་འཁྱེར་བྱེད་པ་ནི་ད་ལྟའང་ང་ཚོའི་དུས་རབས་འདི་དང་དུས་ཚོད་འདིའི་དབང་དུ་སྐྱེས་པའི་མི་རྣམས་ཀྱིས་གདོང་ལེན་བྱེད་དགོས་པའི་སྡུག་བསྔལ་ལམ་ཀླན་ཀ་ལྔ་པ་དེ་ཡིན།
དེ་ལྟ་བུའི་ཀླན་ཀ་ལྔ་པོ་རེ་རེས་ས་ཡི་གོ་ལ་འདི་ཆ་ཚང་རྩ་མེད་དུ་འགྲོ་བའི་འཇིགས་པ་ཤ་སྟག་རེད། ད་ལྟ་དེ་ལྟ་བུའི་འཇིགས་པའམ་ཀླན་ཀ་ལྔ་ལ་གདོང་ལེན་བྱེད་དགོས་པ་ཡིན། དེ་ལྟ་བུའི་འཇིགས་པ་ཆེན་པོ་ལྔ་པོ་དེ་དག་ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་ནང་སླེབས་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་རེད་དམ་ཞེ་ན། ད་ལྟ་ནས་བརྩིས་པའི་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་མི་རྣམས་ལ་ཉོན་མོངས་ཡོད་པ་ལས་ཉོན་མོངས་སྤངས་མེད། འདོད་ཆགས་དང༌། ཞེ་སྡང༌། ང་རྒྱལ། ཁོང་ཁྲོ་བཅས་ཡོད་པ་ཤ་སྟག་རེད། འདོད་ཁམས་སུ་སྐྱེས་པའི་མི་ཞིག་ཡིན་ཕྱིན་ཆད་ལ་ཉོན་མོངས་སྤངས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པ་ཞིག་ཡིན་ན་ལས། སྐྱེ་བོ་ཕལ་པ་འཁོར་བ་པ་ལ་ཉོན་མོངས་མངོན་གྱུར་པ་ཡོད་པ་གཞིར་བཞག་རེད། འོན་ཀྱང་ད་ལྟ་ལྟ་བུའི་ཛ་དྲག་གི་གནས་སྟངས་འདི་ལྟ་བུ་གནའ་སྔ་མོ་མེད། ལྷག་པར་ང་རང་ཚོས་བསྐལ་པ་རྫོགས་ལྡན་ནས་མར་ཡོང་མཁན་རེད་ཅེས་བརྗོད་མཁན་རྣམས་ཀྱིས་དེ་བས་ཀྱང་བསྐལ་པ་རྫོགས་ལྡན་གྱི་དུས་སུ་རྩ་བ་ནས་མེད་ལ། ད་ལྟ་འདི་ལྟར་ཡོང་དགོས་པའི་རྒྱུ་མཚན་གང་ལ་ཐུག་གམ་ཞེ་ན། རྒྱུ་མཚན་གཙོ་བོ་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་བབ་ཉམས་ཆགས་ཕྱིན་པ་ཡིན་སྟབས། དཀའ་ངལ་དེ་དག་ཚང་མ་བྱུང་བ་ཡིན། དེ་ཡང་མི་རྣམས་རང་འདོད་ཚ་རུ་ཕྱིན་པ་དང༌། འདོད་རྔམ་ཚ་རུ་ཕྱིན་པ། འགྲན་བསྡུར་ཚ་རུ་ཕྱིན་པ་བཅས་དང༌། ལྷག་པར་དཔལ་འབྱོར་གྱི་འདོད་རྔམ་ཧ་ཅང་ཤུགས་ཆེན་པོ་ཆགས་པའི་དབང་གིས་ད་ལྟ་གོང་དུ་ཀླན་ཀ་ལྔ་པོ་རྣམས་བྱུང་བ་རེད་བསམ་གྱི་ཡོད།
དེས་ན་གོང་དུ་ཞུས་པའི་འཇིགས་པ་ལྔ་པོ་དེ་དག་མེད་པ་ཞིག་བཟོ་དགོས་ན། ཐོག་མར་འགྲོ་བ་མིའི་རིན་ཐང་ཉམས་གསོ་བྱེད་དགོས་པ་དང༌། གཉིས་པ་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་ཡར་རྒྱས་གཏོང་དགོས། དེ་གཉིས་ནི་ད་ལྟའི་རྒུད་ཚོགས་མཐའ་དག་གི་རྩ་བར་འགྱུར་བས། ྋགོང་ས་ྋསྐྱབས་མགོན་པོ་ཆེན་པོ་མཆོག་ནས་ཐོག་མར་འགྲོ་བ་མིའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་དང༌། ཆོས་ལུགས་ཕན་ཚུན་མཐུན་ལམ་གོང་མཐོར་གཏོང་དགོས་ཚུལ་གསུངས་པ་ནི་ད་ལྟ་ངས་ཞུ་རྒྱུའི་ཀླན་ཀ་ལྔ་པོ་ལ་གདོང་ལེན་བྱེད་དགོས། དེ་ཡང་རྒྱུན་གནས་ཐུབ་པ་དང་ཕུགས་འཕེར་བའི་ཡ་ལན་ཞིག་སློག་དགོས་ན། འཛམ་གླིང་གི་འགྲོ་བ་ཡོངས་རྫོགས་ཀྱིས་རིན་ཐང་དེ་ཡར་རྒྱས་གཏང་མ་ཐུབ་ན། གནས་སྐབས་རིང་ཐབས་ཤེས་གཞན་བསྟེན་ནའང༌། གང་ལྟར་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་བཟང་སྤྱོད་ཡར་རྒྱས་མ་ཕྱིན་ན། ད་ལྟའི་དཀའ་ངལ་རྣམས་གཏན་དུ་སེལ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད།
འགྲོ་བ་མིའི་བཟང་སྤྱོད་དེ་དག་ཉམས་ཆག་ཇི་ལྟར་བྱས་ཏེ་ཕྱིན་པ་རེད་དམ་ཞེ་ན། གནའ་སྔ་མོའི་དུས་སུ་ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་ཡིན་ཡང༌། མི་རྣམས་བསམ་བློ་གཏོང་ཚུལ་གཅིག་མཚུངས་ལྟ་བུ་ཞིག་ཡིན། མིའི་བསམ་བློའི་ནང་ཆོས་ཀྱི་ནུས་པ་གང་འཚམས་ཀྱི་ཤུགས་ཆེན་པོ་ཡོད། སྐྱེས་བུའི་འདོད་དོན་ལ་གྲངས་འདྲེན་བྱེད་སྐབས་བཞི་ཞེས་བརྩིས་ཀྱི་ཡོད། དེ་ཡང་ཚེ་འདིའི་འདོད་ཡོན་ནི་འདོད་པའི་བདེ་བ་ལ་ལོངས་སུ་སྤྱོད་རྒྱུ་དེ་དང༌། འདོད་པའི་བདེ་བ་ལ་ལོངས་སུ་སྤྱོད་པའི་རྒྱུ་ཆའམ་མཐུན་རྐྱེན་ནི་དཔལ་འབྱོར་རམ་ནོར་གྱི་འདོད་པ་གཉིས་ནི་གནས་སྐབས་ཀྱི་སྐྱེས་བུའི་མངོན་འདོད་ལྟ་བུ་ཞིག་རེད། ནོར་དང་འདོད་པ་གཉིས་ཀ་མི་རྟག་པ་ཡིན་སྟབས་སྡུག་བསྔལ་གྱི་རིང་བཞིན་རེད། གཏན་དུ་བདེ་བ་ཞིག་དགོས་ན་འཆིང་བ་ལས་གྲོལ་བའི་ཐར་པ་དགོས་པ་ཡིན། ཐར་པ་སྒྲུབ་པའི་ཐབས་ནི་ཆོས་ཡིན། དེས་ན་ནོར་དང་འདོད་པ། ཆོས་དང་ཐར་པ་ཞེས་ཆོས་ལ་བརྟེན་ནས་ཐར་པ་སྒྲུབ་རྒྱུ་དང༌། ནོར་ལ་བརྟེན་ནས་འདོད་བདེ་སྒྲུབ་རྒྱུ་ནི་མིའི་གནས་དང་མཐར་ཐུག་གི་འདོད་དོན་བཞི་ཞེས་བརྗོད་ཀྱི་ཡོད།
སྐྱེས་བུའི་མངོན་འདོད་བཞི་ཞེས་པ་ནི། རྒྱ་གར་གྱིས་གནའ་སྔ་མོ་ནས་བཤད་པའི་སྐད་ཆ་ཞིག་དང་བཤད་སྲོལ་ཞིག་རེད། ནང་པའི་སྔོན་དུ་བྱུང་བའི་ཕྱི་རོལ་པ་དག་གིས་ཀྱང་སྐྱེས་བུའི་འདོད་དོན་བཞི་ཞེས་པ་དེ་ང་ཚོ་དང་གཅིག་མཚུངས་བཤད་ཀྱི་ཡོད། ནང་པའི་གཞུང་དང༌། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་དེ་ཉིད་དབུ་སྐྱེས་བུའི་མངོན་འདོད་བཞི་ནས་བཙུགས་ཏེ་ནོར་དང་འདོད་པ་དང༌། ཆོས་དང་ཐར་པ་བཅས་ཇི་ལྟར་སྒྲུབ་དགོས་མིན་རྣམས་གསུངས་ཡོད།
བར་ལམ་ཞིག་ནས་ཆོས་ལུགས་ཀྱི་ནུས་པ་རིམ་གྱིས་ཉམས་དམས་སུ་ཕྱིན་པའི་སྐབས། དེ་ཡང་ཆོས་ལུགས་ཀྱི་ནུས་པ་ཉམས་ཞེས་པ་ནི། དངོས་གནས་ཆོས་གཤའ་མ་བྱེད་མཁན་གྱི་མི་ཇེ་ཉུང་དུ་ཕྱིན་པ་དང༌། དེ་བཞིན་ཆོས་ཀྱི་ནང་དོན་ཤེས་མཁན་གྱི་གང་ཟག་ཇེ་ཉུང་དུ་ཕྱིན་ཏེ། ཆོས་ཉམས་ལེན་བྱེད་མཁན་གྱི་མི་ཉུང་དུ་ཕྱིན་པའི་སྐབས་སུ་སྨན་དུག་ཏུ་འགྱུར་བ་ལྟར་ཆོས་དེ་ཡང་གཞན་ལ་བཤུ་གཞོག་དང་མགོ་སྐོར་གཏོང་རྒྱུའི་ཡན་ལག་ཅིག་ཆགས་པས་ན། གང་འཚམས་ནས་ནུབ་ཕྱོགས་ཀྱི་ལུང་པའི་ནང་དུ་ཆོས་དང་འཇིག་རྟེན་གྱི་དབྱེ་བ་ཐ་དད་དུ་ཕྱེ་དགོས་པ་བྱུང་ཡོད། དེ་ཇི་ལྟར་བྱས་ནས་བྱུང་ཡོད་ཅེ་ན། སྲིད་དབང་འཛིན་མཁན་གྱི་དབང་འཛིན་པ་རྒྱལ་པོའམ། བློན་པོ་ལ་སོགས་པ་ཚང་མ་ཆོས་ལུགས་ཀྱི་འགོ་འཁྲིད་དང་མཉམ་དུ་འབྲེལ་བ་ཤུགས་ཆེ་བྱས་པས་ཆོས་ལུགས་ཀྱི་དབུ་འཁྲིད་ཀྱིས་གང་ཞིག་བརྗོད་པ་ལྟར་ཆབ་སྲིད་ཀྱི་དབང་འཛིན་པས་དག་གིས་ཀྱང་དེ་ལྟར་བྱས་པས་ན། ཆོས་དང་ཆབ་སྲིད་གཉིས་པོ་མཉམ་བསྲེས་ཤུགས་ཆེ་བཏང་བའི་དབང་གིས་མི་དམངས་ལ་བཤུ་གཞོག་དང་དཀའ་ངལ་ཆེན་པོ་བྱུང་བ་ཡིན་སྟབས། ཆོས་དང་ཆབ་སྲིད་ཐ་དད་བཟོ་དགོས་ཀྱི་འདུག་ཅེས་པའི་བསམ་ཚུལ་དེ་བྱུང་སྟེ་ནུབ་ཕྱོགས་པས་ཆོས་མེད་རིང་ལུགས་ཞེས་པའི་ཆབ་སྲིད་ཀྱི་གནས་སྟངས་དེ་བྱུང་བ་རེད།
དབྱིན་ཇིའི་སྐད་དུ་ སེ་ཀོ་ལ་རི་ཛེམ། ཞེས་པ་བྱུང་བ་རེད། དེ་བོད་སྐད་དུ་བསྒྱུར་སྐབས་ཆོས་མེད་རིང་ལུགས་སུ་བསྒྱུར་བ་ཞིག་དང༌། ཆོས་འགལ་རིང་ལུགས་སུ་བསྒྱུར་བ་དང༌། ཆོས་ལུགས་རིས་མེད་དུ་བསྒྱུར་བ་བཅས་བོད་སྐད་དུ་བརྗོད་ཚུལ་མི་འདྲ་བ་གསུམ་བྱུང་ཡོད། དེ་ལྟར་བརྗོད་ཚུལ་མི་འདྲ་བ་གསུམ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དབྱིན་ཇིའི་སྐད་དུ་ སེ་ཀོ་ལ་རི་ཛེམ་དེ་རང་ལ་བཤད་སྟངས་མི་འདྲ་བ་གསུམ་ཡོད། དཔེར་ན། ཀོ་ཊན་མར་ཁེ་སེ་ལ་སོགས་པ་རྣམས་ཀྱིས་སེ་ཀོ་ལ་རི་ཛེམ་ཞེས་པའི་འགྲེལ་བཤད་བྱེད་སྐབས་ཆོས་དེ་དུག་ལྟ་བུ་ཞིག་རེད། དེས་ན་ཆོས་རྩ་བ་ནས་མེད་པར་བཟོ་དགོས་པ་རེད་ཅེས་བརྗོད་སྐབས་ཆོས་འགོག་རིང་ལུགས་པ་ལྟ་བུ་ཞིག་ལ་གོ་གི་ཡོད། ཆོས་དེ་ཆབ་སྲིད་ཀྱི་ནང་དུ་དགོས་མཁོ་ཡོད་པ་མ་རེད། འོན་ཀྱང་མི་སྒེར་གྱི་བེད་སྤྱོད་བྱེད་རྒྱུར་བཞག་ན་འགྲིག་གི་རེད་ཅེས་པ་དེ་ཆོས་མེད་རིང་ལུགས་སུ་བསྒྱུར་བ་དེ་ཆགས་པ་རེད། དེ་ལས་ཅུང་ཟད་དྲག་ཏུ་ཕྱིན་པའི་སྐབས་སུ་ཆོས་དང་ཆབ་སྲིད་ཐ་དད་ཡིན་ན་ཡང༌། ཆབ་སྲིད་པ་དག་གིས་ཆོས་ལུགས་ལ་དབྱེ་བ་གང་ཡང་ཕྱེ་གི་མེད། ཆོས་ལུགས་རིས་མེད་ལ་བརྩི་མཐོང་བྱེད་ཀྱི་རེད་ཅེས་པ་དེ་ལས་ཆོས་ལུགས་རིས་མེད་ཅེས་པ་དེ་བྱུང་བ་རེད། དེས་ན་སེ་ཀོ་ལ་རི་ཛེམ་ལ་ནུབ་ཕྱོགས་པས་བཤད་པ་རྒྱག་སྟངས་དང་ལག་ལེན་བསྟར་སྟངས་མི་འདྲ་བ་གསུམ་བྱུང་བའི་དབང་གིས་བོད་སྐད་དུའང་བསྒྱུར་ལུགས་མི་འདྲ་བ་གསུམ་བྱུང་ཡོད། ཁོང་རང་ཚོས་ཚིག་སེ་ཀོ་ལ་རི་ཛེམ་ཞེས་པ་དེ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟར་བྱུང་བའི་དབང་གིས་གང་ཞིག་ཆགས་ཡོད་ཅེ་ན། མི་རྣམས་ཀྱི་ཚེ་འདིའི་བདེ་སྐྱིད་ཀྱི་སྒྲུབ་རྒྱུའི་ཆེད་དུ་ཆབ་སྲིད་ཀྱི་ལས་དོན་གང་ཞིག་བྱས་ཀྱང་ཆོས་དང་མ་འདྲེས་པ་དང༌། ཆོས་ཀྱི་ཤུགས་སྣོན་མ་ཐེབས་པ་བྱེད་རྒྱུའི་འབད་བརྩོན་བྱས་ཏེ་ཆོས་དང་ཆབ་སྲིད་གཉིས་ཐ་དད་སོ་སོར་ཆགས་པའི་སྐབས་ཆབ་སྲིད་ཅེས་པ་དེའི་ནང་དུ་སྤྱི་ཚོགས་དང༌། དཔལ་འབྱོར། ཁྲིམས་དང༌། སྲིད་དབང་ཚང་མ་ཚུད་ཡོད། དེ་དག་ཚང་མའི་ནང་དུ་ཆོས་ཀྱི་དབང་སྒྱུར་གཏན་ནས་མེད་པ་ཞིག་ཆགས་པའི་སྐབས། གང་ཞིག་བྱུང་ཡང་འགྲིག་པའི་བསམ་ཚུལ་ཡོད་སྟབས། སོ་སོའི་མངོན་འདོད་དམ་སོ་སོའི་འདོད་པ་དེ་སྒྲུབ་ཐུབ་ན་མི་གཞན་ལ་བཤུ་གཞོག་ཕྱིན་ཀྱང་སྐྱོན་མེད་པ་དང༌། གཞན་ནས་རྐུན་མ་རྐུས་པ་དང༌། བཙན་འཕྲོག་བྱསང་སྐྱོན་མེད་པ། གཞན་ལ་གཉའ་སྣོན་བྱས་ཀྱང་སྐྱོན་མེད་པའི་བསམ་ཚུལ་ཡོད་མཁན་དེ་ཆོས་ལུགས་བསམ་ཚུལ་ཆ་ཚང་ཆབ་སྲིད་ལས་ཐ་དད་དུ་ཕྱེ་ཡོད་པའི་སྟབས་ཀྱི་རེད། ཐོག་མར་ཡོང་སྟངས་དེ་ལྟར་ཡིན། དེའི་དབང་གིས་སྤྱི་ཚོགས་ཀྱི་ཚུལ་ཁྲིམས་དེ་ཉམས་དམས་སུ་ཕྱིན་པ་རེད།
དེ་ལྟར་སྤྱི་ཚོགས་ཀྱི་ཚུལ་ཁྲིམས་དམའ་རུ་ཕྱིན་པ་དང་མཉམ་དུ་གནས་ཚུལ་གཞན་ཞིག་བྱུང་ཡོད། དེ་ནི་ད་ལྟ་ནས་བརྩིས་པའི་ལོ་ངོ་ཉིས་བརྒྱ་ལྔ་བཅུའི་ནང་ཚུན་དུ་ནུབ་ཕྱོགས་སུ་འཕྲུལ་ལས་ཀྱི་གསར་བརྗེ་ཞེས་པ་དེ་བྱུང་ཡོད། དེ་བྱུང་བའི་སྐབས་སུ་ལུང་པ་ཚང་མ་འཕྲུལ་ལས་ཅན་དུ་བསྒྱུར་ཏེ་བཟོ་གྲྭ་ཧ་ཅང་ཆེན་པོ་དེ་འདྲ་བཙུགས། དེ་དག་གི་ནང་ནས་མིའི་དགོས་མཁོ་གང་ཞིག་ཡིན་ནའང་ལས་སླ་པོའི་ཐོག་ནས་རག་ཐུབ་པ། དེང་རབས་ཀྱི་ཚན་རིག་དང༌། དེང་རབས་ཀྱི་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་མིའི་དགོས་མཁོའི་མཐུན་རྐྱེན་རྣམས་མིའི་དགོས་མཁོ་ལས་ལྷག་པ་ཞིག་བསྐྲུན་གྱི་ཡོད། ཐོན་བསྐྱེད་བྱེད་ཀྱི་ཡོད། དཔེར་ན། སྔར་གྱོན་གོས་ཤིག་ཡིན་ན་ཡང་མིའི་ལས་པས་འཐག་ལས་བྱེད་ཀྱི་ཡོད། དེས་ན་སྐུད་པ་ཡང་མིའི་ལག་པས་སྒྲིམ་གྱི་ཡོད། རས་ཆ་ལག་པས་འཐག་པའི་སྐབས་སུ་མི་རྣམས་ལ་དབྱར་ཁ་གྱོན་རྒྱུ་དང༌། དགུན་ཁ་གྱོན་རྒྱུ། བརྗེ་པོ་རྒྱག་རྒྱུའི་གྱོན་གོས་གསུམ་བཞི་ཙམ་སྟེ་འདང་ཙམ་ལས་མི་རེར་གུ་ཐུང་ཉིས་བརྒྱ་སུམ་བརྒྱ་བདག་པོ་རྒྱག་རྒྱུ་དང༌། མི་རེར་སྲང་རས་ཉིས་བརྒྱ་སུམ་བརྒྱ་ཉར་རྒྱུའི་མཐུན་རྐྱེན་མེད། མིའི་དགོས་མཁོ་དང་མཐུན་རྐྱེན་གྱི་ཐོན་བསྐྱེད་གཉིས་འདྲ་མཚུངས་ལྟ་བུ་ཆགས་ནས་བསྡད་ཡོད། མིའི་དགོས་མཁོ་དང་མཐུན་རྐྱེན་གྱི་ཐོན་བསྐྱེད་གཉིས་འདྲ་མཚུངས་ཡོད་སྐབས་སྤྱི་ཚོགས་ཀྱི་ནང་དུ་ཧ་ཅང་བརྟན་ལྷིང་ཡོད་པ་རེད། མི་ཚང་མ་གང་ཞིག་ཡིན་ཡང་ཐོན་བསྐྱེད་ཅིག་མ་བྱས་པར་ལག་པས་ལག་པ་ཟིན་ནས་ཉལ་ཏེ་བསྡད་ན་མི་འགྲིགས་པར། སུ་ཞིག་ཡིན་ནའང་ཐོན་བསྐྱེད་ཀྱི་ལས་ཀ་ཞིག་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཐོན་བསྐྱེད་བྱས་པ་དེ་དགོས་མཁོ་དང་འཚམས་པ་ཞིག་ཡིན་སྟབས། དགོས་མཁོ་ལས་ལྷག་པའི་ཐོན་བསྐྱེད་ལྷག་མ་ཡོང་རྒྱུ་གང་ཡང་མེད། དེས་ན་དགོས་མཁོ་དང་མཐུན་རྐྱེན་གཉིས་ཆ་མཉམ་བྱས་ནས་བསྡད་པའི་སྐབས་སུ་དཔལ་འབྱོར་གྱི་གནས་སྟངས་དེ་བརྟན་ལྷིང་ཐོག་གནས་ཀྱི་རེད། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་དེ་བརྟན་ལྷིང་ཐོག་གནས་པ་ལས་ཧ་ལས་པའི་འཕར་ཆག་དང་འཕེལ་གྲིབ་འགྲོ་རྒྱུ་གང་ཡང་མེད་པར་ཏག་ཏག་ཐོག་བསྡད་ཀྱི་ཡོད། དཔེར་ན། སྔ་ལོ་འཛམ་གླིང་ནང་དཔལ་འབྱོར་གྱི་ཉམས་རྒུད་ཕྱིན་པ་རེད་ཅེས་བརྗོད་སྐབས་མི་ཚང་མ་ཧ་ལས་ལས་ལྟ་བུ་བྱེད་ཀྱི་ཡོད། གནའ་སྔ་མོ་དེ་ལྟར་ཡོང་རྒྱུ་གང་ཡང་མེད། ཡང་འཚམས་རེ་ད་ལོ་བརྒྱ་ཆ་བཅུ་གཉིས་འཕར་བ་རེད་ཅེས་དང༌། ད་ལོ་བརྒྱ་ཆ་བཅུ་དྲུག་འཕར་བ་རེད་ཅེས་བརྗོད་པ་དེ་འདྲ་ཡང་ཡོང་རྒྱུ་མེད། ཐིག་ལྟ་བུ་ཞིག་འཐེན་ན་ཡང་ཐད་ཀར་སྡོད་ཀྱི་ཡོད། དེ་ལྟར་ཡིན་སྟབས་མི་རྣམས་ཀྱི་བསམ་བློའི་ནང་དུ་དེ་ཙམ་གྱི་འདོད་རྔམ་དང༌། གཅིག་གིས་གཅིག་ལ་སྐེ་གཅོད་པའི་འགྲན་རྩོད་ལྟ་བུ་ཧ་ལམ་ཡོང་གི་མེད།
འཕྲུལ་ལས་ཀྱི་གསར་བརྗེ་བྱུང་བའི་སྐབས་སུ། གོང་དུ་ཞུས་པ་ལྟར་མིའི་དགོས་མཁོ་ལས་ཧ་ཅང་མང་བ་ཞིག་ཐོན་བསྐྱེད་བྱེད་ཀྱི་ཡོད་སྟབས། ལྷམ་གྱོན་མཁན་མི་བརྒྱ་ཐམ་པ་ཡོད་ན། བཟོ་གྲྭ་ནས་ལྷམ་སྟོང་ཕྲག་གཅིག་ཐོན་བསྐྱེད་བྱེད་ཀྱི་ཡོད། མི་བརྒྱ་ཐམ་པས་ལྷམ་གྱོན་ཟིན་པའི་སྐབས་སུ་ལྷམ་དགུ་བརྒྱ་ཐམ་པ་དེ་དག་གང་ཞིག་བྱེད་དགོས་པ་ཡིན་ནམ། ལྷམ་ལྷག་མ་རྣམས་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་ཡོད་ལ། དེ་དག་ཚོང་སའི་ཁྲོམ་ར་ཞིག་ཀྱང་དགོས་པ་ཡིན། དེ་ལ་ཁོང་ཚོས་ལས་སླ་ཤོས་གང་ཞིག་མཐོང་ཡོད་དམ་ཞེ་ན། མིའི་བསམ་བློའི་ནང་དུ་ཡོད་པའི་འདོད་རྔམ་དེ་བཤུ་གཞོག་བྱེད་རྒྱུ་ལས་སླ་ཤོས་རེད་བསམ་པ་དེ་དྲན་པ་རེད། མིའི་བསམ་བློའི་ནང་དུ་ཡོད་པའི་འདོད་རྔམ་དེ་ཤུགས་ཆེ་རུ་གཏང་ཐུབ་ན། ལྷམ་གཅིག་གིས་མི་འདང་བར་གཉིས་དགོས་པ་དང༌། གཉིས་ཀྱིས་ཀྱང་མི་འདང་བར་གསུམ་དགོས་ཀྱི་འདུག་བསམ་པའི་འདོད་རྔམ་དེ་བྱུང་ན་ཁོང་རང་ཚོའི་བཟོ་གྲྭ་ནས་བཟོས་པའི་ལྷམ་རྣམས་ཚོང་ཐུབ་ཀྱི་རེད་བསམ་པའི་མིའི་འདོད་རྔམ་དེ་ལ་ཁོང་ཚོས་བཤུ་གཞོག་བྱས་ཡོད། མིའི་འདོད་རྔམ་གྱི་བཤུ་གཞོག་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་གང་ཞིག་མཐོང་ཡོད་དམ་ཞེ་ན། ཚོང་བསྡུར་བྱེད་རྒྱུ་དང༌། འགྲན་བསྡུར་བྱེད་རྒྱུའི་བྱ་ཐབས་སྤྱད་ཡོད། དེ་ཡང་ཚོང་བསྡུར་བྱ་རྒྱུ་དང་འགྲན་བསྡུར་བྱེད་རྒྱུའི་གཤིས་ཀ་དེ་ཕྲུག་གུ་ཆུང་ངུའི་སྐབས་ནས་འགོ་བཙུགས་ཏེ། ཕྲུག་གུ་སྐྱེས་ཚར་བའི་རྗེས་ནས་ཁ་གྲགས་ཤེས་མ་ཤེས་ཀྱི་སྐབས་ནས་གཞན་དག་ནས་ཚོང་བསྡུར་བྱེད་སྟངས་དང༌། གཞན་གྱི་ཕྲུག་གུ་དེ་ཇི་འདྲའི་ཡག་པོ་མི་འདུག་གམ། གཙང་མ་གང་འདྲ་མི་འདུག་གམ། སྐད་ཆ་ཡག་པོ་གང་འདྲ་བཤད་ཀྱི་མི་འདུག་གམ་ཁྱེད་རང་ད་ལྟ་ཁ་གྲགས་ཐུབ་མི་འདུག ཁྱེད་རང་ད་ལྟ་འགྲོ་ཐུབ་ཀྱི་མི་འདུག་ཅེས་རང་གིས་ངོས་འཛིན་བྱེད་རྒྱུ་དེ་རྗེད་དུ་བཅུག་ནས་གཞན་ལ་ལྟ་རྒྱུ་བསླབས་པ་དང༌། དེ་ལྟར་གང་འཚམས་འགྲོ་སྐབས་གཞན་དང་འགྲན་བསྡུར་བྱས་ཤིང༌། གཞན་དང་ཚོང་བསྡུར་དང་གཞན་དང་འགྲན་བསྡུར་བྱེད་སྐབས། མི་གཞན་དེར་ལྷམ་ཆ་གཉིས་ཡོད་ན། ང་ལ་ལྷམ་ཆ་གཉིས་དགོས་མིན་ལ་བསམ་བློ་གཏོང་རྒྱུ་མེད་པ་ཆགས་ཀྱི་ཡོད། ཁོ་ལ་ཆ་གཉིས་ཡོད་ན། ང་ལ་ཆ་གསུམ་དགོས་ཀྱི་རེད་བསམ་པ་ལྟ་བུ་དང༌། ཁོ་ལས་ང་སྔོན་ལ་འགྲོ་དགོས་བསམ་པ་ལྟ་བུ་ཡོང་གི་ཡོད།
དེང་སྐབས་ཁྲུས་ཁང་དུ་འགྲོ་སྐབས་གྱོན་རྒྱུ་གཅིག་དང༌། ཡང་འཆམ་འཆམ་དུ་འགྲོ་སྐབས་གྱོན་རྒྱུ་གཞན་ཞིག་དགོས་པ་དང༌། ཉིན་དགུང་ལས་ཁུངས་སུ་འགྲོ་སྐབས་གྱོན་རྒྱུ་གཞན་ཞིག་དང༌། དགོང་མོ་རྩེད་མོ་རྩེ་བར་འགྲོ་སྐབས་གྱོན་རྒྱུ་གཞན་ཞིག་དང༌། གཞན་ཡང་གློག་བརྙན་ལྟ་བར་འགྲོ་སྐབས་གྱོན་རྒྱུ་གཞན་ཞིག་དགོས་པ་དེ་དག་དགོས་མཁོ་མིན་པར་བག་མེད་ལོངས་སྤྱོད་ཀྱི་བསམ་བློ་དེ་གཅིག་གིས་གཅིག་ལ་བལྟས་པ་དང༌། དེས་ཀྱང་གཞན་ཞིག་ལ་བལྟས་ནས་འགྲན་བསྡུར་བྱེད་ཀྱི་ཡོད།
ཡང་མི་ཚང་གཅིག་ལ་སྣུམ་འཁོར་གཅིག་ཡོད་ན། དེས་འགྲིགས་ངེས་བཞིན་པ་ཡོད་ཀྱང༌། ཡང་སང་ཉིན་ཁྱོ་ག་ལས་ཁུངས་སུ་འགྲོ་དགོས་པ་དང༌། སྐྱེ་དམན་ཁྲོམ་དུ་འགྲོ་དགོས་པར་བརྟེན་ང་གཉིས་ལ་སྣུམ་འཁོར་གཉིས་མ་བྱུང་ན་གཅིག་གིས་གཅིག་སྐྱེལ་བར་འགྲོ་དགོས་བྱུང་ན་དུས་ཚོད་འགོར་གྱི་འདུག་ཅེས་སྣུམ་འཁོར་གཉིས་ཉོས་པ་དང༌། སྣུམ་འཁོར་ཉོས་ཟིན་རྗེས་ཕྲུག་གུ་འཚར་ལོངས་བྱུང་སྟེ་ཕ་མ་གཉིས་ཀྱིས་སྣུམ་འཁོར་བཏང་སྟེ་ཕྱིན་ན་འགྲིག་གི་མི་འདུག ང་ལ་སྣུམ་འཁོར་མི་འདུག་ང་ལའང་སྣུམ་འཁོར་གཅིག་དགོས་ཀྱི་འདུག་ཅེས་དེ་ལྟར་སྣུམ་འཁོར་བཞག་ས་ཡོད་མེད་གང་ཡང་རུང༌། ཁོར་ཡུག་གི་གནས་སྟབས་གང་འདྲ་ཞིག་ཆགས་ཀྱི་ཡོད་ཀྱང་རུང་མེད་ཀྱང་རུང༌། གང་ལྟར་འདོད་རྔམ་དེ་ཧ་ཅང་ཤུགས་ཆེན་པོ་ཆགས་པ་དེ་འགྲོ་བ་མིའི་བསམ་བློའི་ནང་ལ་ཡོད་པའི་འདོད་རྔམ་དང༌། འགྲན་སེམས། ཕྲག་དོག་སོགས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་ཆེད་དུ་མངགས་ནས་གོང་འཕེལ་དུ་བཏང་ནས་སྤར་བ་བྱུང་བར་བརྟེན་ད་ལྟ་ངས་ཞུས་པའི་གནས་ཚུལ་དེ་དག་ཚང་མ་ཡོང་གི་ཡོད།
དེས་ན་འགྲོ་བ་མིའི་རིགས་འདི་སྙིགས་མ་ལྔའམ་འཇིགས་པ་ཆེན་པོ་ལྔ་པོ་དེ་ལས་སྐྱོབ་དགོས་ན། སྐྱབས་པའི་གནས་ཚུལ་མེད་དུ་མི་རུང་བ་ནི་མིའི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དང༌། མིའི་རིན་ཐང་ཡར་རྒྱས་གཏོང་རྒྱུའི་གནད་འགག་དེར་ཐུག་ཡོད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་ཆེན་དང་པོ་དེ་འགྲོ་བ་མིའི་རིན་ཐང་ཡར་རྒྱས་སུ་གཏོང་རྒྱུ་དེ་ཡིན། དབྱིན་སྐད་དུ། པ་མའོ་ཊི་ཧུ་མིན་ཝེ་ལུ་ཞེས་པའི་ཝེ་ལུ་༼༥༩།༡༠༽ ཞེས་པ་དེ་བོད་སྐད་དུ་བསྒྱུར་ན། རིན་ཐང་ཞེས་པ་ལྟ་བུ་ཞིག་ཆགས་འགྲོ་གི་ཡོད། དེ་ནི་ནུབ་ཕྱོགས་པའི་སྐད་ཆ་ཤོད་སྟངས་ཡིན། སྤྱི་ཚོགས་གང་དུ་ཡིན་ཡང་སོ་སོ་སོ་སོའི་ལེགས་བྱང་དང་བསྟུན་ནས་སྐད་ཆ་བཤད་སྟངས་ཀྱང་མི་འདྲ་བ་རེ་ཡོད། ནུབ་ཕྱོགས་པས་ཡག་ཉེས་ཚང་མར་རིན་ཐང་བརྩིས་ནས་གོང་བརྒྱབ་ཀྱི་ཡོད། ནུབ་ཕྱོགས་པ་རྣམས་གཞི་རིམ་གྱི་ཆ་ནས་ཚོང་པ་ཡིན་སྟབས་ཚང་མར་རིན་གོང་བརྒྱབ་ཀྱི་ཡོད། དེས་ན་མིའི་བཟང་སྤྱོད་དང༌། མིའི་ཚུལ་ཁྲིམས་ཞེས་པའི་ཚིག་དེ་མི་བརྗོད་པར་མིའི་རིན་ཐང་ཞེས་བརྗོད་ཀྱི་ཡོད། དེས་ན་རིན་ཐང་ཞེས་པ་དེར་སྐབས་འདིར་གོ་རྒྱུ་ནི། གོང་ཚད་ཀྱི་རིན་ཐང་དེ་མིན་པར་བཟང་སྤྱོད་ཀྱི་གནས་སྟངས་དེ་ཡིན། གོང་དུ་ངས་དཀོན་མཆོག་ཅེས་པའི་ཚིག་དོན་ལ་དཀོན་པ་ཞེས་པའི་ཚིག་ལྟར་འགྲོ་བ་མིའི་ལུས་ངག་གི་སྤྱོད་ལམ་གྱི་ནང་དུ་ཚུལ་ཁྲིམས་དང་ལྡན་པའི་བཟང་པོའི་སྤྱོད་པ་ཞིག་སླེབས་དགོས་ཤིང༌། དེ་སླེབས་པར་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད།
བཟང་སྤྱོད་དམ་མིའི་རིན་ཐང་དེ་གང་འདྲ་ཞིག་སླེབས་དགོས་སམ་ཞེ་ན། བྱུང་ན་རང་ལས་གཞན་གཙོ་ཆེ་བའི་བསམ་པ་ཞིག་སྟེ། དཔེར་ན། མི་གཉིས་གྲོད་པ་ལྟོགས་པ་འདྲ་མཚུངས་ཡིན་ན་ཡང་གྲོད་པ་ལྟོགས་མཁན་གཅིག་ལ་བག་ལེབ་ཅིག་ཡོད་པའི་དབང་དུ་བཏང་ན། དེས་བག་ལེབ་དེ་ཟ་ལ་ཉེ་བའི་སྐབས་སུ་གྲོད་པ་ལྟོགས་པ་མི་གཞན་དེ་སླེབས་ན་ཐོག་མར་བག་ལེབ་དེ་གྲོད་པ་ལྟོགས་པའི་མི་གཞན་དེར་སྤྲོད་པའི་བསམ་ཚུལ་ཡོད་པ་ལྟར་རང་ལས་གཞན་གཅེས་པར་འཛིན་པའི་བློ་ཞིག་བྱུང་ན་འགྲོ་བ་མིའི་རིན་ཐང་ཡར་རྒྱས་ཆགས་ཀྱི་ཡོད། དེ་ལྟར་མ་བྱུང་རུང་རང་དང་གཞན་མཉམ་པ་ཞིག་སྟེ། རང་གཞན་གཉིས་ཀ་གྲོད་པ་ལྟོགས་པ་གཅིག་པ་ཡིན་སྟབས་ང་གཉིས་ལ་བག་ལེབ་གཅིག་ཡོད་པ་དེའི་ཕྱེད་ཀ་མི་གཞན་དེར་སྤྲད་སྙམ་པ་ཞིག་ལས། ང་རང་གཅིག་པུར་ཟ་གི་ཡིན་བསམ་པའི་བསམ་ཚུལ་མེད་པར་ཕྱེད་ཀར་བཏང་ནས་བགོ་བཤའ་རྒྱག་པའི་བསམ་ཚུལ་དེ་འདྲ་ཞིག་བྱུང་ན། གོང་ཞུས་ལྟར་འགྲོ་བ་མིའི་སྤྱི་ཚོགས་སུ་ཡོད་པའི་དཀའ་ངལ་རྣམས་རང་བཞིན་གྱིས་ག་ལེར་མེད་པ་ཆགས་འགྲོ་བ་ཞིག་ཡིན།
གོང་དུ་ཞུས་པའི་གནས་ཚུལ་དེ་དག་ཚང་མ་གང་གིས་དབང་གིས་བྱུང་བ་རེད་ཅེ་ན། རང་གཙོ་བོར་འཛིན་པ་དང༌། རང་དོན་ཡིད་བྱེད་ཀྱི་བློ་འབའ་ཞིག་ལས་རང་གཞན་བརྗེ་རྒྱུ་ལྟ་ཅི། རང་གཞན་མཉམ་པ་ཙམ་གྱི་བསམ་ཚུལ་ཞིག་ཀྱང་མེད་པའི་དབང་གིས་བྱུང་བ་རེད། དེས་ན་རང་ལས་གཞན་གཙོ་བོར་འཛིན་པ་དང༌། དེ་ལྟར་མ་བྱུང་རུང་རང་གཞན་མཉམ་པའི་བསམ་བློ་ཞིག་བསྐྲུན་རྒྱུ་ནི་འགྲོ་བ་མིའི་རིན་ཐང་གོང་འཐོར་གཏོང་རྒྱུའི་གོམ་པ་དང་པོ་དེ་ཡིན། དེའི་དོན་དུ་ད་ལྟ་ཕན་ཆད་དུ་སྟོན་པ་དང་བླ་མ་སུས་ཀྱང་མ་གསུངས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གདམ་ངག་གསར་པ་གཉིས་གནང་ཡོད། དེ་དག་ཁྱེད་རང་ཚོས་མཁྱེན་གྱི་ཡོད་ཤག་རེད། དེ་ངོས་འཛིན་གནང་དགོས་པ་ཡིན།
གདམས་ངག་གསར་པ་དང་པོ་ནི། ཆོས་མེད་དམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་ཡིན། ད་ལྟ་ཕན་ཆད་ཀྱི་བཟང་སྤྱོད་གང་འདྲ་ཞིག་ཡིན་ཡང༌། ཆོས་དང་མཉམ་དུ་སྦྱར་ནས་བཤད་པ་དང༌། ཡང་ན་ཆོས་ལུགས་གཅིག་ནས་བཤད་པའི་བཟང་སྤྱོད་མ་གཏོགས། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན། ཆོས་ལ་དད་པ་མེད་མཁན་དེ་བཟང་སྤྱོད་བྱེད་དགོས་ཀྱི་མེད་པ་ལྟ་བུ་ཞིག་དང༌། ཆོས་ལ་དད་པ་མེད་མཁན་གྱིས་བཟང་སྤྱོད་ཀྱི་རྣམ་གཞག་གི་བསླབ་བྱ་ལེན་རྒྱུའི་འབྱུང་ཁུངས་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་མེད་ཀྱི་བཟང་སྤྱོད་ཅེས་གསུངས་པ་ནི་དབྱིན་སྐད་དུ་ དྷ་སེ་ཁོ་ལར་ཝི་ལུ་ཞེས་བཀའ་གནང་གི་ཡོད། ྋགོང་ས་མཆོག་ནས་ནམ་རྒྱུན་མང་ཆེ་བ་བེད་སྤྱོད་གནང་བའི་ཚིག་ནི་སེ་ཁོ་ལར་ཨེ་ཐིག་སེ་གནང་གི་རེད། འཚམས་རེ་སེ་ཁོ་ལར་ཝི་ལུ་ཞེས་པ་དེ་བེད་སྤྱོད་གནང་གི་ཡོད། སེ་ཁོ་ལར་ཨེ་ཐིག་སེ་ཞེས་པ་ནི། ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་ཞེས་པ་དེ་ཡིན། དེ་ནི་ནང་པའི་ཆོས་ནས་བྱུང་བ་རེད། དེས་ན་ང་ཚོས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་དགོས་ཞེས་པ་དང༌། ཧིན་དྷུའི་ཆོས་ནས་གསུངས་པའི་ཚུལ་ཁྲིམས་འདི་དང་འདི་ཞེས་བྱ་བ་སྲུང་དགོས་ཞེས་པ་ལྟ་བུ་རྣམས་ནི་ཆོས་དང་འབྲེལ་བའི་ཚུལ་ཁྲིམས་ཤིག་ཆགས་ཀྱི་ཡོད། འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གང་ལ་ཡང་དད་པ་མི་བྱེད་མཁན་དང༌། ཆོས་རྩ་བ་ནས་མེད་པའི་མི་ཧ་ཅང་མང་པོ་ཞིག་ཡོད། དངོས་གནས་བྱས་ན་འཛམ་གླིང་གི་མིའི་བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཆོས་མེད་མཁན་ཡིན་གྱི་རེད། འོན་ཀྱང་ཁ་ནས་བརྗོད་ཀྱི་མེད། འཛམ་གླིང་འདིའི་མིའི་མང་ཆེ་བས་ང་ཁ་ཆེ་ཡིན། ང་ནང་པ་ཡིན། ང་ཡེ་ཤུ་ཡིན། ང་ཧིན་དྷུ་ཡིན་བསམ་པ་དྲན་གྱི་ཡོད། འོན་ཀྱང་ནང་པ་ཡིན་བསམ་སྟེ་དྲན་པ་ཙམ་ལས། ནང་པ་ཡིན་མིན་སོ་སོས་ཞུ་དག་བཏང་ན་ནང་པ་མིན་པ་མང་པོ་ཞིག་ཆགས་འགྲོ་གི་རེད།
སྔར་བོད་ཀྱི་ཤོད་རྒྱུན་དུ། གནས་བརྟན་ཞལ་མ་གཟིགས། །སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་པ་དེ་འདྲ་མང་པོ་ཡོད་ཅེས་གསུང་རྒྱུན་དུ་ཡོད། སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་ན་ནང་པ་ཆགས་ཀྱི་མེད། གལ་སྲིད་སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་ཀྱང་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླང་མ་ཤེས་ན་ནང་པ་ཆགས་ཀྱི་མ་རེད། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླངས་ཞེས་པ་ནི་དཀའ་ལས་ཁག་པོ་ཞིག་རེད། དཀོན་མཆོག་གསུམ་ག་རེ་རེད་དམ་ཞེས་དྲིས་ཀྱང་གསུང་རྒྱུ་ཁག་པོ་ཡིན་གྱི་རེད། ནམ་རྒྱུན་ང་ཚོས་སྐྱབས་འགྲོ་འདོན་བཞིན་པ་ཡིན་སྟབས། མང་པོ་ཞིག་གིས་དཀོན་མཆོག་གསུམ་གྲངས་ཀ་རྒྱབ་ཐུབ་ཀྱང༌། དེའི་ངོ་བོ་དང༌། བྱེད་ལས། ཡོན་ཏན་བཅས་རྩ་བ་ནས་མ་ཤེས་པའི་རིགས་ཧ་ཅང་མང་པོ་ཡོད། དེ་ནི་ནང་པ་ཁོ་ན་མིན་པར་ཆོས་ལུགས་ཡོངས་རྫོགས་ནང་གནས་ཚུལ་དེ་ལྟར་ཡིན། དེས་ན་འདི་ལྟར་བལྟས་ཚེ། འཛམ་གླིང་འདིའི་མི་བརྒྱ་ཆ་བརྒྱད་ཅུ་ཙམ་ལ་ཆོས་མེད་པ་དང༌། ང་ནང་པ་ཡིན་ཞེས་དང༌། ང་ཡེ་ཤུ་ཡིན་ཞེས་སོགས་བརྗོད་ཀྱི་ཡོད། དེ་ལྟར་བྱས་ན་ང་ཆོས་གང་ལ་ཡང་དད་པ་བྱེད་ཀྱི་མེད་ཅེས་དྲང་པོར་བརྗོད་མཁན་ནི་གྲངས་འབོར་བརྒྱ་ཆ་ཉི་ཤུ་ཙམ་ལས་མེད།
གཞན་ཡང་གུང་ཁྲན་གྱི་ནང་དུ་འཛུལ་མཁན་དང༌། མར་ཁེའི་ནང་དུ་འཛུལ་མཁན་ཚང་མ་ང་ཆོས་ལ་དད་པ་བྱེད་ཀྱི་མེད་ཅེས་དམ་བཅའ་བྱས་རྗེས་གཞི་ནས་འཛུལ་དགོས་པའི་གནས་ཚུལ་ཆགས་མཁན་ཧ་ཅང་མང་པོ་ཡོད། དེང་སྐབས་དེ་དག་མང་པོ་ཞིག་ཡལ་ཟིན་པ་རེད། དེ་ལྟར་ཆོས་མེད་རིང་ལུགས་པ་མང་པོ་ཞིག་ཡོད། དེས་ན་དེ་དག་ལའང་བཟང་སྤྱོད་ཀྱི་རིན་ཐང་ཞིག་དགོས་པ་ཡིན། རིན་ཐང་དེ་ཆོས་དང་འབྲེལ་བ་མེད་པར་མི་རང་ཉིད་ཀྱི་མི་ཆོས་ཀྱི་ཐོག་ནས། འདིར་མི་ཆོས་ཞེས་བེད་སྤྱོད་བྱས་པ་ནི་ཆོས་དང་འཇིག་རྟེན་ཞེས་པའི་ཆོས་དེ་མིན། མིའི་གཤིས་ལུགས་སམ་མིའི་རང་བཞིན་དེ་ཡིན། མིའི་རང་བཞིན་གྱི་ཐོག་ནས་འོས་ཤིང་འཚམས་པ་ཞིག་སྟེ། ཆོས་ལུགས་གང་ལའང་དད་པ་མེད་ཀྱང༌། རང་ཉིད་ཀྱི་ཀུན་སྤྱོད་དེ་ཚུལ་དང་མཐུན་པ་ཞིག་དང༌། གཞན་ལ་མི་གནོད་པ་ཞིག་བྱེད་པའི་བསམ་བློ་གོང་མཐོར་གཏོང་དགོས་པ་དེ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་དམིགས་བསལ་གསར་གཏོད་ཀྱི་ཤིང་རྟའི་སྲོལ་ཕྱེད་པའི་གདམས་ངག་གསར་པ་ཞིག་ཡིན། དེས་འཛམ་གླིང་འདིའི་སྟེང་གི་མི་ཧ་ཅང་མང་པོ་ཞིག་ཕན་ཐོགས་ཀྱི་ཡོད།
དེ་མིན་སྤྱོད་པ་ཡག་པོ་བྱེད་དགོས་ན། ཐོག་མར་ཆོས་སློབ་དགོས་པ་དང༌། ཆོས་ཀྱང་མང་ཆེ་བ་ནི་ཆོ་ག་ཕྱག་ལེན་ཡིན་ཞིང༌། ནང་པ་རྣམས་ནི་རྔ་བརྡུང་བ་དང་རྒྱ་གླིང་བཏང་བ་སོགས་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་བྱས་པ་དང༌། ཧིན་དྷུ་ལྟ་བུར་ཚ་མཚོན་ན་དཔྲལ་བར་བཙག་བྱུགས་པ་དང༌། ཡེ་ཤུ་ཡིན་ན་ཟླ་གམ་རྫིག་པོ་གྱོན་ཞིང་སྤོས་ཕོར་འཁྱེར་ནས་གདངས་བཏང་བ་སོགས་པ་ཆོས་ལུགས་ཚང་མ་འདི་ལྟ་བུ་ཞིག་ཆགས་ཡོད། ང་ཚོའི་བསམ་བློའི་ནང་ཆོས་ཀྱི་སེམས་དེ་ཇི་ཙམ་ཞིག་སླེབས་ཡོད་མེད་ལ་ལྟ་གི་མེད། དེ་ལྟ་བུའི་སྐབས་སུ་ཆོས་མེད་མཁན་གྱི་མི་དེ་ཚོ་ཡང་ཚུལ་དང་མཐུན་པ་དང་ལུགས་དང་མཐུན་པ་ཞིག་ཡོང་བའི་ཆེད་དུ་ཆོས་དང་མ་འབྲེལ་བའི་འཇིག་རྟེན་རྐྱང་པའི་ཚུལ་ཁྲིམས་ཀྱི་རྣམ་གཞག་བྱུང་ན། རྣག་གཞག་དེ་ནི་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལ། སྐྱེས་ནས་མ་ཤི་བར་སུ་གང་ལའང་མ་བརྟེན་པར་རྐྱང་པར་འཚོ་ཐུབ་ཐབས་གཏན་ནས་མེད། ཕྲུ་གུ་མལ་འབྱར་སྐྱེས་མ་ཐག་ཨ་མས་བདག་པོ་མ་བརྒྱབ་པར་གཡུགས་ནས་བཞག་ན་ཤི་རྒྱུ་ལས་སྲོག་འཚོ་ཐུབ་པའི་གོ་སྐབས་གཏན་ནས་མེད། སྲོག་ཆགས་གཞན་ཡིན་ན་ཕྲུ་གུ་སྐྱེས་མ་ཐག་ནས་འགྲོ་ཐུབ་མཁན་དེ་འདྲ་ཡོད་ཀྱང་ང་ཚོ་མི་ལ་དེ་ལྟར་མེད། དེས་ན་མིའི་འགྲོ་བ་ཞེས་པ་ནི་ག་དུས་ཡིན་ཡང་གཞན་ལ་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་ཤིག་རེད། ཐོག་མར་ཨ་མ་ལ་བརྟེན་དགོས་པ་དང༌། དེ་རྗེས་སྤྱི་ཚོགས་ལ་བརྟེན་དགོས་པ་དང༌། ཡང་ན་མིའི་འགྲོ་བ་གཏན་ནས་མེད་ས་ཞིག་ཏུ་མི་གཅིག་མི་ཧྲེང་དུ་ལུས་ན་ཟས་འཐུང་དང་གྱོན་གོས་གང་ཡང་རག་གི་མ་རེད། གཅིག་བྱས་ན་སྲོག་འཚོ་རྒྱུ་ཡང་ཁག་པོ་ཡིན་གྱི་རེད་སྙམ།
ནུབ་ཕྱོགས་པ་རྣམས་ཀྱིས་མི་དེ་སྤྱི་ཚོགས་ཀྱི་སྲོག་ཆགས་རེད་ཅེས་བརྗོད་ཀྱི་ཡོད། མི་ཞེས་པ་དེ་སྤྱི་ཚོགས་ལ་བརྟེན་དགོས་པའི་གནས་ཚུལ་ཞིག་ཡིན་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་སྟབས། སྤྱི་ཚོགས་ཀྱི་འབྲེལ་བ་དེ་བྱམས་པ་དང་བརྩེ་བ་ཡོད་པའི་སྤྱི་ཚོགས་ཤིག་བྱུང་ན་བདེ་བ་དེ་ཡང་དག་པ་ཞིག་ཆགས་པ་ལས། ག་དུས་ཡིན་ན་ཡང་ཁོང་ཁྲོ་དང་སྡང་སེམས་བྱས་ན་བདེ་བ་ཡོང་ཐབས་གཏན་ནས་མེད། ཕྲུག་གུ་སྐྱེས་མ་ཐག་ཏུ་ཨ་མས་སྡང་སེམས་བྱས་ཏེ་བརྡུང་ན་ཤི་འགྲོ་བ་ཡིན། ཕྲུག་གུ་ཆུང་ངུའི་སྐབས་ནས་ཨ་མས་སྡང་སེམས་བྱས་ཏེ་བསྡད་ན་ཕྲུག་གུ་འཚོ་མི་ཐུབ་པ་ཡིན། ནམ་དུ་ཡང་མིའི་སྐྱེ་འགྲོ་འཚོ་བ་ནི་གཅིག་ལ་གཅིག་བརྟེན་དང༌། གཅིག་གིས་གཅིག་ལ་བྱམས་པ་དང་བརྩེ་བས་ཀུན་ནས་བསླངས་པའི་བསམ་བློས་ལས་ཀ་ཞིག་བྱེད་སྐབས་འབྲེལ་བ་ཆགས་ཐུབ་པ་དང༌། སྤྱི་ཚོགས་ཤིག་ཆགས་ཐུབ་པ་ལ་བརྟེན་ནས་འཚོ་ཐུབ་ཀྱི་ཡོད། དེར་བརྟེན་རང་གཞན་མཉམ་པ་ཞིག་དང༌། རང་ལས་གཞན་གཅེས་པར་འཛིན་པའི་བསམ་ཚུལ་ཞིག་དང༌། བྱམས་དང་བརྩེ་བའི་བསམ་ཚུལ་དེ་གལ་འགངས་ཆེན་པོ་ཞིག་རེད། དེ་ནི་ཆོས་ལུགས་ལ་འབྲེལ་བ་གང་ཡང་བཞག་མི་དགོས་པ་ནི་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གདམས་ངག་དམིགས་བསལ་ཞིག་པ་ལ་ང་རང་གིས་ངོས་འཛིན་བྱེད་ཀྱི་ཡོད།
གདམས་ངག་གཉིས་པ་ནི། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ཡིན། དབྱིན་སྐད་དུ། ཡུ་ནི་ཝ་སི་ཊི་པོན་སི་བི་ལི་ཊི་ཞེས་པའི་ཚིག་དེ་དང་པོ་དབྱིན་སྐད་ཡིན། འོན་ཀྱང་བོད་སྐད་ཐོག་འདྲ་མིན་སྣ་ཚོགས་ཤིག་བསྒྱུར་ཡོད། ཀུན་ཕན་དང༌། ཀུན་ཁྱབ་སོགས་སུ་བསྒྱུར་ཡོད། ང་རང་གིས་ནམ་རྒྱུན་བེད་སྤྱོད་གཏོང་བ་ནི། དབྱིན་སྐད་དུ། ཡུ་ནི་ཝ་སི་ཊི་པོན་སི་བི་ལི་ཊི་ཞེས་པ་བསྡོམས་ནས་ང་རང་གིས་བསྒྱུར་སྟངས་ལྟར་ན། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞེས་པ་དེ་བརྗོད་ཀྱི་ཡོད། བསྒྱུར་དེ་ཏག་ཏག་འགྲིག་གི་ཡོད་མེད་མི་ཤེས། ཁྱེད་རང་ཚོ་ལོ་གཞོན་པའི་ནང་དབྱིན་ཇི་མི་མཁྱེན་མཁན་ཧ་ལམ་ཡོད་མདོག་ཁ་པོ་མ་རེད། དེང་སྐབས་ལོ་གཞོན་པ་རྣམས་ཀྱིས་དབྱིན་སྐད་དེ་ཐར་པ་སྒྲུབ་པའི་ཐབས་ཁྱད་པར་བ་ཞིག་ཏུ་བརྩིས་ཀྱི་ཡོད། དེས་ན་ཁྱེད་རང་ཚོས་ཆ་ཚང་མ་ཤེས་ནའང་ཚིག་དེ་མཁྱེན་གྱི་རེད་བསམ་གྱི་འདུག ཡུ་ནི་ཝ་སི་ཊི་པོན་སི་བི་ལི་ཊི། ཞེས་པའི་གདམས་ངག་དེ་ད་ལྟ་འཛམ་གླིང་འདིའི་ཐོག་གྲགས་ཤིན་ཏུ་ཆེ་ཞིང༌། མི་ཚང་མའི་བློ་ལ་ཧ་ཅང་འཇུག་པོ་ཞིག་ཡོད་པ་ཡིན། ཡུ་ནི་ཝ་སི་ཊི་ཞེས་པ་ནི་འཇིག་རྟེན་ཁྱོན་ཡོངས་ཞེས་པ་ལྟ་བུ་ཞིག་ཡིན། ཡུ་ནི་ཝ་སར། ཡུ་ནི་ཝར་ས་ལི་ཊི་ཞེས་བརྗོད་སྐབས། དཔེར་ན། ས་ཡི་གོ་ལ་འདི་ལྟ་བུ་ཡིན་ན། དྷ་པ་ལན་ནི་དྲི་ཨར་ཐ་ཞེས་བརྗོད་ཀྱི་ཡོད། དེ་ནི་དྷ་པ་ལན་ནི་དྲི་ཨར་ཐ་ཞེས་པའི་ས་ཡི་གོ་འདི་གང་དུ་ཡོད་ཅེ་ན། འཇིག་རྟེན་གྱི་ཁྱོན་གཅིག་གི་ནང་དུ་ཡོད་ཅིང༌། འཇིག་རྟེན་གྱི་ཁྱོན་འདི་ཧ་ཅང་ཁྱབ་ཆེན་པོ་རེད། ང་ཚོས་དེ་ལ་དགུ་ཚིགས་ཞེས་བརྗོད་ཀྱི་ཡོད། དགུ་ཚིགས་ཞེས་ནམ་མཁར་སྐྱ་ལྷང་ལྷང་ཞིག་ཡོད་པ་དེ་ཡིན། དགུ་ཚིགས་ཁྲི་སྟོང་མང་པོ་ཡོད་པའི་འཇིག་རྟེན་ཞིག་ཡོད། དེ་ལྟར་ཡོད་པའི་འཇིག་རྟེན་དེར་ཡུ་ནི་ཝ་རན་ཊིའམ་ཡུ་ནི་ཝར་སི་ཊི་ཞེས་བརྗོད་ཀྱི་ཡོད། ཡུ་ནི་ཞེས་པ་ནི་གཅིག་གྱུར་དང༌། ཝར་སི་ཞེས་པ་སྣ་ཚོགས། ཡུ་ནི་ཝར་སི་ཞེས་པ་དེ་ལེགས་སྦྱར་གྱི་སྐད་དུ་བསྒྱུར་སྐབས། ཝི་ཤུ་ཝ་ཞེས་པ་དེ་ཡིན། ཝི་ཤུ་ཝ་ཞེས་པ་དེ་བོད་སྐད་དུ་ཐད་ཀར་བསྒྱུར་ན་སྣ་ཚོགས་ཞེས་པ་དེ་ཡིན། སྣ་ཚོགས་ཞེས་པའི་ཚིག་འདི་བེད་སྤྱོད་བཏང་ན་སྐབས་འདིར་ཏག་ཏག་སྡོད་ཀྱི་མེད། ཡུ་ནི་ཝར་སི་ཞེས་པའི་ཚིག་དེའི་ནང་དུ་གང་ཞིག་ཡོད་པ་དེ་སྒྲ་ཐད་ཀར་བསྒྱུར་ན་སྣ་ཚོགས་གཅིག་བསྡུས་ཞེས་པ་ལྟ་བུ་ཞིག་ཡིན། ཝེ་སི་ཞེས་པ་སྣ་ཚོགས་དང༌། ཡུ་ནིག་ཅེས་པ་གཅིག་བསྡུས་བཅས་ཡིན། འོན་ཀྱང་ཚིག་གི་དོན་དག་ཐ་དད་ཡིན། ཚིག་དོན་མིན་པར་བརྗོད་བྱའི་དོན་གང་ཞིག་ཡིན་ཞེ་ན། འཇིག་རྟེན་ཁྱོན་ཡོངས་ཞེས་པ་དེ་ཡིན། དེ་ལྟར་འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་དུ་ང་རང་ཚོ་གནས་ཡོད་སྟབས། ང་ཚོ་ག་དུས་ཡིན་ཡང་འཇིག་རྟེན་ཁྱོན་ཡོངས་ལ་ལས་འགན་ཞིག་ཡོད་པ་ཡིན། འཇིག་རྟེན་ཁྱོན་ཡོངས་ཀྱི་གནས་བབ་དེས་ང་ཚོ་འཚོ་ཐུབ་པ་ཞིག་བྱུང་བ་ཡིན་སྟབས། ང་ཚོས་འཇིག་རྟེན་ཁྱོན་ཡོངས་ལ་བར་ཆད་མི་འགྲོ་བ་ཞིག་དང༌། གནོད་འཚེ་མི་ཕོག་པའི་སྒྲིག་ལམ་ཞིག་འཁྱེར་དགོས་པའི་ལས་འགན་ཡོད་པ་ནི་རང་བཞིན་ཞིག་ཡིན།
དཔེར་ན་རང་ཉིད་ཁང་པ་ཞིག་གི་ནང་དུ་བསྡད་ཡོད་ཚེ། ཁང་པ་དེའི་ནང་དུ་རང་ཉིད་འཚོ་བ་ཡིན་སྟབས། ཁང་པ་དེ་མེར་བསྲེགས་བཏང་ན་མི་འགྲིགས་ལ། ཁང་པ་དེ་བཙོག་པ་བཟོས་ཀྱང་མི་འགྲིགས་པ་ཡིན། དེས་ན་ཁང་པ་དེ་རང་དོན་དུ་ཡིན་ནའང་འདྲ། རང་ཉིད་ཀྱི་རྗེས་སུ་གཞན་དག་སྡོད་མཁན་རྣམས་ཀྱི་ཆེད་དུ་ཡིན་ནའང་འདྲ་དེ་དག་གི་དོན་དུ་བདག་པོ་རྒྱག་རྒྱུའི་ལས་འགན་དེ་ད་ལྟ་ཁང་པ་འདིའི་ནང་སུ་ཞིག་ཡོད་པ་དེ་ལ་ལས་འགན་དེ་འཁྲི་ཡི་ཡོད། དེ་ལྟར་ལས་འགན་འཁྲི་གི་ཡོད་པ་ལྟར་འཇིག་རྟེན་འདིའི་སྟེང་གི་ཡོད་པའི་གང་ཟག་བྱེ་བྲག་པ་སུ་དང་སུ་ཞིག་ཡིན་ཡང༌། སྐྱེ་བོ་སུ་དང་སུ་ཞིག་ཡིན་ཡང༌། ཁོ་རང་ལ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡོད། ལས་འགན་དེ་ངོ་ཤེས་པ་ཞིག་དང༌། ལས་འགན་དེ་སྒྲུབ་ཐུབ་པ་ཞིག་དགོས་པ་ཡིན། དེ་ཡང་ཆོས་དང་མ་འབྲེལ་བ་ཞིག་བཀའ་གནང་གི་ཡོད་པ་རེད།
དེ་ལྟར་བཀའ་གནང་བ་དེ་ཡང་དེང་རབས་ཀྱི་གནས་སྟངས་དང་བསྟུན་ན་ཧ་ཅང་གསར་གཏོད་ཆེན་པོ་ཞིག་རེད། གང་ལགས་ཤེ་ན། དུས་རབས་བཅུ་དགུ་པའི་དུས་མཇུག་ནས་དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་ནུབ་ཕྱོགས་པ་དང༌། དེ་རྗེས་ང་ཚོ་ཤར་ཕྱོགས་པ་རྣམས་ནས་འདས་པའི་ལོ་ཉིས་བརྒྱ་ཙམ་གྱི་རིང་ལ་ག་དུས་ཡིན་ཡང་ནུབ་ཕྱོགས་པའི་རྒྱུགས་ཁྱི་བྱས་ནས་བསྡད་པ་རེད། ནུབ་ཕྱོགས་པས་གང་ཞིག་བཤད་ཀྱང་ཉན་པ་དང༌། ནུབ་ཕྱོགས་པའི་རྗེས་སུ་རྒྱུགས་ནས་བསྡད་པ་རེད། ནུབ་ཕྱོགས་པ་རྣམས་ཀྱིས་གང་ཞིག་བརྗོད་ཀྱི་ཡོད་ཅེ་ན། ཐོབ་ཐང་ཞེས་པ་དེ་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་ག་དུས་ཡིན་ཡང་ཐོབ་ཐང་དེ་ཤོད་པ་ལས་ལས་འགན་དེ་ཤོད་ཀྱི་མེད། དངོས་གནས་བྱས་ན་ཐོབ་ཐང་དང་ལས་འགན་གཉིས་ནམ་དུ་ཡང་མགོ་ལུས་སྦྲེལ་བ་ལྟར་གཅིག་ཡོད་ན་ཅིག་ཤོས་ཡོད་པ་དང༌། གཅིག་མེད་ན་ཅིག་ཤོས་ཀྱང་མེད་པ་ལྟར་དེ་གཉིས་ག་དུས་ཡིན་ཡང་མཉམ་དུ་འགྲོ་དགོས་པ་ཞིག་ཡིན། འོན་ཀྱང་ནུབ་ཕྱོགས་པས་འདས་པའི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་ལ་ནམ་དུ་ཡང་ཐོབ་ཐང་ལ་འགལ་གནད་སྟོན་པ་ལས། ལས་འགན་ལ་གལ་གནད་སྟོན་མེད། ཐོབ་ཐང་ལ་གལ་གནད་སྟོན་པ་དང༌། ལས་འགན་ལ་གལ་གནད་མ་སྟོན་པའི་ཉེར་ལེན་གྱིས་གོང་དུ་ཞུས་པའི་ཀླན་ཀ་ལྔ་པོ་དེ་དག་ཡོང་དགོས་པའི་གནས་སྟངས་དེ་ཆགས་པ་རེད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་ཞེས་པའི་དེབ་སྐད་གྲགས་ཆེན་པོ་ཞིག་ཡོད། དེ་ནི་གསལ་བསྒྲགས་རང་ཡིན་པ་ལས་གང་ཡང་མེད། མི་རྣམས་ལ་ཐོབ་ཐང་འདི་དང་འདི་དག་ཡོད་ཅེས་གྲངས་ཀ་བརྒྱབ་ནས་དེབ་ཅིག་བཟོས་ཡོད། དེབ་དེ་ཧ་ཅང་རྩ་ཆེན་པོ་ཡིན་ཞེས་བརྗོད་ཀྱི་ཡོད། ང་ཚོ་བོད་དུ་སྡོད་མཁན་མི་ཁ་ཤས་ལ་ཡིག་ཆ་དེའི་འདྲ་བཤུས་ཉར་འདུག་ཅེས་ལོ་བཅུ་གཉིས་བཅུ་གསུམ་བཙོན་འཇུག་བྱས་པའང་ཡོད། འོན་ཀྱང་དེབ་དེ་བཟོ་མཁན་གྱི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་བྱ་རྒྱུ་གང་ཡང་མེད། ད་དུང་རྒྱ་མིའི་རྐང་པ་ལ་ལྕེ་ལྡག་མ་བརྒྱབ་ཙམ་བྱས་ཏེ་སྤྲེལ་ལད་བཤད་ནས་འགྲོ་གི་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་ལྟ་བུ་ཞིག་རེད།
དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གང་ཞིག་བཀའ་གནང་གི་ཡོད་ཅེ་ན། ང་ཚོའི་ལས་འགན་དེ་བསམ་དགོས་ཀྱི་འདུག་ཅེས་དང༌། ལས་འགན་དེ་ངོ་ཤེས་ཀྱི་འདུག ལས་འགན་དེ་སྒྲུབ་དགོས་ཀྱི་འདུག་ཅེས་གསུངས་ཤིང༌། ལས་འགན་ངོ་ཤེས་ཤིང་ལས་འགན་སྒྲུབ་ན་ཐོབ་ཐང་རང་བཞིན་ཡོད་བཞིན་པ་ལས། ལས་འགན་སྒྲུབ་པའི་རྗེས་སུ་ཐོབ་ཐང་ལུས་འགྲོ་རྒྱུ་གང་ཡང་མེད། དེ་ལྟར་ང་ཚོས་ལས་འགན་ལ་བསམ་བློ་གཏན་ནས་མི་གཏོང་བར་ཐོབ་ཐང་གཅིག་པུ་རྩོད་ནས་བསྡད་པའི་དབང་གིས་འགལ་ཟླ་དང༌། འཁྲུག་རྩོད་ལ་སོགས་པ་ཚང་མ་ཡོང་གི་ཡོད། རང་རང་སོ་སོའི་ལས་འགན་དེ་སོ་སོས་ངོས་ཟིན་པར་བྱས་ནས་ལས་འགན་དེ་ཡག་པོ་ཞིག་སྒྲུབ་ན། འཛམ་གླིང་འདིའི་ཐོག་རྙོག་དྲ་དང༌། འཁྲུག་རྩོད་སོགས་རྐང་གཅིག་ཀྱང་མི་ཡོང་བ་དང༌། ཡོང་མི་ཤེས་པའི་གནས་སྟངས་ཤིག་ཀྱང་ཡིན།
དེའི་ཐོག་ལ་ྋགོང་ས་མཆོག་གིས་ཆོས་ལ་ཡིད་ཆེས་ཡོད་མཁན་རྣམས་ནི་སྤྱིར་ཐེག་པ་གསུམ་གྱི་ཐོག་ནས་ཇི་ལྟར་བྱས་ཏེ་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་སྐོར་བཀའ་གནང་གི་ཡོད། དེས་ན་ད་ལྟ་འཛམ་གླིང་འདིའི་ནང་དུ་མི་ཚང་མའི་ཡིད་དབང་འཕྲོག་པ་དང༌། ཉམས་ལེན་བྱེད་བདེ་པོ་ཡོད་པ་ནི་སེ་ཁོ་ལ་ཨེ་ཐིག་ཅེས་ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་དང༌། ཡུ་ནི་ཝརསི་ཊི་པོན་སི་བི་ལི་ཊི་ཞེས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བཅས་གདམས་ངག་གཉིས་པོ་དེ་མིའི་བཟང་སྤྱོད་དམ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་མེད་དུ་མི་རུང་བ་དེ་གཉིས་ཡིན། དེ་ལ་ཁྱེད་རང་ཚོ་ཚང་མས་ཐུགས་སྣང་གནང་རོགས། ད་ལྟ་ངས་མིང་ཙམ་རེ་ཞུས་པ་ཙམ་ཡིན། དེ་རེ་རེའི་ནང་དུ་ནང་དོན་གྱི་སྒྲུབ་ཕྱོགས་ཇི་ལྟར་བྱེད་དགོས་པ་སོགས་བོད་ཡིག་གི་ཐོག་དཀོན་པོ་རེད། འོན་ཀྱང་དབྱིན་ཇིའི་ཐོག་དེ་ཚོའི་སྐོར་ལ་ནུབ་ཕྱོགས་པས་བྲིས་པའི་དེབ་མང་པོ་ཡོད་པ་རེད། དེ་དག་ལ་གཟིགས་ན་ཞིབ་ཚགས་པོ་མཁྱེན་གྱི་རེད་ཅེས་ཞུ་རྒྱུ་ཡིན། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་རིན་ཐང་གོང་འཕེལ་དུ་གཏོང་རྒྱུ་ཞེས་པ་དེའི་སྐོར་ས་བཅད་མ་སྟོང་ཙམ་ཞུས་ཟིན་པ་དེ་ལྟར་ཡིན།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ནི། ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དང་མཉམ་གནས་ཞེས་པ་དེ་ཡིན། དེ་ནི་ད་ལྟ་ངས་གོང་དུ་ཞུས་པ་ནང་བཞིན་རེད། ཆོས་ཀྱི་བསྟན་པ་ས་དར་རྡོ་དར་ཡོད་པའི་སྐབས་སུ། ཆོས་ལུགས་ནང་ཕན་ཚུན་འགལ་ཟླ་ཡོང་གི་མེད། བདག་ཉིད་ཆེན་པོ་གྷན་དྷིས་ང་ཧིན་དྷུ་ཡག་པོ་ཞིག་ཡིན། དེས་ན་ང་ཁ་ཆེ་ཡག་པོ་ཞིག་ཀྱང་ཡིན་དགོས་པ་ཡིན། དེ་བཞིན་ང་ཡེ་ཤུ་ཡག་པོ་ཞིག་ཀྱང་ཡིན་དགོས་ཀྱི་རེད། ཆོས་ལུགས་གཅིག་གི་ནང་དུ་ཆོས་ཀྱི་ཉམས་ལེན་ཡག་པོ་བྱས་ནས་ཆོས་པ་ཡག་པོ་ཞིག་ཆགས་ན། ཆོས་ལུགས་གཞན་དག་གི་ནང་དུའང་ཆོས་པ་བཟང་པོ་ཞིག་ཆགས་པ་ལས། དེའི་ནང་ནས་བུད་འགྲོ་རྒྱུ་གང་ཡང་མེད། ཆོས་ལུགས་བར་གྱི་འགལ་ཟླ་དེ་འགྲོ་བ་མིའི་རིགས་ལ་ཡོད་པའི་འགྲན་བསྡུར་དང་ཀླན་ཀ་ཆེ་ཤོས་ཤིག་རེད་ལ། དེའི་དབང་གིས་འཛམ་གླིང་འདིའི་ནང་སྡུག་བསྔལ་མང་པོ་ཞིག་བྱུང་ཡོད་ཅིང༌། ད་ལྟ་ཡང་ཡོང་གི་ཡོད། མ་འོངས་པར་ཡང་ཡོང་བ་ལྟ་བུ་ཞིག་ཡིན།
སྤྱི་ཚོགས་ཀྱི་དཔལ་ཡོན་གྱིས་རྐྱེན་པས་འཐབ་རྩོད་ཅེས་ཤོད་ཀྱི་ཡོད་ལ། ལྷག་པར་དུ་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་འཛམ་གླིང་ནང་དམག་འཁྲུག་མང་པོ་ཡོང་བའི་ཀླན་ཀ་ཆེ་ཤོས་གཅིག་ནི་ཁ་ཆེའི་ཆོས་ལུགས་དང༌། ཡེ་ཤུའི་ཆོས་ལུགས་གཉིས་དབར་ཡིན། ཆོས་ལུགས་དེ་གཉིས་བར་གྱི་འགལ་ཟླ་དེ་ནི་ཆོས་ལུགས་དེ་གཉིས་ཐོག་མར་འགོ་ཚུགས་ནས་ཅུད་ཟད་རེ་ཡོད་པ་ཞིག་ཡིན། དེའི་རྒྱུན་མ་ཆད་པར་སྐབས་རེ་དམག་དང༌། འཚེ་བ་སོགས་མང་པོ་ཞིག་ཡོང་བའི་གནས་ཚུལ་བྱུང་བ་རེད། དེས་ན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འགན་ཆེན་པོ་ཞིག་གཟིགས་ཀྱི་ཡོད་པ་ཡིན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱེད་སྟངས་དེ་ཡང༌། དེ་སྔ་ཕན་ཆད་ལ་ཇི་ལྟར་བྱས་ནས་མཐུན་སྒྲིལ་བྱེད་དགོས་པ་ཡིན་ནམ། དེའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་གང་ཞིག་རེད་དམ། ཇི་ལྟར་བྱས་ནས་ཆོས་ལུགས་རྣམས་མཉམ་དུ་གནས་ཐུབ་མིན་སོགས་ཀྱི་ཐོག་ལ་ཞིབ་ཚགས་པོ་བྱས་ནས་ཧ་ལམ་ལམ་སྟོན་གནང་མཁན་མ་བྱུང་བ་ལྟ་བུ་ཞིག་རེད།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསར་གཏོད་ཀྱི་ལམ་སྟོན་གསར་པ་གང་ཞིག་གནང་ཡོད་ཅེ་ན། ཆོས་ལུགས་ཚང་མའི་ནང་དུ་བཟང་ངན་གྱི་དབྱེ་བ་ཕྱེ་རྒྱུ་མེད་ཅེས་ཐག་བཅད་ནས་བཀའ་གནང་གི་ཡོད། ཆོས་ལུགས་འདི་ཡག་པ་དང་ཆོས་ལུགས་འདི་ཞན་པ་རེད་ཅེས་པའི་བཟང་ངན་གྱི་དབྱེ་བ་ཕྱེ་རྒྱུ་མེད་ཅེས་གསུངས་ཤིང༌། གྲངས་ལས་འདས་པའི་འགྲོ་བ་མི་རྣམས་ཀྱིས་ཁམས་དང༌། བསམ་པ། བག་ལ་ཉལ་དང༌། བློ་གྲོས་དང༌། དབང་པོ། ནུས་པ་སོགས་མི་འདྲ་བ་ཤ་སྟག་ཡིན་ཞེས་བཀའ་གནང་ཡོད། དེ་ལྟར་ཡིན་པ་དངོས་ཡོད་གནས་ཚུལ་རེད། དཔེར་ན་ང་ཚོ་ད་ལྟ་འདིར་མི་ལྔ་བཅུ་དྲུག་ཅུ་མཉམ་དུ་བསྡད་ཡོད་པ་རེད། བསམ་བློ་གཏོང་སྟངས་གཅིག་པ་ཡིན་པ་དང༌། འདུ་ཤེས་འཁྱེར་སྟངས་གཅིག་པ་ཡིན་པ་གཅིག་ཀྱང་མེད། གཞན་ལྟ་ཅི་མཐོ་གང་གི་དངོས་པོ་གདོང་ལ་མཚོན་ནའང༌། གདོང་གཅིག་པ་ཡིན་པ་མི་འདྲ་བའི་དབྱེ་བ་གཏན་ནས་ཕྱེ་རྒྱུ་མེད་པའི་གདོང་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་མང་པོའི་ནང་ནས་གཅིག་ཀྱང་རག་རྒྱུ་མེད།
གཞན་ཡང་ཨ་མ་གཅིག་ལས་སྐྱེས་པའི་ཕྲུག་གུ་མཚེས་མ་ཞིག་ཡིན་ཡང༌། ཐག་རིང་ནས་བལྟས་ན་འདྲ་པོ་དེ་འདྲ་ཡོད་ཀྱང་ཉེ་འཁྲིས་སུ་སླེབས་ན་འདི་ཟླ་བ་རེད། འདི་བློ་བཟང་རེད་ཅེས་དབྱེ་བ་ཕྱེ་རྒྱུ་ཡོད་པ་ཞིག་ཡིན། དེ་ལྟར་ཡོང་བ་དེ་གང་ཞིག་བྱས་སམ་ཞེ་ན། མི་ཚང་མ་སྒེར་རམ་བྱེ་བྲག་པ་ཞིག་ཡིན་ཞིང༌། སྒེར་རེ་རེར་ལས་དང༌། བསམ་པ་དང༌། སྨོན་ལམ་དང༌། བག་ལ་ཉལ་སོགས་མི་འདྲ་བ་རེ་ཡོད་པ་ལས་གཅིག་པ་གཅིག་རྐྱང་བྱས་པ་གཏན་ནས་ཡོང་ཤེས་ཐབས་མེད། དེ་ལྟ་བུའི་རྣམ་གྲངས་མི་འདྲ་བའི་མི་རྣམས་ལ་ཕན་ཐོགས་པའི་ཆེད་དུ་ཆོས་དེ་ཡང་རྣམ་གྲངས་ཧ་ཅང་མང་པོ་དགོས་པ་ཡིན། ཆོས་གཅིག་གིས་ཚང་མར་ཕན་ཐོགས་ཀྱི་མ་རེད་ཅེས་གསུང་གི་ཡོད། དེ་ལྟར་ཡིན་པའང་དངོས་ཡོད་གནས་ཚུལ་ཆགས་ཡོད།
དཔེར་ན། ང་ཚོ་ནང་ཁོ་ནར་ཆ་མཚོན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་པ་དེ་གཅིག་བྱས་ན་གྲངས་ཀ་ཏག་ཏག་བསྡད་ཡོད་པ་རེད། ཡང་གཅིག་བྱས་ན་དེ་ནི་མང་བའི་དཔེ་མཚོན་ཙམ་ཞིག་རེད། ཉན་ཐོས་ཀྱི་ཐེག་པ་གསུངས་ཡོད་ལ། རང་རྒྱལ་གྱི་ཐེག་པ་གསུངས་ཡོད། དེ་བཞིན་བྱང་ཆུབ་སེམས་དཔའི་ཐེག་པ་ཡང་གསུངས་ཡོད། ལྟ་གྲུབ་ཀྱི་ཆ་ནས་བཤད་ན། མདོ་སྡེ་པ་གསུངས་ཡོད་ལ། བྱེ་བྲག་སྨྲ་བ་དང༌། སེམས་ཙམ་པ། དབུ་མ་པ་བཅས་ཀྱང་གསུངས་ཡོད། སེམས་ཙམ་པ་གཅིག་པུར་ཆ་མཚོན་ནའང༌། རྣམ་བདེན་པ་དང༌། རྣམ་རྫུན་པ་སོགས་གྲངས་ཀ་ཧ་ཅང་མང་པོ་ཞིག་ཡོད། ཉན་ཐོས་ཀྱི་སྡེ་པ་ཁོ་ནའི་དབང་དུ་བྱས་ཀྱང་ཉན་ཐོས་སྡེ་པ་བཅོ་བརྒྱད་དང༌། ཉན་ཐོས་ཀྱི་སྡེ་པ་ཉི་ཤུ། ཉན་ཐོས་ཀྱི་སྡེ་པ་བཞི་བཅུ་ལྟ་བུ་གྲངས་མང་པོ་ཞིག་ཡོད། དེ་བཞིན་དབུ་མ་པ་ལ་ཆ་བཞག་ཀྱང༌། རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་སུ་དབྱེ་བ་དང༌། རང་རྒྱུད་པ་ལའང་མདོ་སྡེ་སྤྱོད་པ་དང༌། རྣལ་འབྱོར་སྤྱོད་པ་བ་སོགས་མང་པོ་ཞིག་ཡོད། ཐལ་འགྱུར་ལའང་དེ་བཞིན་ནང་གསེས་ཀྱི་དབྱེ་བ་མང་པོ་ཞིག་ཆགས་ཡོད།
དེ་ལྟར་གང་ཞིག་བྱས་ཏེ་ཆགས་པ་རེད་དམ། དངོས་པོའི་གནས་ལུགས་མི་འདྲ་བ་ཡོད་པའི་དབང་གིས་གྲུབ་མཐའ་མི་འདྲ་བ་ཆགས་པ་ཞིག་མིན། མཐར་གཏུགས་ན་དངོས་པོའི་གནས་ལུགས་གཅིག་རང་རེད། འོན་ཀྱང་གདུལ་བྱ་སོ་སོའི་དབང་པོ་དང༌། རིག་པ། སྐད་སོགས་མི་འདྲ་བའི་དབང་གིས་དེ་ལྟར་མང་པོ་ཞིག་ཆགས་པ་ཡིན། དེ་དག་ལས་གཅིག་ཡག་པ་དང་གཅིག་སྡུག་པ་རེད་ཅེས་བརྗོད་རྒྱུ་མེད་པར་ཚང་མ་སངས་རྒྱས་རང་གི་ཆོས་ཡིན་པ་རང་ལ་ངོས་འཛིན་བྱས་ཏེ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་སླད་དུ་བརྩིས་ཀྱི་ཡོད།
དེ་བཞིན་དུ་ང་རང་ཚོ་ནང་པ་ནང་ཕན་ཚུན་ལ་བསྟན་པ་ཐམས་འགལ་མེད་དུ་རྟོགས་པ་དང༌། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ལམ་སྲོལ་དེ་ཉིད་ཆོས་ལུགས་ཡོངས་རྫོགས་ཀྱི་གནས་བབ་ལ་སྦྱར་ནས། ཆོས་ལུགས་ཡོངས་རྫོགས་ཀྱི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་དང༌། ཆོས་ལུགས་ཡོངས་རྫོགས་ཀྱི་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་བསམ་ཚུལ་དེ་གདུལ་བྱའི་ཁམས་མོས་བསམ་པ་དང་མི་འདྲ་བའི་དབང་ལས་བྱུང་བ་ལས། ཆོས་ལུགས་ལ་ཡག་ཉེས་ཀྱི་དབྱེ་བ་མེད་པ་དང༌། གང་ཟག་བྱེ་བྲག་པ་ལ་བལྟོས་ཏེ་རང་གི་བློ་དང་འཚམས་མ་འཚམས་ཀྱིས་དབང་གིས་ཆོས་ལུགས་ལ་ཡག་ཉེས་ཡོད་པ་དང༌། ཁ་ཤས་ལ་ནང་པའི་ཆོས་དེ་ཡག་ཤོས་ཆགས་ཀྱི་ཡོད་ལ། ལ་ལར་ཡེ་ཤུའི་ཆོས་དེ་ཡག་ཤོས་ཆགས་ཀྱི་ཡོད། ཡང་ཁ་ཤས་ལ་ཁ་ཆེའི་ཆོས་དེ་ཡག་ཤོས་ཆགས་ཀྱི་ཡོད། དེ་དག་ནི་མིའི་ཁམས་དང་བསམ་པའི་དབང་གིས་ཡིན་པ་ལས་ཆོས་ལུགས་ཀྱིས་ཡག་ཉེས་དབང་གིས་མིན། དེས་ན་གཞི་རིམ་གྱི་ཆ་ནས་ཆོས་ལུགས་ཡོངས་རྫོགས་འགྲོ་བ་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ཆེད་དུ་གཅིག་གྱུར་ཡིན་པ་དེ་རྩལ་དུ་བཏོན་ནས་གསུང་གི་ཡོད། དེའི་དབང་གིས་ཆོས་ལུགས་ཡོངས་སུ་རྫོགས་པ་ལ་གཅིག་གྱུར་གྱིས་དང་ལེན་ཞུ་རྒྱུ་དང༌། གཅིག་གྱུར་གྱིས་གུས་བརྩི་ཞུ་རྒྱུའི་བསམ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ག་དུས་ཡིན་ཡང་སྤེལ་གནང་གི་ཡོད།
དེ་ལྟར་མིན་ན་ནུབ་ཕྱོགས་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པ་ཞིག་བཤད་ཀྱི་ཡོད། དེ་ཡང་ནུབ་ཕྱོགས་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་བཟོད་སྲན་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། དེ་ལྟར་ཆོས་ལུགས་ཕན་ཚུན་བཟོད་སྲན་བྱེད་དགོས་ཞེས་པའི་བཟོད་སྲན་ཞེས་པའི་ཚིག་དེས་ཆོས་ལུགས་གཞན་དེ་དང་ལེན་བྱེད་མི་ནུས་པ་ཞིག་བཤད་ཀྱི་ཡོད། ངོས་ལེན་བྱེད་མ་ཐུབ་པ་ཡིན་ཡང༌། དེ་ལ་ལམ་སང་རྒྱག་རེས་མི་རྒྱག་པར་བཟོད་པ་སྒོམ་ནས་སྡོད་དགོས་ཞེས་དང༌། བཟོད་པ་སྒོམ་ནས་སྡོད་དགོས་ཞེས་པའི་བཟོད་པ་བསྒོམ་སའི་ཡུལ་དེ་ཡག་པོ་རེད་ཅེས་བརྗོད་ཀྱི་མེད། དེ་འགྲིག་གི་མེད་ཀྱང་ངས་ཁོ་ལ་བཟོད་པ་སྒོམ་གྱི་ཡོད་ཅེས་བརྗོད་པ་ལྟ་བུ་ཞིག་ཡོད།
དེས་ན་དབྱིན་ཇིའི་སྐད་དུ་༼༡།༢༦།༣༣༽་བརྗོད་ཀྱི་ཡོད། ཕོ་རིན་ཞེས་པ་དེ་གསལ་པོ་བྱས་ནས་བཤད་ན། ཆོས་ལ་དམའ་འབེབས་གཏོང་གི་ཡོད། སྤྱིར་བཏང་ཆོས་དེ་ཡག་པོ་མིན་ནའང་ངས་བཟོད་སྲན་ནམ་སྒོམ་ནས་བསྡད་ཀྱི་ཡོད། དངོས་གནས་བྱས་ན་མི་བཟོད་པ་ལྟ་བུ་ཞིག་ཡོད་ཀྱང༌། དེ་ལྟ་བུའི་དབང་གིས་ཆོས་ལུགས་ཕན་ཚུན་མཐུན་ལམ་གྱི་འབྲེལ་བ་ཆགས་ཐབས་མེད། ཆོས་ལུགས་ཡོངས་རྫོགས་ཀྱི་དམིགས་ཡུལ་ནི་འགྲོ་བ་མིའི་ཕན་བདེ་སྒྲུབ་རྒྱུ་དེ་ཡིན་པ་དང༌། ཆོས་ལུགས་མི་འདྲ་བ་ཡོང་དགོས་དོན་ནི། འགྲོ་བ་མིའི་དགོས་མཁོ་ལ་བརྟེན་ནས་བྱུང་བ་དང༌། ཐ་ན་ཚེ་འདིའི་ཉིན་རེའི་དགོས་མཁོ་ལ་བསམ་ཀྱང་མི་རེའི་ཚད་གཞི་ལ་བལྟོས་ནས་ལྷམ་ཆེ་ཆུང་སོགས་མི་འདྲ་བ་མང་པོ་ཞིག་བཟོ་གི་ཡོད། ལྷམ་གཅིག་པ་བཟོས་ན་མི་མང་ཆེ་བ་རྐང་རྗེན་མར་འགྲོ་དགོས་པ་ཆགས་ཉེན་ཡོད། དེས་ན་མིའི་རྐང་པའི་གནས་བབ་ལ་བརྟེན་ནས་ལྷམ་འདྲ་མིན་མང་པོ་དགོས་པ་ལྟར་མིའི་ལྕེས་བྲོ་ལ་མྱོང་སྟངས་ལས་བལྟས་ནས་ཁ་ལག་འདྲ་མིན་མང་པོ་ཞིག་བཟོ་དགོས་པ་ཇི་བཞིན་དུ་ང་ཚོའི་ནང་གི་སེམས་ཀྱི་ཡར་རྒྱས་འགྲོ་རྒྱུར་བེད་སྤྱོད་གཏོང་རྒྱུའི་ཆོས་དེ་ཡང་སོ་སོའི་ཁམས་ལ་བལྟོས་པའི་མང་པོ་ཞིག་དགོས་ཀྱི་ཡོད་པ་དེ་དངོས་པོའི་གནས་ལུགས་ཤིག་ཡིན།
དེར་བརྟེན་ཆོས་ལུགས་རང་རང་གི་ནང་དང༌། ཆོས་ལུགས་ཚང་མའི་ནང་དུ་ལེགས་ཉེས་ཀྱི་རྣམ་གཞག་མིན་པར་གཅིག་གྱུར་ཡིན་པ་ཞིག་དང༌། ཆོས་ལུགས་ཚང་མ་འགྲོ་བ་མིའི་ཕན་བདེ་སྒྲུབ་རྒྱུའི་དམིགས་ཡུལ་གཅིག་པ་ཡིན་པ་དང༌། ཆོས་ལུགས་ཚང་མའི་རྗེས་འཇུག་རྣམས་མཉམ་དུ་འགྲོ་བ་མིའི་ཕན་བདེ་སྒྲུབ་པའི་ལས་ཀ་མཉམ་དུ་བྱེད་ཐུབ་པའི་དབང་གིས་དེ་ལྟར་ཆོས་ལུགས་བཟོད་སྲན་མ་ཡིན་པར་ཆོས་ལུགས་ཀུན་ལ་གཅིག་གྱུར་གྱི་བརྩི་མཐོང་དང་དད་པ་བྱས་པའི་ཐོག་ནས་ཆོས་ལུགས་འཆམ་མཐུན་ཡོང་བའི་འབད་བརྩོན་གནང་དགོས་ཞེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལྟར་གསུང་གི་ཡོད། དེ་ལ་བརྟེན་ནས་ད་ལྟ་འཛམ་གླིང་གི་ནང་དུ་ཆོས་ལུགས་ཕན་ཚུན་ཧ་ཅང་ཐག་ཉེ་རུ་ཕྱིན་པ་རེད།
ཕྱི་ལོ་ ༡༩༦༠ རེ་གྲངས་ཀྱི་འགོ་སྟོད་དུ་ང་ཚོ་རྒྱ་གར་དུ་སླེབས་ནས་ལོ་ངོ་གཅིག་གཉིས་ཀྱི་སྐབས་སུ་ནང་པ་དང་ཡེ་ཤུ་རྣམས་ནས་སྦྱིན་པ་གཏོང་གི་ཡོད། སྦྱིན་པ་བཏང་བ་ལས་སྤྲོས་པའི་དེ་མིན་སེམས་ཐག་ཉེ་པོ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེང་སྐབས་ཡེ་ཤུ་དང་ནང་པའི་དབར་འབྲེལ་བ་ཧ་ཅང་མང་པོ་ཞིག་བྱུང་བ་དང༌། སེམས་ཐག་ཧ་ཅང་ཉེ་པོ་བྱུང་བ་རྣམས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དབུ་བཙུགས་པ་ལྟ་བུ་ཞིག་ཡོད་པ་རེད། ཐོ་མོ་སི་མོ་ཀྲོན་༼༡།༢༩།༡༧༽ཞེས་ཞུ་བའི་ཨ་རི་ནས་ཡིན་པའི་ཡེ་ཤུའི་ཆོས་དཔོན་ཞིག་ཡོད། ཁོང་ཧ་ལས་པའི་མཁས་པ་ཆེན་པོ་ཞིག་རེད། ལྷག་པར་དུ་གྲུབ་མཐའ་སྨྲ་བ་ཞིག་ཀྱང་རེད། ཁོང་ནས་ལྟ་གྲུབ་དམིགས་བསལ་བ་དེ་འདྲ་ཡང་བརྩམས་གནང་ཡོད། ཕྱི་ལོ་ ༡༩༦༣། ༡༩༦༤ ཙམ་ལ་སྐུ་མདུན་དང་མཇལ་བ་ནས་བཟུང་ནང་པ་དང་ཡེ་ཤུའི་བར་དུ་འབྲེལ་མོལ་ཧ་ཅང་མང་པོ་ཞིག་བྱས་པ་དང༌། དེ་རྗེས་ང་ཚོའི་གྲྭ་པ་ཕར་བཏང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་སར་ཆིབས་བསྒྱུར་གནང་བ་དང༌། ཡེ་ཤུའི་བླ་ཆེན་རྣམས་དང་མཇལ་འཕྲད་གནང་བ་སོགས་བྱུང་བའི་དབང་གིས་ཆོས་ལུགས་མང་པོ་དང་མཉམ་དུ་འབྲེལ་ལམ་བྱུང་བ་དང༌། དཔེར་ན། རྒྱ་གར་ནང་དུ་ཡིན་ཡང་སྡིང་ཆ་གཅིག་གི་ཐོག་ཏུ་ཆོས་བརྒྱུད་འདྲ་མིན་ཡོངས་སུ་རྫོགས་པ་རྣམས་མཉམ་དུ་འཛོམས་རྒྱུའི་གོ་སྐབས་ཐོབ་པ་འདི་ཕྱི་ལོ་ ༡༩༥༩ རྗེས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཕེབས་རྗེས་གསར་གཏོད་ལྟ་བུ་བྱུང་བ་ལས་དེ་སྔོན་དུ་དེ་ལྟའི་གོ་སྐབས་ཁག་པོ་ཡིན་པ་ལྟ་བུ་ཞིག་འདུག
ཕྱི་ལོ་ ༡༩༦༥ ལོར་ང་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཐོག་མར་ཕྱིན་པའི་སྐབས་སུ་འཕགས་པ་གནས་བརྟན་པའི་སྡེ་པ་རྣམས་ཀྱིས་ང་ཚོ་གྲྭ་པ་ཁོངས་སུ་བརྩིས་ཀྱི་མི་འདུག་ལ། ཁ་ལག་ཟ་སྐབས་ཀྱང་ཁོང་རང་ཚོ་ལོགས་སུ་བསྡད་ཅིང༌། ང་ཚོ་ལོགས་སུ་བཞག་པ་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་རྣམས་དགེ་སློང་ལ་བརྩིས་ཀྱི་མེད། ང་ཚོའི་དགེ་སློང་གཉིས་ཐའེ་ལན་ཌིར་སློབ་སྦྱོང་བྱེད་པར་ཕྱིན་པ་རེད། ཐའེ་ལན་ཌིར་སླེབས་སྐབས་སྡོམ་པ་ཡར་ཕུལ་ནས་འཕགས་པ་གནས་བརྟན་པའི་སྡེ་པའི་དགེ་སློང་བསྐྱར་དུ་སྒྲུབ་དགོས་བྱུང་སོང༌། དེ་མིན་ཁོང་ཚོའི་གྲྭ་པ་དང་མཉམ་དུ་བསྲེ་ཡི་མེད། དེང་སྐབས་དེ་ལྟར་གྱི་དབྱེ་འབྱེད་གཏན་ནས་མེད་ལ། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཅིག་རེད་སྙམ་གྱི་ཡོད། དུས་ཚོད་དང་བསྟུན་ནས་ད་དུང་དོན་ཚན་གཅིག་བསྡད་ཡོད་སྟབས། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་ཡོང་བའི་སྐོར་ལ་མདོར་བསྡུས་དེ་ཙམ་ཞིག་ཡིན།
དེའི་གདམས་ངག་གི་གཙོ་བོ་ནི། ཆོས་བརྒྱུད་གང་འདྲ་ཞིག་ཡིན་ན་ཡང༌། ཆོས་བརྒྱུད་ནང་ཕན་ཚུན་ལ་བཟང་ངན་གྱི་དབྱེ་བ་མེད་པར་འགྲོ་བ་མིའི་ཕན་བདེ་སྒྲུབ་པར་ཐམས་ཅད་གཅིག་གྱུར་ཡིན་པ་ངོས་འཛིན་པའི་ཐོག་ནས་ཆོས་ལུགས་ཁག་ལ་དད་གུས་ཞུ་རྒྱུ་དང༌། ཉམས་ལེན་བྱེད་པའི་སྐབས་སུ་རང་རང་སོ་སོའི་ཆོས་ལུགས་དེ་ཉམས་ལེན་བྱེད་དགོས་པ་ཡིན། རང་རང་སོ་སོའི་ཆོས་ལུགས་ཉམས་ལེན་པའི་སྐབས་སུ་ཡང་ཆོས་ལུགས་གཞན་ནས་ལེགས་ཆ་ཡོད་ན་བླང་ཆོག་པ་རྣམས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཡིན། ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་གོང་མཐོར་སྤེལ་བའི་ཆེད་དུ་ཆོས་ལུགས་སོ་སོའི་བླ་ཆེན་དབུ་འཁྲིད་རྣམས་དང་ལྷན་དུ་ཡང་ཡང་འཛོམས་ནས་བཀའ་བསྡུར་གནང་རྒྱུ་དང༌། ཆོས་པ་རྣམས་ཀྱིས་ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་དང་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ། ཆོས་བརྒྱུད་མི་འདྲ་བ་དེ་ཚོའི་གནས་རྩ་ཆེན་རྣམས་ལ་ཆོས་པ་གཞན་རྣམས་ནས་ཀྱང་གནས་མཇལ་དུ་ཕྱིན་པ། དེ་བཞིན་འཇིག་རྟེན་སྤྱིའི་ཕན་བདེ་སྒྲུབ་པའི་ཆེད་དུ་ཆོས་བརྒྱུད་མི་འདྲ་བ་ཚང་མ་མཉམ་དུ་འཛོམས་ནས་གསོལ་བ་སྨོན་ལམ་འདེབས་པ། སྨོན་ལམ་ཚོགས་པ་དེ་དག་དམིགས་བསལ་གྱི་ཐབས་ལམ་ཞིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་བཞེས་གནང་གི་ཡོད་པ་རེད། གང་དུ་ཞབས་ཀྱིས་བཅགས་ཀྱང་ཆོས་ལུགས་འདྲ་མིན་གྱི་ལྷ་ཁང་དང་གནས་ཁག་ལ་གནས་མཇལ་ཕེབས་པ་དང༌། དེ་ལྟར་ཕེབས་པའི་སྐབས་སུ་ཆོས་ལུགས་གཞན་གྱི་དབུ་འཁྲིད་རྣམས་ཀྱང་ལྷན་དུ་འཁྲིད་གནང་མཛད་དེ་མཉམ་དུ་ལྷན་འཛོམས་གནང་སྟེ་ཆོས་ཀྱི་སྨོན་ལམ་ལ་སོགས་པ་གནང་བ་རྣམས་ནི་དངོས་གནས་ཕན་ཐོགས་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་རེད་འདུག
དེ་ལྟར་ཡིན་སྟབས་ང་རང་ཚོ་ནང་པ་རང་ཉིད་ཀྱི་ནང་དུ་སྡེ་པ་དང་ལྟ་གྲུབ་མི་འདྲ་བ་ཇི་ཙམ་ཡོད་པ་དེ་རྣམས་ལ་གཅིག་གྱུར་གྱིས་དད་གུས་ཞུ་དགོས་པ་དང༌། དེའི་ནང་དུ་འཐེར་འཁྱེར་མི་དགོས་པ་དེ་བཤད་མི་དགོས་པ་ཞིག་ཡིན། ནང་པའི་ནང་དུ་འཐེན་འཁྱེར་ཡོད་ན། ཆོས་ལུགས་གཞན་ལ་འཐེར་འཁྱེར་མེད་ཅེས་བརྗོད་པ་དེ་སྐྱག་རྫུན་ཆགས་འགྲོ་གི་རེད།
གསུམ་པ་ནི། བོད་དོན་བདེན་མཐའ་གསལ་ཐབས་དེ་ཡིན། བོད་ཀྱི་དོན་དག་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་ན། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་གཅིག་དང༌། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བཙན་བྱོལ་གྱི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་དང་བཅས་པ་འཛིན་སྐྱོང་བྱེད་པ་གཉིས་ཀྱི་བོད་པའི་དོན་དག་ལ་དམིགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་དང་དབུ་འཁྲིད་གནང་རྒྱུའི་གནས་སྟངས་གཅིག་ཆགས་ཀྱི་ཡོད།
དང་པོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གནས་སྟངས་དེར་ཆ་མཚོན་ན། ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དམིགས་བསལ་གྱི་ཤིང་རྟའི་སྲོལ་ལྟ་བུ་ཁ་ཤས་ཕྱེ་གནང་ཡོད། དེའི་ནང་དུ་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་རང་བཞིན་དུ་བསྒྱུར་བ་དེ་ནི་གལ་གནད་ཆེ་བའི་མཛད་པ་གཅིག་རེད། བོད་དོན་བདེན་མཐའ་གསལ་བའི་ལས་འགུལ་ཡོངས་སུ་རྫོགས་པ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་རྒྱུ་ཐུབ་པ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གཉིས་པ་ལྟ་བུ་ཞིག་རེད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལམ་སྟོན་གནང་བ་དེ་མཛད་འཕྲིན་གསུམ་པ་ལྟ་བུ་དེ་རེད། དེས་ན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་བོད་པའི་ཐུན་མོང་མ་ཡིན་པའི་ཆེད་དུ་བོད་དོན་བདེན་མཐའ་གསལ་བའི་ཕྱག་ལས་ཀྱི་ནང་དུ་དམིགས་བསལ་གྱི་འབུར་དུ་དོད་པའི་ལམ་སྟོན་དང༌། དབུ་འཁྲིད། གདམས་ངག་གང་ཞིག་ཡོད་ཅེ་ན། བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་བ་དེ་མཛད་འཕྲིན་དང་པོ་དང༌། བོད་ཀྱི་འཐབ་རྩོད་ཀྱི་ལས་འགུལ་དེ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་བ་དེ་གཉིས་པ་རེད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་གནང་བ་དེ་མཛད་འཕྲིན་གསུམ་པ་དེ་ཡིན། དེ་ནི་རགས་བསྡུས་ཙམ་ཞིག་ཡིན་པ་ལས། ཞིབ་ཏུ་ཕྱེ་ན་ཧ་ཅང་མང་པོ་ཡོད།
བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་བ་དེ་ནི་ང་ཚོ་བཙན་བྱོལ་དུ་འབྱོར་བ་ཡིན་སྟབས། དེའི་དབང་གིས་དེ་ལྟར་བྱུང་བ་ཞིག་གཏན་ནས་མིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གཞོན་ནུའི་སྐབས་དང༌། བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་སྔོན་ནས་རྗེས་སུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སོང་ན། རྩ་ཁྲིམས་བཟོ་གནང་རྒྱུ་དང༌། མང་གཙོའི་ལམ་སྲོལ་གསར་བཙུགས་གནང་རྒྱུ་དེ་དག་གི་དགོངས་གཞི་སྔར་ནས་ཡོད་བཞིན་པ་ཞིག་རེད་འདུག འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་ཕུལ་བའི་སྐབས་སུ་ཆབ་མདོ་ཤོར་ཟིན་པ་རེད། རྒྱ་མི་ལྷ་སར་འབྱོར་བ་ལ་བདུན་ཕྲག་ག་དུས་འབྱོར་ཡོང་ཞེས་པ་ཙམ་ལས་ཟླ་བ་དང་ལོ་ཡི་སྐད་ཆ་མེད་པར་ཆགས་ཟིན་པ་རེད། སྐབས་དེ་རྗེས་སུ་གཞི་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ཏུ་ཆབ་སྲིད་ཕུལ་བ་རེད། དེས་ན་ཕྱག་ལས་མང་པོ་ཞིག་གནང་ལོང་བྱུང་མེད། འོན་ཀྱང་ཆབ་སྲིད་ཀྱི་མངའ་དབང་བཞེས་མ་ཐག་ཏུ་ལེགས་བཅོས་ལས་ཁུངས་ཞེས་པ་གསར་བཙུགས་གནང་རྒྱུ་བྱུང་བ་དེ་ཐག་གཅོད་དང་ཕྱག་ལས་ཆེ་ཤོས་དེ་ཡིན།
ལེགས་བཅོས་ལས་ཁུངས་ཀྱི་ལས་དོན་གཙོ་བོ་ནི། བོད་པའི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་ལམ་དུ་བསྒྱུར་རྒྱུའི་ལས་འགན་དེ་རེད། འོན་ཀྱང་དེ་ནི་ལོ་ངོ་བརྒྱད་ཀྱི་རིང་ལ་གང་ཡང་བསྒྲུབ་ཐུབ་མེད། ཁྲལ་ཆག་གཏོང་རྒྱུ་དང༌། བུ་ལོན་རྙིང་པ་མེད་པར་བཟོ་རྒྱུ་ལྟ་བུ་དོན་དག་འགའ་ཞིག་ལག་ལེན་དུ་འཁེལ་ཡོད་པ་ལས། དེ་ལས་སྤྲོས་པའི་ལས་དོན་གང་ཡང་ལག་ལེན་དུ་འཁེལ་མེད་པ་རེད།
དེས་ན་རྒྱ་གར་ཕེབས་རྗེས་ཀྱི་བདུན་ཕྲག་དང་པོའི་ཉིན་ནས་མ་སུ་རིར་ལས་ཁུངས་ལྔ་གསར་དུ་བཙུགས་རྒྱུ་དང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དབུ་བཙུགས་གནང་སྟེ་ལོ་གཅིག་གི་ནང་དུ་སྤྱི་འཐུས་འོས་བསྡུ་གནང་ཐུབ་པ་རེད། ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༩ པའི་ནང་དུ་སླེབས་སྐབས་ང་ཚོས་སྤྱི་འཐུས་སྐབས་དང་པོ་དམ་འབུལ་ཞུས་པ་དང༌། དེ་ནས་རིམ་བཞིན་ང་ཚོ་མང་ཚོགས་ཀྱིས་རྒྱབ་ཏུ་མར་འཐེན་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མདུན་དུ་ཡར་འཐེན་ནས་ང་ཚོའི་མང་གཙོའི་འཕེལ་རིམ་དེ་མགྱོགས་པོ་དེ་ཙམ་བྱུང་མེད་ཀྱང༌། དེ་ལྟར་གནང་བཞིན་དུ་ཕྱི་ལོ་ ༡༩༩༤ ལོར་བཅའ་ཁྲིམས་གཏན་འབེབས་གནང་ཐུབ་པ་དང༌། ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་འགོ་འཁྲིད་ཐད་ཀར་མང་ཚོགས་ནས་འོས་འདེམས་བྱ་རྒྱུ་སོགས་བཟོས་ནས་མང་གཙོའི་འཕེལ་རིམ་དེ་ཚད་མཐོན་པོ་ཞིག་ཏུ་བསྐྱེལ་གནང་ཡོད་པ་རེད། ཚད་མཐོན་པོ་ཞིག་ཏུ་བསྐྱེལ་བ་དེ་ང་ཚོས་མདུན་བསྐྱོད་བྱེད་གྲབས་ཡོད་དང་རྒྱབ་ཤིག་བརྒྱབ་གྲབས་ཡོད་ཧ་གོ་རྒྱུ་དེ་ཙམ་མི་འདུག དེ་ནི་ང་ཚོའི་སྤྱི་ཚོགས་ལ་རག་ལུས་པ་རེད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཚད་མཐོན་པོ་ཞིག་ཏུ་འཁྲིད་གནང་ཟིན་པ་རེད། ང་ཚོས་ད་ལྟ་མར་འདྲེད་འདར་ཤོར་རྒྱུའི་ཐབས་ཤེས་སྒོ་ཀུན་ནས་བྱེད་ཀྱི་ཡོད་པ་རེད། དེས་ན་འདྲེད་འདར་ཤོར་གྲབས་ཡོད་དང་ཡར་འགྲོ་གྲབས་ཡོད་ང་ཚོས་མ་འོངས་པར་བལྟ་རྒྱུ་རེད།
བོད་ཀྱི་རྩ་དོན་གྱི་ལས་འགུལ་ཡོངས་སུ་རྫོགས་པ་དེ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་གནང་ཐུབ་པ་ནི། དེ་སྔ་བོད་དུ་མ་བྱུང་བ་ཙམ་མ་ཟད། ནང་པའི་རྒྱལ་ཁབ་གང་གི་ནང་དུའང་མ་བྱུང་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཆགས་ཀྱི་ཡོད། དེ་ནི་ལས་སླ་པོ་ཞིག་གང་ཡང་མིན། བོད་པ་རང་ཉིད་ཀྱིས་ལག་ལེན་བསྟར་བཞིན་པའི་འཚེ་བའི་ལས་རྣམས་ཆ་ཚང་མཚམས་འཇོག་བྱེད་པ་ལའང་དུས་ཚོད་གང་འཚམས་འགོར་སོང༌། ང་ཚོ་བོད་པའི་རྩ་དོན་གྱི་ལས་འགུལ་འཚེ་མེད་ཞི་བའི་ལམ་དུ་གཙང་མར་འགྲོ་ཐུབ་པ་ནི་ཕྱི་ལོ་ ༡༩༦༧ ལོ་མཇུག་དང༌། ཕྱི་ལོ་ ༡༩༦༨ ལོ་འགོ་དེ་ཙམ་ཞིག་ནས་མ་གཏོགས་ཆགས་ཐུབ་མེད། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འབད་བརྩོན་རླབས་ཆེན་གནང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་ལས། རང་བཞིན་ལྷུན་གྲུབ་ཏུ་བྱུང་མེད། འོན་ཀྱང་ད་ལྟ་ང་ཚོས་འཛམ་གླིང་འདིའི་ཐོག་སྤོབས་པ་བྱེད་འོས་པ་ཞིག་ལ་འཛམ་གླིང་གི་མི་ཚང་མས་བོད་པའི་འཐབ་རྩོད་དེ་བརྒྱ་ཆ་བརྒྱ་ཐམ་པ་འཚེ་མེད་ཞི་བའི་ལམ་དུ་འགྲོ་གི་ཡོད་པ་རེད་ཅེས་པ་དེའི་དབང་གིས་རྒྱལ་ཁབ་དང༌། གཞུང་དང༌། མང་ཚོགས་སོགས་རྣམ་དཔྱོད་དང་བསམ་བློ་ཡོད་མཁན་ཚང་མས་ང་ཚོའི་རྒྱབ་ཏུ་ལངས་ཐུབ་པ་ནི་གནད་དོན་འདིའི་ཐོག་ནས་བྱུང་རེད་བསམ་གྱི་ཡོད།
གཉིས་པ་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི། ཐོག་མར་སྲིད་བྱུས་དེ་བཟོ་གནང་བར་སྙིང་སྟོབས་དང་ཐུགས་སྟོབས་ཧ་ལས་པ་ཞིག་དགོས་པ་ལས། ལས་སླ་པོའི་ཐོག་ནས་ང་ཚོ་བོད་པའི་བསམ་བློའི་ནང་དུ་འཇུག་ཐུབ་པ་ཞིག་མིན། དཔེར་ན། ང་རང་ལྟ་བུར་ཆ་མཚོན་ན། ཕྱི་ལོ་ ༡༩༦༨ ཕྱི་ཟླ་ ༧། ༨ ཙམ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་དུ་ཆིབས་བསྒྱུར་གནང་ཞིང༌། སྐབས་དེར་ང་ཌལ་ཧོར་གྱི་སློབ་སྤྱི་ཡིན། དེ་དུས་རྒྱུད་སྟོད་དུ་དཔལ་གསང་བ་འདུས་པའི་བཀའ་དབང་གནང་བ་དང༌། བཀའ་ཁྲིད་གནང་སྟེ་ཉིན་གྲངས་མང་པོ་བཞུགས་འཇགས་གནང་བ་རེད། སྐབས་དེར་ད་ལྟ་ནང་བཞིན་ཐུགས་འབྲེལ་ཚ་པོ་མེད་པར་དུས་ཚོད་མང་པོ་ཞིག་སྟོན་གནང་ཐུབ་ཀྱི་ཡོད་པ་རེད། དེ་དུས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་པ་བཞེས་ཕྱོགས་དང༌། སྐབས་དེར་དབུ་མའི་ལམ་ཞེས་པའི་ཚིག་དེ་བེད་སྤྱོད་གནང་གི་མེད། རང་བཙན་བཞག་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོག་ལ་བསྐྱོད་རྒྱུའི་དགོངས་པ་རླབས་ཆེན་ཡོད་པ་རྣམས་ཐོག་མར་སྐབས་དེར་ངས་ཐོག་མར་གོ་མྱོང་འདུག སྐབས་དེར་བཀའ་གནང་སོང༌། ང་རང་ཡང་བསམ་བློའི་ནང་དེ་འདྲ་གང་འདྲ་ཡིན་ནམ། དེ་འགྲིག་གི་ཡོད་དམ་མེད་བསམ་པ་སོགས་བློར་གཤོང་ཁག་པོ་བྱུང༌། དེ་ནས་རིམ་བཞིན་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང༌། སྐབས་དེའི་བཀའ་ཤག་སོགས་བཀའ་བསྡུར་རིམ་པར་གནང་སྟེ་ཕྱི་ལོ་ ༡༩༧༤ ལོའི་ལོ་མཇུག་གི་ཡས་མས་མཚམས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་རྣམས་ནང་དོན་ལ་འོག་གྲབས་དང་བང་རིམ་བསྒྲིགས་གནང་གྲུབ་པ་ཞིག་རེད།
དེ་རྗེས་ཕྱི་ལོ་ ༡༩༧༩ ལོར་ཏེང་ཞའོ་ཕིང་གིས་འབྲེལ་མོལ་བྱེད་རྒྱུའི་གྲོས་འཆར་བཏོན་པའི་སྐབས་སུ་གཞི་ནས་དགོངས་པ་བཞེས་དགོས་པ་དང༌། གོ་བསྡུར་གནང་དགོས་དོན་ལྷག་མེད། ཕྱི་ལོ་ ༡༩༧༩ ལོར་ཏེང་ཞའོ་ཕིང་གིས་གྲོས་འཆར་ཡོང་སྐབས་ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་ནང་དོན་བང་རིམ་བསྒྲིགས་ཟིན་ཡོད་སྟབས། དེར་བརྟེན་མགྱོགས་པོ་ཞིག་གི་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་ངོ་བོ་འཛུགས་ཐུབ་པ་དེ་ལྟར་བྱུང་བ་རེད། དེ་ནས་ད་ལྟ་བུར་འདས་པའི་ལོ་སུམ་ཅུའི་རིང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་མའི་ལམ་ལ་འགྱུར་བ་མེད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་རྣམ་པས་བྱེད་སྟངས་གང་འདྲ་ཞིག་ཡིན་ཡང༌། ཁོང་ཚོའི་བྱེད་སྟངས་ཡག་ཉེས་ལ་མ་བལྟོས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པ་གནང་བ་ཡིན་སྟབས། ད་ལྟ་འཛམ་གླིང་གི་སྟོབས་ཆེན་གྱི་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པས་མཚོན་པས་མང་ཚོགས་དང་སྤྱི་ཚོགས་ཚང་མས་ཧ་ལས་པའི་ཡི་རང་བསྔགས་བསྟོད་ཀྱི་ཐོག་ནས་བོད་པ་དང་མཉམ་དུ་རྒྱག་གཅིག་མཆོངས་གཅིག་ཡོང་ཐུབ་པ་དེ་སྲིད་བྱུས་དེ་ལ་བརྟེན་ནས་བྱུང་བ་རེད།
གལ་སྲིད་སྲིད་བྱུས་འདི་ཕྱི་ལོ་ ༡༩༧༩ ལོར་གསལ་བསྒྲགས་གནང་མ་ཐུབ་པར་ད་དུང་ལོ་ཤས་ལུས་ན། ང་རང་ཚོ་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལས་འགུལ་ཏེ། རྒྱལ་ཁབ་ཏུ་ཕར་གཡུགས་བཞག་ནས་རྒྱ་གར་ནང་དུ་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་ཐེ་ཚོམ་ཡོད་པའི་གནས་གཅིག་ལ་སླེབས་ཡོད། དེས་ན་བོད་ཀྱི་ཆབ་སྲིད་ཀྱི་ལས་འགུལ་དེ་ལོ་རེ་ལས་ལོ་རེ་ཇེ་སྡུག་ཏུ་ཕྱིན་པ་ལས། ཉམས་ཆག་ཏུ་མ་ཕྱིན་པར་གནས་ཐུབ་པ་ནི་རླབས་ཆེན་གྱི་མཛད་འཕྲིན་ཆེན་པོ་ཞིག་རེད་བསམ་གྱི་ཡོད། དེས་ན་མ་འོངས་པར་ང་ཚོས་རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འདི་ང་རང་ཚོས་མཇུག་སྐྱོང་བྱས་ནས་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བསྟན་པ་བཟུང་ཐུབ་ན་ཏན་ཏན་བོད་དོན་བདེན་མཐའ་གསལ་རྒྱུའི་དུས་ཚོད་དེ་སྤྱི་མཐུན་གྱི་བསོད་ནམས་གྱིས་ལྕོགས་ན་ཧ་ཅང་མགྱོགས་པོ་ཞིག་ཡོང་གི་རེད་བསམ་པ་དྲན་གྱི་ཡོད།
དེའི་ཆ་ཤས་གཞན་ནི། བཙན་བྱོལ་གྱི་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་གི་སྐོར་རྣམས་ངས་འདིར་རྒྱས་པ་ཞུ་དགོས་དོན་མི་འདུག ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ན་གཞོན་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་བབ་ཐོག་ལ་རླབས་ཆེན་གྱི་དགོངས་པ་བཞེས་གནང་གྲུབ་ནས་ཕྱི་ལོ་ ༡༩༦༠ ལོར་ང་ཚོ་རང་ཉིད་ཀྱི་ཐོག་ནས་སློབ་གྲྭ་ཆེ་གྲས་གྲངས་གསུམ་བཙུགས་ཟིན་པ་རེད། དང་པོ་མ་སུ་རིར་དང༌། གཉིས་པ་སིམ་ལ། གསུམ་པར་རྡོར་གླིང་བཅས་སུ་བཙུགས་པ་རེད། སློབ་གྲྭ་དེ་གསུམ་ནང་ཁྱོན་བསྡོམས་སློབ་མ་ ༡༥༠༠ ཙམ་ཞིག་ཡོད་པ་དང༌། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་གཞུང་ནས་སློབ་གྲྭ་རྩིས་ལེན་གནང་སྐབས་སློབ་མ་ ༡༥༠༠ ཡོད་པའི་སློབ་གྲྭ་དེ་རྩིས་སྤྲོད་ཆོག་ཏུ་བསྡད་ཡོད་པ་རེད། དེའི་སྐབས་སུ་ྋགོང་ས་མཆོག་དང༌། ཇོ་ཧ་ལ་ནེ་རུ་གཉིས་ཀའི་དགོངས་པར་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པ་ཞིག་སྟེ། བོད་ཀྱི་སྲོལ་སྲོལ་རྒྱུན་གྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་དང༌། སྐབས་དེ་དུས་ནས་འདབ་གཤོག་གཉིས་ལྡན་ཞེས་པའི་གཏམ་དཔེ་དེ་ཡོད་མུས་ཡིན། འདབ་གཤོག་གཉིས་ལྡན་ཞེས་པ་དེ་ཆོས་སྲིད་གཉིས་ཀྱི་འདབ་གཤོག་ལ་བརྗོད་ཀྱི་མེད། ན་གཞོན་རྣམས་འདབ་གཤོག་གཉིས་ལྡན་ཞིག་དགོས་ཞེས་པ་ནི། སྲོལ་རྒྱུན་གྱི་བོད་ཀྱི་རིག་གཞུང་གི་ཡོན་ཏན་རྣམས་ཆ་ཚང་ཡོད་པ་དང༌། དེང་རབས་ནུབ་ཕྱོགས་པའི་ཡོན་ཏན་རྣམས་ཀྱང་ཆ་ཚང་ཞིག་ཡོད་པ་བཅས་བྱུང་ན། བྱ་དཔེ་མཚོན་ན་འདབ་གཤོག་གཉིས་ལྡན་ལྟ་བུ་ཞིག་ཆགས་རྒྱུར་དགོངས་པ་བཞེས་ནས་སློབ་གྲྭ་ཁག་དེ་དག་བཙུགས་གནང་བ་རེད།
ལྷག་པར་ང་ཚོའི་ཆོས་ཕྱོགས་ཀྱི་རིག་གཞུང་དང༌། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་རྒྱ་ཆེན་པོ་ཞིག་བྱ་རྒྱུའི་ཆེད་དུ་ཕྱི་ལོ་ ༡༩༥༩ ལོར་སྦག་སར་སློབ་གཉེར་གྱི་ལྟེ་གནས་བཙུགས་པ་གནང་བ་དང༌། དེ་རྗེས་སློབ་གཉེར་ཁང་དེ་དག་བོད་མིའི་གཞིས་ཆགས་ཆེ་ས་ཁག་ཏུ་གནས་སྤོས་གནང་བ། ཐོག་མའི་སྐབས་དེ་དག་ཏུ་ལམ་འགྲོ་རྒྱུགས་མ་རྒྱུགས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་སྟེ་མི་རྣམས་ལ་གང་འདྲ་ཞིག་བྱས་ཡོང་བསམ་པའི་བློ་དོགས་ཀྱང་བྱུང་ཡོད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་གདན་ས་ཁག་རྣམས་ཇི་ཙམ་གྱི་སྲ་བཙུགས་པོ་ཞིག་དང༌། ཡར་རྒྱས་ཆེན་པོ་བྱུང་བ་དང༌། ཇི་ཙམ་གྱི་བསླབ་བྱ་སློབ་གཉེར་གྱི་གཞི་རྩ་ཚུགས་པ་བྱུང་ཡོད་པ། སོ་སོས་བསླབ་པ་སློབ་གཉེར་བྱས་ན། སྔར་བོད་དུ་ཡོད་སྐབས་ཀྱི་མཐུན་རྐྱེན་ལས་ལྷག་པ་འཛོམས་པ་ཞིག་དང༌། མདོ་སྔགས་རིག་གནས་དང་བཅས་པ་གང་འདྲ་ཞིག་ལ་སློབ་སྦྱོང་བྱས་ཀྱང་བྱེད་རྒྱུའི་གོ་སྐབས་ཡོད་པ་ཞིག་བསྐྲུན་གནང་བ་འདི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་འཛིན་སྐྱོང་ཙམ་མིན་པར། དེ་ལ་ལེགས་བཅོས་དང་ཡར་རྒྱས་ཡང་ཧ་ཅང་ཤུགས་ཆེན་པོ་གཏོང་ཐུབ་པ་བྱུང་བ་འདི་དག་ནི་རླབས་ཆེན་གྱི་མཛད་འཕྲིན་དེ་དག་གི་ཆ་ཤས་ཤིག་རེད་བསམ་གྱི་ཡོད།
དེ་ལྟར་གོང་གསལ་གྱི་མཛད་འཕྲིན་གསུམ་པོ་དེར་ང་རང་ཚོའི་ངོས་ནས་ཁ་ཕན་ཚིག་ཕན་ཞིག་ལས་མ་རུང་བྱུང༌། རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུའི་ཞལ་འདེབས་གང་ཞིག་བརྒྱབ་ཐུབ་ཀྱང་དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་དང༌། ལྷག་པར་བོད་མི་རིགས་སྤྱི་ཡོངས་ལ་ཕན་པ། བོད་མི་རིགས་ལ་སྤྱི་ཡོངས་ལ་ཕན་པ་དེ་བརྒྱུད་ནས་བོད་མི་རིགས་ཀྱི་ཕུགས་ཀྱི་དམིགས་ཡུལ་དེ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་རྒྱུ་དེ་བོད་པའི་དོན་དག་གཅིག་པུ་མིན། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་རེད། ད་ལྟ་ངས་གོང་དུ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་དང༌། དེ་བཞིན་ཆོས་ལུགས་ཀྱི་མཐུན་སྒྲིལ་ཞེས་པ་དེ་གང་ལ་སྦྱར་ནའང་འགྲིགས་པའི་མཛད་རྗེས་རླབས་པོ་ཆེ་གཅིག་ལུས་འདུག ད་ལྟ་སྐབས་འདིར་ཟུར་ཙམ་ཞིག་ཞུ་གི་ཡིན། དེ་གང་ཞིག་ཡིན་ཞེ་ན། ནང་ཆོས་དང་དེང་རབས་ཚན་རིག་བར་གྱི་འབྲེལ་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གསར་བཙུགས་གནང་བ་དེ་ནི་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་སྐབས་སུ་མ་བྱུང་བའི་གསར་གཏོད་ཆེན་པོ་ཞིག་དང༌། རླབས་ཆེན་གྱི་མཛད་པ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཆོས་ལུགས་ནང་ཕན་ཚུན་མཐུན་པོ་ཡོང་དགོས་ན། ཆོས་དང་དེང་རབས་ཚན་རིག་གཉིས་དབར་འགལ་ཟླ་མེད་པ་ཞིག་ཡོང་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད། དེང་རབས་ཚན་རིག་དང་ཆོས་ལུགས་ཀྱི་བར་དུ་འགལ་ཟླ་ཆེན་པོ་ཆགས་ནས་བསྡད་པ་དང༌། ཆོས་ཀྱིས་ཚན་རིག་གི་ཁ་གཏད་མ་ཆོག་པ་དང༌། ཚན་རིག་གིས་ཆོས་ལ་རྒྱུན་དུ་འགལ་ཟླ་བྱེད་པའི་གནས་ཚུལ་དེ་དག་ཏུ་གནས་ན་ཆོས་རྒྱུན་ཡག་པོ་ཞིག་འཛིན་མི་ཐུབ་པ་མ་ཟད། ཆོས་རྒྱུན་འཛིན་ན་ཡང་ཆོས་རྒྱུན་དེ་དག་རྨོངས་དད་ཀྱི་རང་བཞིན་ཞིག་ལས། ཚན་རིག་མཐུན་པའི་ཆོས་ལ་ངོས་འཛིན་བྱ་རྒྱུ་ཁག་པོ་ཞིག་ཆགས་ཀྱི་རེད།
ལྷག་པར་འཛམ་གླིང་ནང་དེང་སྐབས་བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་དང༌། བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དོ་སྣང་བྱས་པའི་དབང་གིས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་བ་དེ་བོད་བརྒྱུད་ནང་ཆོས་དང༌། དེང་རབས་ཚན་རིག་གི་བར་གྱི་འབྲེལ་མོལ་ཡང་ཡང་ཡོང་ཐུབ་པ་དང༌། དཔེར་ན། ནང་ཆོས་དང་ཚན་རིག་གི་དབར་གྱི་བགྲོ་གླེང་ཚོགས་འདུར་ཆ་མཚོན་ན། འདི་ལོའི་ཚོགས་འདུ་དེ་ཉིད་ཐེངས་བཅུ་དྲུག་པ་དེ་ཆགས་ཡོད། ཚོགས་འདུ་དེ་ཐེངས་བཅོ་ལྔ་ཙམ་ཞིག་ཚོགས་ཟིན་པ་རེད། དེ་ནི་འཛམ་གླིང་གི་མི་ཚང་མས་དོ་སྣང་བྱེད་པའི་གཞི་རྩ་རླབས་ཆེན་པོ་ཞིག་ཆགས་པ་དེས་ཆོས་ལ་མཐོང་ཆེ་རུ་ཕྱིན་པ་དང༌། དེ་བཞིན་ཆོས་ལུགས་བར་གྱི་མཐུན་ལམ་ཡག་ཏུ་འགྲོ་བ། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་བྱེད་པར་ཕན་པ་སོགས་ཧ་ཅང་རླབས་ཆེན་པོ་ཞིག་བྱུང་ཡོད།
སྤྱིར་བཏང་དེང་རབས་ཀྱི་ཚན་རིག་པ་དེ་རྣམས་སྙིང་རྗེ། ད་ལྟ་གནས་ཚད་དམའ་པོའི་སྐབས་ཤིག་རེད་ལ། དེང་རབས་ཀྱི་ཚན་རིག་ཡར་རྒྱས་ཕྱིན་ནས་ལོ་ཉིས་བརྒྱ་ཡས་མས་ཤིག་ལས་ཕྱིན་མེད། ད་དུང་ལམ་ཐག་ཧ་ཅང་རིང་པོ་འགྲོ་རྒྱུ་བསྡད་ཡོད། དེས་ན་ཨར་ཅ་ཡ་སྦི་ན་པ་རི་༼༡།༥༠།༢༧༽ཡིས་རྟག་ཏུ་གསུངས་པ་ལྟར། ཚན་རིག་ཡར་རྒྱས་འགྲོ་བའི་མགྱོགས་ཚད་དེ་མ་འགག་པར་རྟག་ཏུ་ཕྱིན་ན་ཉིན་ཞིག་ཆོས་དང་ཚན་རིག་གཉིས་ཀ་འདྲ་མཉམ་སླེབས་པའི་གོ་སྐབས་ཤིག་ཡོང་གི་རེད། ད་ལྟ་ཆོས་ཀྱི་གནས་ལུགས་ཡོངས་སུ་རྫོགས་པ་ཚན་རིག་པས་རྟོགས་རྒྱུ་ཁག་པོ་རེད། འོན་ཀྱང་ཚན་རིག་ཡར་རྒྱས་ཀྱི་འགྲོས་ཏེ་མ་ཉམས་པར་བསྡད་ཐུབ་ན། ཉིན་ཞིག་ཚན་རིག་གི་ཐོག་ནས་ཆོས་ཀྱི་གནས་ལུགས་མང་པོ་ཞིག་ར་སྤྲོད་ཡོང་བའི་རེ་བ་ཡོད་པ་རེད་བསམ་གྱི་འདུག དེས་ན་འཇིག་རྟེན་འདིའི་འགྲོ་བ་མི་སྤྱི་ཡོངས་ལ་རླབས་ཆེན་གྱི་ཕན་ཐོགས་ཡོང་རྒྱུ་ཡིན་པ་གདོན་མི་ཟ་བ་རེད། དེ་དག་ངོས་འཛིན་བྱས་པའི་ཐོག་ནས་རང་རང་སོ་སོས་རྣམ་དཔྱོད་དང་ནུས་པ་ལ་བསྟུན་པ་དང༌། ལྷག་པར་རང་རང་སོ་སོའི་ཁམས་དང་བསམ་པ་མཐུན་པའི་གང་ཞིག་གནང་ཐུབ་ཀྱི་ཡོད་པ་དེ་མཛད་འཕྲིན་རླབས་ཆེན་གསུམ་བཞི་ཡོད་པ་དེ་དག་གང་གི་ཐོག་ཏུ་ཞལ་འདེབས་སྐྱོན་ཐུབ་པ་དེ་སྐུ་བཅར་གྲྭ་ཚང་གི་དགེ་འདུན་རྣམས་ཀྱིས་གནང་དགོས་པ་ཞིག་རེད་ལ། གནང་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལན་འདིར་མཚམས་བཞག་གི་ཡིན། དུས་ཚོད་ལྷག་མ་ཡོད་པ་དེའི་ནང་བཀའ་འདྲི་གནང་རྒྱུ་འདུག་ན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ༡།༥༢།༣༩
དྲི་བ་དང་པོ། ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུ་རྒྱུ་དེ། ད་ལྟ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གསུམ་གྱི་ཐོག་བཀའ་སློབ་ཕེབས་སྐབས། ང་རང་གི་འཚོར་སྣང་ལ་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་རྒྱབ་ལྗོངས་བྱས་པའི་ཐོག་ནས་བོད་མི་རྣམས་ཀྱི་ལས་འགན་ནི་འཇིག་རྟེན་ཞི་བདེ་སོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་ལས་འགན་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་བྱུང་སོང༌། དེས་ན་ངས་ད་ལྟ་བཀའ་དྲི་ཞུ་རྒྱུ་ནི། ད་ལྟ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༢ ལོར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་སོགས་གཏན་འབེབས་གནང་ཡོད་པ་རེད། དེའི་ནང་དུ་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་ཐབས་སོགས་ཀྱི་ཐོག་ཏུ་ལམ་སྟོན་མང་པོ་ཞིག་བཀའ་ཕེབས་ཡོད་པ་རེད། ངས་རིན་པོ་ཆེ་མཆོག་གི་བཀའ་སློབ་གཅིག་གི་ནང་དུ་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ཞེས་པ་དེ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཆེན་མོ་དང་གཅིག་པ་ཡིན་ཚུལ་བཀའ་མྱོང་ཡོད་པ་རེད་ཅེས་གོ་ཐོས་བྱུང༌། དེས་ན་དེའི་ནང་གཏན་འབེབས་གནང་བའི་སྤྱི་ཚོགས་ཀྱི་འཛུགས་སྐྲུན་དང༌། མ་འོངས་འབྱུང་འགྱུར་གྱི་དགོངས་པ་བཞེས་ཕྱོགས་དང༌། རིན་པོ་ཆེ་མཆོག་ནས་མ་འོངས་པར་འབྱུང་འགྱུར་བོད་ཀྱི་བསམ་པའི་འཆར་སྣང་ཞེས་པ་དེ་དག་དེ་ལྟ་བུའི་སྤྱི་ཚོགས་ཀྱི་འཛུགས་སྐྲུན་བྱ་རྒྱུའི་ཁོར་ཡུག་དེ་དག་ད་ལྟ་ང་ཚོས་རྩོད་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་ཁོར་ཡུག་ཐོབ་ཐབས་བྱེད་པའི་རང་དབང་གི་ཁོར་ཡུག་དེའི་ནང་དུ་ལམ་སྲོལ་དེ་ཚོ་ང་ཚོས་ལོངས་སུ་སྤྱོད་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་དེ་ཕྱི་ལོ་ ༡༩༩༢ ལོར་གནང་བ་དེ་གཞི་རྩ་བཞག་ས་ནི་སི་ཊ་སི་སྦག་གི་གྲོས་འཆར་ནང་བཀའ་གནང་ཡོད། སི་ཊ་སི་སྦག་གི་གྲོས་འཆར་ནང་མ་འོངས་བོད་ཀྱི་གནས་སྟངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་སུམ་བཅུ་སོ་དྲུག་གི་འོག་ནས་ཧོང་ཀོང་དང་མའོ་ཀའོ་སི་དང་གནས་ཚུལ་མཚུངས་པ་ཞིག་སྟེ། གཞི་རིམ་གྱི་ཁྲིམས་ཡིག་ལོགས་སུ་ཡོད་པའི་རང་སྐྱོང་ཞིག་ལ་དགོངས་པ་བཞེས་ཡོད་པ་རེད། འོན་ཀྱང་སི་ཊ་སི་སྦག་གི་གྲོས་འཆར་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཡ་ལན་གང་ཡང་མ་བྱུང་བ་མ་ཟད་དེ་ལ་ལྡོག་ཕྱོགས་ཀྱི་ལན་འདེབས་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་སི་ཊ་སི་སྦག་གི་གྲོས་འཆར་ནང་ཡོད་པའི་གནས་ཚུལ་དེ་དག་ལ་ང་ཚོས་འགན་འཁུར་གང་ཡང་བྱེད་དགོས་དོན་མེད་ཅེས་བཀའ་གནང་ཡོད། དེའི་ལོ་རྗེས་མའི་གསུམ་དུས་ཀྱི་གསུང་འཕྲིན་ཐོག་སི་ཊ་སི་སྦག་གི་གསུང་བཤད་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་རེད་ཅེས་བཀའ་གནང་ཡོད་པ་རེད། དེ་བཞིན་ལོ་དེའི་མང་གཙོའི་དུས་ཆེན་གྱི་གསལ་བསྒྲགས་ཀྱི་ནང་དུ་སྐབས་དེའི་བཀའ་ཤག་གིས་སི་ཊ་སི་སྦག་གི་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་རེད་ཅེས་བཀའ་གནང་ཡོད། དེས་ན་ཕྱི་ལོ་ ༡༩༩༢ ལོར་བཀའ་སློབ་ཕེབས་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་རྣམས་སི་ཊ་སི་སྦག་གི་གསུང་བཤད་ཀྱི་ཐོག་ལ་གཞིར་བཞག་པ་ཡིན་སྟབས། སི་ཊ་སི་སྦག་གི་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་དང༌། དེ་ཚོ་ཡང་མཉམ་དུ་རང་བཞིན་ནུས་མེད་དུ་ཕྱིན་པ་ཞིག་ལ་ངོས་ལེན་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དེ་ནི་སྐབས་དེར་རང་བཞིན་ནུས་མེད་དུ་ཕྱིན་པ་རང་རེད།
དེ་རྗེས་ལས་རིམ་གསར་པ་ཞིག་བྱུང་ཡོད་པ་ནི། མང་མོས་ཐག་གཅོད་ཀྱི་འོས་བསྡུ་བྱ་རྒྱུ་དེ་ཡིན། དེ་ནི་ཕྱི་ལོ་ ༡༩༩༥ ལོའི་གསུམ་དུས་ཀྱི་གསུང་འཕྲིན་ནང་དུ་མི་དམངས་ཀྱི་བསམ་ཚུལ་བསྡུ་དགོས་ཞེས་བཀའ་གནང་ཞིང༌། ཕྱི་ལོ་ ༡༩༩༦ ལོའི་གསུང་འཕྲིན་ནང་ཕལ་ཆེར་ཐག་བཅད་ནས་མང་མོས་ཐག་གཅོད་འོས་བསྡུ་བྱེད་ཀྱི་ཡིན་ཞེས་བཀའ་གནང་ཡོད། མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་པའི་རྒྱབ་ལྗོངས་ནི་སི་ཊ་སི་སྦག་གི་གྲོས་འཆར་ནུས་མེད་དུ་ཕྱིན་པ་ཡིན་སྟབས། ཐབས་ལམ་གསར་པ་ཞིག་གམ་གོམ་པ་གསར་པ་ཞིག་བརྒྱབ་དགོས་པར་བརྟེན་ཕྱི་ལོ་ ༡༩༩༦།༡༩༩༧ གཉིས་ཙམ་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུའི་ལས་རིམ་དེ་བརྩམས་པ་རེད། ལས་རིམ་དེའི་ནང་དུ་བཀའ་ཤག་དང༌། སྤྱི་འཐུས་ཀྱི་ངོས་ནས་ས་གནས་སུ་ཚོགས་འདུ་འཚོགས་པ་དང༌། གདམ་བྱའི་ངོ་བོ་རྣམས་རང་བཙན་དང༌། རང་ཐག་རང་གཅོད། དབུ་མའི་ལམ། བདེན་པའི་ཨུ་ཚུགས་བཅས་བང་རིམ་བསྒྲིགས་ནས་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་ལས་རིམ་དེ་རྒྱུན་རིང་པོ་ཞིག་ཏུ་ཕྱིན་པ་རེད། མཐའ་མར་བཞུགས་སྒར་རྡ་སར་ཚོགས་འདུ་ཆེན་པོ་ཞིག་འཚོགས་རྗེས་བྱེས་འབྱོར་བོད་མི་མང་ཆེ་བ་དང༌། བོད་ནང་ནས་ཀྱང་བསམ་འཆར་བསྡུ་རུབ་བྱས་པ་ཚང་མ་ཕྱོགས་བསྡོམས་བརྒྱབ་སྐབས་ཕལ་ཆེར་བརྒྱ་ཆ་ ༦༤ དང་ཚེག་ ༦༠ ཙམ་ཞིག་གིས་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་པར་དབུ་མའི་ལམ་དེ་ཉིད་རྒྱུན་འཁྱོངས་གནང་རོགས་གནང་ཞེས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུས་ནས་དུས་སུ་ཐག་གཅོད་གནང་རོགས་གནང་ཞེས་པ་དེ་ཉིད་མཉམ་དུ་བསྡོམས་ཡོད། དེ་གཉིས་བསྡོམས་པས་བརྒྱ་ཆ་ ༦༥ མ་ཟིན་ཙམ་ཞིག་བྱུང་ཡོད། དེའི་ཐོག་ལ་སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་ཀྱི་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་གནས་བབ་དང༌། བོད་ནང་གི་གནས་བབ་ལ་གཟིགས་ནས་བོད་མིའི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དུས་ནས་དུས་སུ་ཐག་གཅོད་གནང་རོགས་གནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐག་གཅོད་གང་ཞིག་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དང་ནུས་པ་མཚུངས་པ་ཞིག་ལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཆ་འཛིན་ཞུ་གི་ཡིན་ཞེས་གྲོས་ཆོད་ཀྱི་བརྗོད་ཚིག་ཏུ་དེ་ལྟར་འཁོད་ཡོད། གྲོས་ཆོད་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ངས་ཐག་གཅོད་བྱེད་དགོས་ཀྱི་ཡོད་ན། ངས་ད་ལྟ་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཞེས་བཀའ་གནང་སྟེ་ཕྱི་ལོ་ ༢༠༠༨ བར་གྲོས་ཆོད་དེའི་ལམ་ནས་འདི་ལྟར་ཕེབས་པ་རེད།
དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་གི་ཡིན་ཞེས་བཀའ་གནང་བའི་སྐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བའི་མ་འོངས་བོད་ཀྱི་ཆབ་སྲིད་གནས་བབ་གང་འདྲ་ཞིག་ཡིན་པ་དེ། སྐབས་དེ་དུས་གསལ་པོ་བཟོས་གནང་མཛད་མེད། དེ་ལྟར་ལོ་ཁ་ཤས་ཕྱིན་པའི་རྗེས་སུ་ཕྱི་ལོ་ ༢༠༠༡ ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་ལས་གནས་ཀྱི་ཐོག་ཏུ་སླེབས་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུ་ཡིན་ན། བོད་རྒྱ་འབྲེལ་མོལ་མ་བྱས་པར་བསྡད་ན་ཕན་ཐོགས་མེད་པ་ཞིག་ཏུ་མཐོང་སྟེ་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་འབད་བརྩོན་བྱས་ནས་ཕྱི་ལོ་ ༡༩༩༤ ལོ་ནས་བར་མཚམས་ཆད་པའི་འབྲེལ་མོལ་དེ་ཕྱི་ལོ་ ༢༠༠༢ ལོར་བསྐྱར་དུ་མཐུད་པ་རེད། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༧ བར་འབྲེལ་མོལ་ཐེངས་དྲུག་བྱས་པའི་སྐབས་སུ་འབྲེལ་མོལ་གྱི་ནང་དོན་གང་ཞིག་བཏོན་གྱི་ཡོད་ཅེ་ན། ང་ཚོས་རྒྱལ་སྤྱིའི་ནང་དང་རྒྱ་ནག་གཉིས་ཀར་བརྗོད་ཐུབ་པ་དང༌། བཤད་ན་རྒྱ་ནག་གི་ངོས་ནས་མིན་ཞེས་བརྗོད་རྒྱུའི་གོ་སྐབས་མེད་པའི་གནས་ཚུལ་གཅིག་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ཡོད་པའི་མི་རིགས་ས་གནས་རང་སྐྱོང་དེ་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་ལག་བསྟར་བྱེད་དགོས་ཀྱི་འདུག་པ་དེ་རང་ཡིན་པའི་ཐོག་ཏུ་ང་ཚོ་སླེབས་ཡོད་པ་རེད། དེ་བར་གྱི་བརྒྱུད་རིམ་དེ་ཧ་ཅང་གི་རིང་པོ་རེད། འབྲེལ་མོལ་ཐེངས་དྲུག་པ་བྱས་པ་དེ་བརྒྱུད་རིམ་དེའི་ཆ་ཤས་ཤིག་རེད། དེ་དང་མཉམ་དུ་རྒྱལ་སྤྱིའི་ནང་དུ་དེ་དང་དེའི་བརྒྱུད་རིམ་མང་པོ་ཞིག་ཕྱིན་ཡོད་པ་རེད། ཨ་རི་དང༌། ཡོ་རོབ། ལྷག་པར་རྒྱ་ནག་ནང་དང་ཉི་ཧོང་སོགས་སུ་བོད་ཀྱི་གྲོགས་པོ་དང་རྒྱབ་སྐྱོར་བྱེད་མཁན་རྣམས་དང་མཉམ་དུ་གོ་བསྡུར་མང་པོ་ཞིག་བྱས་པ་རེད། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་ཕྱོགས་དང༌། ཤུགས་སྣོན་ཚང་མར་འཚོར་སྣང་ཆེན་པོའི་ཐོག་ནས་དོ་སྣང་བྱས་ཡོད་པ་རེད། དེ་དག་ཚང་མ་བྱས་པའི་མཇུག་འབྲས་སམ་འབྲེལ་མོལ་ཐེངས་དྲུག་བྱས་པའི་ཚོགས་ཆུང་གི་ཐོག་ནས་ལྟ་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལག་ལེན་བསྟར་ཕྱོགས་ཀྱི་ཐབས་ལམ་གསར་པ་ཞིག་སྟོན་དགོས་ཀྱི་ཡོད་པ་དེ་འབྲེལ་མོལ་ཐེངས་བདུན་པའི་སྐབས་སུ་ཁ་གསལ་པོ་ཞིག་བྱུང་ཡོད། དེས་ན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ང་ཚོའི་དགོས་འདུན་གྱི་ཡིག་ཆ་སྤྲད་པ་དེའི་ནང་དུ་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དེ་ལག་བསྟར་བྱེད་དགོས་ཞེས་དེའི་ཐོག་ཏུ་ཕྱིན་པ་རེད། དེས་ན་དེ་གཉིས་ཀྱི་བར་ལ་ཁྱད་པ་ཆེན་པོ་ཞིག་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།
མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་དེ་དག་ད་ལྟ་སྔ་ལོ་ཕྱི་ལོ་ ༢༠༠༨ ལོར་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱ་རྒྱུའི་ཡིག་ཆ་དེ་གཉིས་ཁ་མཐུན་གྱི་མེད། གཅིག་ནི་འདས་པའི་སྐད་ཆ་ཡིན་ལ། དེ་ནི་རང་བཞིན་ནུས་མེད་དུ་ཕྱིན་པའི་ཡིག་ཆའི་ནང་དུ་བརྩིས་དགོས་པ་ཞིག་ཡིན། དེ་ནི་ལེའུ་ལྟ་བུ་གཅིག་ཡིན།
བོད་མིའི་མངོན་འདོད་དེ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཀྱི་ཁེ་དབང་བྱུང་ན་བོད་མིའི་མངོན་འདོད་ཆ་ཚང་དེའི་ནང་ནས་སྒྲུབ་ཐུབ་བམ་ཞེས་པ་ནི་དྲི་བ་དེའི་ཆ་ཤས་གཉིས་པ་དེ་རེད། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་ཞིག་ལྷག་བསམ་རྣམ་དག་གི་ཐོག་ནས་ལག་ལེན་དུ་བསྟར་ན་བོད་མིའི་མངོན་འདོད་མང་ཆེ་བ་སྒྲུབ་ཐུབ་ཀྱི་ཡོད། བརྒྱ་ཆ་བརྒྱ་ཐམ་པ་སྒྲུབ་མ་ཐུབ་རུང༌། བརྒྱ་ཆ་དགུ་བཅུ་གོ་དྲུག་ཙམ་ཞིག་སྒྲུབ་ཐུབ་པའི་དེའི་ནང་དུ་ཆ་རྐྱེན་ཡོད་པ་རེད། ལྷག་པར་དབུ་མའི་ལམ་གྱི་སྙིང་དོན་དེ་གང་ཞིག་རེད་དམ་ཞེ་ན། བོད་མིའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་དབང་ཚད་གཅིག་གི་འཐབ་རྩོད་མིན་པར། བོད་མི་རྣམས་ལ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་པའི་གོ་སྐབས་བསྐྲུན་རྒྱུའི་འཐབ་རྩོད་ཅིག་ཡིན་པ་དེ་ང་ཚོས་རྒྱུན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གང་ཞིག་གསུང་གི་ཡོད་ཅེ་ན། དོན་དང་པོ་ནི། བོད་པའི་འཐབ་རྩོད་དེ་གུང་ཁྲན་རིང་ལུགས་དང༌། མར་རྩའི་རིང་ལུགས། ཡང་ན་ལམ་སྲོལ་རྙིང་པ་དང་ལམ་སྲོལ་གསར་པའི་དབར་སོགས་ཀྱི་འཐབ་རྩོད་ཅིག་གཏན་ནས་མིན་ཞེས་དང༌། དོན་ཚན་གཉིས་པར་བོད་པའི་འཐབ་རྩོད་དེ་རྒྱ་མི་རིགས་དང་བོད་མི་རིགས་ཀྱི་འཐབ་རྩོད་ཅིག་ཀྱང་མིན། དོན་ཚན་གསུམ་པར། ང་ཚོའི་འཐབ་རྩོད་ནི་དབང་ཆ་སུས་འཛིན་མིན་གྱི་འཐབ་རྩོད་ཀྱང་མིན། འོ་ན་བོད་པའི་འཐབ་རྩོད་དེ་གང་ཞིག་ཡིན་ཞེ་ན། བོད་པའི་འཐབ་རྩོད་དེ་ནི་བོད་མི་ཡོངས་ལ་རང་གི་མངོན་འདོད་དང་མཐུན་པའི་མི་ཚེ་སྐྱེ་རྒྱུ་ཞིག་དང༌། བོད་པའི་མི་རབས་ནས་མི་རབས་བརྒྱུད་དེ་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་ཐུབ་པ་ཞིག་བཟོ་དགོས་པ་ཡིན། དེ་ནི་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་འཐབ་རྩོད་དེ་ཡིན་ཞེས་བཀའ་གནང་གི་ཡོད། དེ་རང་ལ་དམིགས་ཡུལ་བཟུང་ནས་བསྡད་ན། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ལག་ལེན་དུ་བསྟར་ན། དེའི་ནང་དུ་ང་ཚོའི་མངོན་འདོད་དེ་ཏན་ཏན་སྒྲུབ་ཐུབ་ཀྱི་རེད་སྙམ་གྱི་ཡོད།
འོན་ཀྱང་དཀའ་ངལ་གང་ཞིག་འཕྲད་ཀྱི་ཡོད་ཅེ་ན། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ཕྱག་ལེན་དུ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་དུ་ཡོད་པའི་ཆ་རྐྱེན་དེ་རྣམས་ཡོངས་སུ་རྫོགས་པ་ལག་ལེན་དུ་བསྟར་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ད་ལྟ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་འཕྲད་པ་དེ་ཁོ་རང་ཚོས་བརྗོད་སྟངས་འདྲ་མིན་དང༌། ཚིག་འདྲ་མིན་སྣ་ཚོགས་ཤིག་གི་ཐོག་ནས་བཤད་ཀྱི་ཡོད་ཀྱང༌། གང་ལྟར་དེ་དག་ལག་ལེན་དུ་བསྟར་ཐུབ་ཀྱི་མེད་པ་དེ་ཁོང་རང་ཚོའི་བསམ་བློའི་ནང་དུའང་ཡོད་པ་རེད་བསམ་གྱི་འདུག འོན་ཀྱང་ད་ལྟ་ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་རྩ་ཁྲིམས་ཀྱི་ཆ་རྐྱེན་གྱི་ཕྱི་ལོགས་སུ་སྣ་ཁ་གཅིག་ཀྱང་རེ་འདུན་འདོན་གྱི་མེད། རྩ་ཁྲིམས་ཀྱི་ནང་དུ་ཡོད་པའི་རྒྱུན་འཁྱོངས་ཆེན་པོ་གསུམ་ལའང་ང་ཚོས་འགལ་ཟླ་བྱེད་ཀྱི་མེད། འོན་ཀྱང་ང་ཚོའི་མངོན་འདོད་དེ་ནི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་རྒྱ་ནག་མི་དམངས་སྤྱི་མཐུན་གྱི་ཁྱབ་ཡོངས་སུ་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པ་ཞིག་ལག་བསྟར་བྱེད་དགོས་ཞེས་བརྗོད་པའི་མཚམས་སུ་ད་ལྟ་སླེབས་ཡོད། ས་མཚམས་འདི་ནས་གང་དུ་འགྲོ་གི་རེད་ཅེ་ན། འགྲོ་ལམ་གཉིས་ལས་མེད། འགྲོ་ལམ་དང་པོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོས་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་ན། དེ་གས་འགྲིག་གི་འདུག ཁྱེད་རང་ཚོས་རྩ་ཁྲིམས་ནང་དུ་ཡོད་པ་རྣམས་མ་གཏོགས་རྩ་ཁྲིམས་ཀྱི་ཕྱི་ལོགས་སུ་རེ་འདུན་གང་ཡང་བྱེད་ཀྱི་མེད། རྩ་ཁྲིམས་ཀྱི་ནང་དུ་ཡོད་པ་རྣམས་ང་ཚོས་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་གྱི་ཡིན་ཞེས་བརྗོད་ན། བོད་མི་རིགས་ཀྱི་ད་ལྟ་ཡོད་པའི་དཀའ་རྙོག་སེལ་བའི་འགོ་འཛུགས་ཡག་པོ་ཞིག་བྱེད་ཐུབ་ཀྱི་རེད་བསམ་གྱི་ཡོད། དཀའ་ངལ་སེལ་རྒྱུའི་འགོ་འཛུགས་ཤིག་ཆགས་ན། ཁོང་རང་ཁོ་རང་ལ་བརྒྱུད་རིམ་ཆགས་ཀྱི་རེད། ཁོ་རང་ཁོ་རང་ལའང་འཕེལ་རིམ་ཞིག་ཆགས་ཀྱི་རེད། དཀའ་ངལ་དེ་སངས་པའི་ལས་རིམ་གྱི་ནང་དུ་དཀའ་ངལ་གསར་པ་ཡང་ཡོང་གི་རེད། དཀའ་ངལ་དེ་དག་རིམ་བཞིན་སེལ་གྱིན་དུ་ཕྱིན་ན་མཐའ་མ་དེ་བོད་མི་རིགས་དང༌། རྒྱ་མི་རིགས་གཉིས་ཀར་འདོད་བློ་ཁེངས་པའི་ཐབས་ལམ་ཞིག་རྙེད་ཀྱི་རེད་བསམ་གྱི་ཡོད། དེ་ནི་འགྲོ་ལམ་དང་པོ་རེད།
འགྲོ་ལམ་གཉིས་པ་ནི། དེ་ལྟར་ཡོང་གི་མ་རེད་ཅེས་བརྗོད་རྒྱུ་དེ་རེད། ཁོ་རང་ཚོས་ད་ལྟ་དེ་བརྗོད་ཀྱི་ཡོད་པ་རེད། དེའི་ནང་དུ་མངོན་པ་མི་གསལ་བའི་རང་བཙན་དང༌། ཕྱེད་རང་བཙན་གྱི་སྐད་ཆ་འདུག་ཅེས་བརྗོད་ཀྱི་ཡོད། འོ་ན་མངོན་པ་མི་གསལ་བའི་རང་བཙན་དང༌། ཕྱེད་རང་བཙན་གྱི་སྐད་ཆ་གང་ཞིག་འདུག་ཅེས་དྲིས་ན། དེ་ལ་ལན་མེད་ལ། འདི་འདུག་ཅེས་མཛུབ་མོ་འཛུགས་རྒྱུ་ཡང་མེད། སྤྱི་མ་སྤོམ་གྱི་ཐོག་ནས་འདི་ལྟར་བརྗོད་ཀྱི་ཡོད། དེ་ལྟར་བརྗོད་བཞིན་དུ་བསྡད་ན། བོད་ཀྱི་དཀའ་རྙོག་སེལ་བའི་ལས་རིམ་དེ་འགོ་བཙུགས་ཐུབ་ཀྱི་མེད་པ་རེད། ལས་དེ་འགོ་བཙུགས་མ་ཐུབ་ན་ད་ལྟའི་བརྒྱུད་རིམ་འདི་མུ་མཐུད་ནས་འགྲོ་རྒྱུ་རེད། རྒྱལ་སྤྱིའི་ནང་དང༌། རྒྱ་ནག་ནང་བཅས་སུ་བརྒྱུད་རིམ་འདི་མུ་མཐུད་ནས་འགྲོ་རྒྱུ་རེད། ད་ལྟའི་བརྒྱུད་རིམ་མུ་མཐུད་ནས་འགྲོ་སྐབས། རྒྱ་ནག་ནང་དུ་འགྱུར་བ་ཡོང་སྲིད་པ་རེད་ལ། རྒྱལ་སྤྱིའི་ནང་དུའང་འགྱུར་བ་ཡོང་སྲིད་པ་དང༌། དེ་བཞིན་བོད་ཀྱི་ནང་དུའང་འགྱུར་བ་ཡོང་སྲིད་པ་ཡིན། དེ་ཚོའི་འགྱུར་བའི་རྣམ་གྲངས་དང་འགྱུར་འགྲོས་ལ་བསྟུན་ནས་ང་ཚོ་མ་འོངས་ཇི་སྲིད་ནམ་གནས་ཀྱི་བར་དུ་ཡིག་ཆ་དེ་རང་གི་ཐོག་ལ་འགུལ་སྐྱོད་བྱ་རྒྱུ་མེད་པར་བསྡད་གྲབས་ཡོད་དང༌། ཡང་ཁྱོན་ཡོངས་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་གྲབས་ཡོད། གང་ལྟར་འགྱུར་བ་འགྲོ་མིན་ལ་མ་བལྟོས་པར་ང་ཚོའི་ལས་འགུལ་དེ་ལྕགས་སྦུབ་དེའི་ནང་དུ་ཚུད་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། དེས་ན་ང་ཚོའི་ལས་འགུལ་དེ་ཆུ་ལ་མཚོན་ན་ལྕགས་སྦུབ་དེའི་ནང་དུ་ཚུད་ཡོད། ལྕགས་སྦུབ་དེའི་ནང་དུ་ཚུད་ཟིན་སྟབས་འགྲོ་ལམ་གཉིས་པོ་གང་དུ་ཕྱིན་ནའང་དེ་གཉིས་གཅིག་གི་ཐོག་ཏུ་དགོས་པ་ཞིག་རེད། ད་ལྟ་ང་ཚོས་དེ་འགྲིག་གི་མི་འདུག་ཅེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་རྣམས་ལ་བརྗོད་བཞིན་ཡོད་ཀྱང་གནས་ལུགས་རྒྱུ་མཚན་དེ་སུ་གང་གིས་བཤད་ཐུབ་ཀྱི་མེད་པ་རེད།
ཁ་སང་ཕྱི་ཟླ་ ༧ ཟླ་མཇུག་ལ་ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་གི་འགོ་འཁྲིད་བྱས་ཏེ་རྒྱ་ནག་ནང་ནས་མཁས་པ་གདན་འདྲེན་ཞུས་པ་དང༌། ནུབ་ཕྱོགས་ནས་ཀྱང་མཁས་དབང་གདན་ཞུ་གནང་སྟེ་ང་ཚོས་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྒྲུབ་རྒྱུའི་མངོན་འདོད་ཀྱི་ཡིག་ཆ་དེའི་ཐོག་ལ་ཁོང་ཚོས་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། མཁས་པའི་བགྲོ་གླེང་གི་ཚོགས་འདུ་དེས་གྲུབ་དོན་རྣམས་ཧ་ཅང་གསལ་པོ་རེད་འདུག ད་ལྟ་ང་ཚོས་སྤྲད་པའི་ཡིག་ཆ་དེ་ང་ཚོ་མཚན་ཉིད་པ་ཡི་སྐད་ཆ་བཤད་སྟངས་ལྟར་ན། ལན་གྱི་ཟློག་ཏུ་མེད་པའི་ཐལ་བ་ཡིན་པ་དང༌། དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་ན་རྒྱ་ནག་ལ་ཁྲིམས་ཀྱིས་དབང་སྒྱུར་མེད་པ་དེ་ཧ་ཅང་ཁ་གསལ་ཆགས་རྒྱུ་ཡིན་པའི་གནས་བབ་དེ་བཤད་ཀྱི་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་ང་ཚོར་མཐུན་འགྱུར་བྱེད་མཁན་གྱི་རྒྱལ་ཁབ་ཚང་མས་ཡིག་ཆ་དེ་ཧ་ཅང་གི་ཚུལ་ལྡན་དང༌། མ་འོངས་པར་རྒྱ་ནག་དང་མཉམ་དུ་གཉིས་ཕྱོགས་སམ་མང་ཕྱོགས་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ནམ་ཞིག་བྱུང་སྐབས་སུ་སྐད་ཆ་བཤད་རྒྱུའི་གཞི་རྩ་དེ་བརྟན་པོ་དང་ཡག་པོ་ཞིག་ཆག་འདུག་ཅེས་བརྗོད་ཀྱི་ཡོད། དེས་ན་ད་ལྟ་ང་ཚོ་ལངས་ཕྱོགས་འདིའི་ཐོག་ནས་དང་ཡིག་ཆ་འདིའི་ཐོག་ལ་མུ་མཐུད་ནས་འགྲོ་རྒྱུ་རེད།
དྲི་བ་གཉིས་པ། རིན་པོ་ཆེ་མཆོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་ཆེན་གསུམ་གྱི་ནང་ནས་གལ་ཆེ་ཆུང་གི་སྒྲུབ་སྟངས་ཐོག་ནས་ཆོས་ལུགས་ནང་ཕན་ཚུན་གྱི་མཐུན་ལམ་ལས་བོད་དོན་འཐབ་རྩོད་ཀྱི་ལས་འགན་དེ་གལ་ཆེ་བ་ཞིག་ཏུ་མཐོང་གི་འདུག དེ་གང་ཡིན་ཞེ་ན། འཛམ་གླིང་འདིའི་ཐོག་གི་ཞི་བདེ་དང༌། ལྷིང་འཇགས་གང་ཞིག་ཡིན་ན་ཡང་བོད་དོན་འཐབ་རྩོད་འདི་ལ་རག་མང་པོ་ཞིག་ལུས་ཡོད་པ་རེད་བསམ་གྱི་འདུག བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་ན་ྋགོང་ས་མཆོག་གི་མཛད་ཆེན་དང་པོ་གཉིས་ཀྱང་རང་བཞིན་སྒྲུབ་པ་དང༌། གཉིས་ནས་ང་རང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་པ་འདི་འཛམ་གླིང་གི་ཞི་བདེ་དང༌། འགྲོ་བ་མི་སྤྱི་ལ་ཕན་པ་ཞིག་གི་ཆེད་དུ་ཡིན་ཞེས་བརྗོད་ཀྱི་ཡོད་སྟབས། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཆག་ཏུ་འགྲོ་བཞིན་ཡོད། བོད་ནང་དུའང་བོད་པ་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་བའི་ཉེན་ཁ་སོགས་ཉག་ཕྲ་བའི་དུས་ཤིག་ཡིན་སྟབས། ང་རང་ཚོ་བོད་པ་ཞིག་གིས་ངོས་ནས་བལྟས་ན། བོད་དོན་འཐབ་རྩོད་དེ་ཐོག་མར་སྒྲུབ་དགོས་པ་ལྟ་བུ་ཞིག་ཏུ་མཐོང་བས་མཛད་ཆེན་གསུམ་ལ་གལ་འགངས་ཆེ་ཆུང་རྣམ་དབྱེ་ཇི་ལྟར་ཕྱེ་དགོས་སམ།
བཀའ་ལན། ད་ལྟ་གོང་དུ་མཛད་ཆེན་གསུམ་བང་རིམ་བསྒྲིགས་པ་དེ། སྐབས་འགའ་ཞིག་ཏུ་གལ་གནད་ཆེ་ཆུང་གི་དབང་གིས་བང་བསྒྲིགས་ལྟ་བུ་ཞིག་བཀའ་གནང་བའི་གོ་སྐབས་ཡང་བྱུང་ཡོད། གལ་ཆེ་ཆུང་གིས་དབང་དུ་བཏང་བས་དབྱིན་སྐད་དུ་ཚིག་གཅིག་བེད་སྤྱོད་གནང་གི་ཡོད། པེ་ཧ་རེ་ཊི།༼༢།༡༥།༣༥༽ དབང་དུ་བཏང་ན་དང་པོ་གང་ཞིག་ཡིན་དང༌། གཉིས་པ་གང་ཡིན་སོགས་དང༌། ཡང་ པེ་ཧ་རེ་ཊི།ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན་སྤྱིར་བཏང་དང་པོ་དང་གཉིས་པ་ཞེས་གསུངས་པ་དེ་ནི་མཚམས་རེ་ཁྱབ་ཆེ་ཆུང་གི་ངོས་ནས་གསུངས་པ་ཡང་བྱུང་ཡོད། དེ་ལྟར་འདྲ་མིན་སྣ་ཚོགས་ཤིག་གི་ཐོག་ནས་བཀའ་གནང་གི་འདུག ཁྱབ་ཆེ་ཆུང་གི་ཐོག་ནས་གཟིགས་ན། འགྲོ་བ་མི་རིགས་སྤྱི་ཡོངས་དེ་ཁྱབ་ཆེ་ཤོས་ཡིན་ལ། དེ་རྗེས་ཆོས་ལུགས་ཀྱི་སྐོར་དེ་ལས་ཁྱབ་ཅུང་ཟད་ཆུང་བ་དེ་རེད། བོད་པ་དེ་མི་འབོར་སོགས་གང་གི་ཆ་ནས་ཁྱབ་ཆུང་ཤོས་དེ་རེད། དེའི་དབང་གིས་རིམ་པ་གསུམ་པོ་དེ་བང་རིམ་དེ་ལྟར་བསྒྲིགས་པ་ཡོད་པ་རེད་བསམ་གྱི་འདུག དེ་རིང་ངས་འགོ་སྟོད་ནས་འདིའི་ཐོག་ལ་ཕྲན་བུ་ཞིག་བརྡ་སྟོན་རྒྱུའི་ཐབས་ཤེས་བྱས་པ་ཡིན། གཅིག་བྱས་ན་དེ་ཙམ་གསལ་པོ་མ་བྱུང་བ་ཡིན་པ་འདྲ་འདུག བོད་ཀྱི་གནས་བབ་ད་ལྟ་ནང་བཞིན་ཆག་དགོས་པ་དང༌། དེ་ཡང་དུས་རབས་ཉེར་གཅིག་པ་དང་ཉེར་གཉིས་པ་བཅས་སུ་ཕྱིན་ནས་བོད་ཀྱི་གནས་བབ་ད་ལྟ་ནང་བཞིན་ཆག་དགོས་པ་དེ་གང་ཞིག་བྱས་པ་རེད་དམ། དེ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ལས། འཇིག་རྟེན་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་འབྲེལ་བ་གཏན་ནས་མེད་པར་ཆགས་པ་ཞིག་མིན།
གོང་དུ་ངས་སྐད་ཆ་དེ་ཤོད་སྐབས་རིང་པོ་ཞིག་ཆགས་སོང་བ་ལས། གང་ཞིག་ཞུས་ཡོད་ཅེ་ན། སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་དུ་འགྱུར་བ་འགྲོ་བ་དེ་ནུབ་ཕྱོགས་སུ་འཕྲུལ་ལས་ཅན་གྱི་གསར་བརྗེ་བྱུང་བ་ནས་བཟུང་འགྱུར་བ་རླབས་ཆེན་པོ་ཞིག་བྱུང་བ་རེད། སྤྱིར་བཏང་འཕྲུལ་ལས་ཀྱི་གསར་བརྗེ་ཞེས་པ་ནི། ཨིན་དྲ་སེ་ཀྲིན་ཨི་བུ་ལུ་ཤོན་༼༢།༡༧།༤༧༽ ཞེས་པ་དེ་འཕྲུལ་ལས་རྐྱང་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་ཡང༌། སྤྱི་ཚོགས་དང༌། དཔལ་འབྱོར། ཆབ་སྲིད་ཚང་མ་དང་འབྲེལ་བ་ཆགས་ཡོད་པ་ཡིན། སོ་ཤོལ་ཨི་ཁ་ནོ་མིག་པོ་ལི་ཊིག་སེ་འགྱུར་བའི་འགོ་དེ་བས་ཚུགས་པ་རེད།
ང་ཚོ་བོད་པའི་ཐོག་ཏུ་དམིགས་སུ་བཀར་ནས་ཞུས་ན། རྒྱ་ནག་ནམ་དུ་ཡང་སྟོབས་ཤུགས་ཆེན་པོ་བྱས་ནས་བསྡད་པ་རེད། བོད་པ་རྒྱ་ནག་དང་བསྡུར་ན་དུས་རབས་དགུ་པའི་རྗེས་སུ་ག་དུས་ཡིན་ན་ཡང་སྟོབས་ཤུགས་ཆུང་བ་ཡོད། དུས་རབས་དགུ་པའི་གོང་དུ་བོད་པས་རྒྱ་ནག་ཏུ་དམག་བརྒྱབ་ནས་རྒྱ་ཡི་ས་ཆ་མང་པོ་དབང་བསྒྱུར་བྱས་པ་དང༌། རྒྱ་ནག་གི་གོང་མ་རྒྱལ་ས་ནས་མཐར་སྐྲོད་གཏོང་བ་ལྟ་བུ་སྐབས་རེ་བྱུང་ཡོད། འོན་ཀྱང་མངའ་བདག་ཁྲི་རལ་པ་ཅན་གྱི་རྗེས་སུ་བོད་སིལ་བུར་འཐོར་བ་ནས་བཟུང་ཕྱི་ལོ་ ༡༩༥༨ བར་དམག་དང་དཔལ་འབྱོར་གྱི་ནུས་པའི་ཐོག་ནས་བལྟས་ན་ག་དུས་ཡིན་ཡང་རྒྱ་མི་སྟོབས་ཆེ་བ་དང་བོད་པ་སྟོབས་ཆུང་བའི་ཐོག་བསྡད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༨ བར་དུ་བོད་དེ་རྒྱ་མིས་ཆ་ཚང་དབང་བསྒྱུར་བྱས་མེད། སོག་པོས་དབང་བསྒྱུར་བྱས་པའི་སྐབས་སུ་ཡང་དུས་ཚོད་ངེས་ཅན་ཞིག་གི་བར་དུ་དབང་བསྒྱུར་བྱས་པ་ལས། དེ་རྗེས་བོད་དེ་བོད་པར་ཕྱིར་སློག་བྱས་པ་རེད། དཔེར་ན། ཕྱི་ལོ་ ༡༢༡༦། ༡༢༡༧ ཙམ་ནས་བོད་དེ་སོག་པོའི་འོག་ཏུ་ཕྱིན་པ་རེད། ཕྱི་ལོ་ ༡༢༦༥ ཙམ་ལ་བོད་རང་དབང་བསྐྱར་གསོ་བྱས་ནས་བོད་པ་རྣམས་རང་དབང་ཆགས་ཟིན་པ་རེད།
ཕྱི་ལོ་ ༡༩༥༨ གནས་བབ་དེ་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་འགྲོ་རྒྱུའི་གནས་བབ་དེ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེ་ན། ནུབ་ཕྱོགས་སུ་འཕྲུལ་ལས་ཀྱི་ཡར་རྒྱས་ཕྱིན་ཟིན་པའི་རྗེས་སུ་དཔལ་འབྱོར་གྱི་གནས་བབ་དེ་ཧ་ཅང་མི་འདྲ་བ་ཞིག་ཆགས་པ་རེད། དཔལ་འབྱོར་གྱི་གནས་བབ་མི་འདྲ་བ་ཆགས་པའི་དབང་གིས་མར་རྩའི་རིང་ལུགས་ཞེས་པའི་དཔལ་འབྱོར་གྱི་ལམ་ལུགས་དེ་དར་བ་རེད། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་དར་བ་ལ་བརྟེན་ནས་མ་རྩའི་བདག་པོ་རྣམས་ཀྱིས་ལས་མེད་དང་གླ་མེད་ལ་ཚད་ལས་འདས་པའི་བཤུ་གཞོག་གཏོང་བའི་དུས་ཚོད་ཅིག་བྱུང་བ་རེད། དེའི་དབང་གིས་དེའི་ཁ་གཏད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང༌། མར་ཁེ་སེ་རིང་ལུགས་ཞེས་པའི་གནས་བབ་དེ་བྱུང་བ་རེད། དེ་ལྟར་མར་ཁེ་སི་རིང་ལུགས་ཀྱི་གནས་བབ་དེ་བྱུང་བས་ན། ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་དེ་རྒྱ་ཆེ་རུ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་དམག་ཆེན་དང་པོ་དང༌། དམག་ཆེན་གཉིས་པ་བཅས་རིམ་པར་ལངས་པ་རེད། དེ་ཙམ་མ་ཟད་སུ་ཀད་ཡུ་ནིན། ཡུ་ཨེ་སེ་ཨེ་སེ་༼༢།༢༠།༥༠༽ཞེས་པ་དེ་གསར་པ་ཆགས་པ་རེད། ལོ་བདུན་ཅུ་དོན་གྲངས་རིང་དེ་ལྟར་དུ་བསྡད་པ་རེད། རྒྱ་ནག་དམར་པོའི་འོག་ཏུ་ཕྱིན་པ་རེད། དེ་རྗེས་གཞི་ནས་བོད་དེ་རྒྱ་ནག་དམར་པོའི་འོག་ཏུ་ཕྱིན་པ་རེད། དེས་ན་བོད་འདི་གཏན་འཇགས་རྒྱ་མིས་དབང་བསྒྱུར་བྱེད་པའི་འགག་རྩའི་གནད་འགག་གཙོ་བོ་གང་ལ་ཐུག་ཡོད་ཅེ་ན། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་འཐབ་རྩོད་ནས་མར་འབྲེལ་བ་ཡོང་བ་ཞིག་རེད། འཛམ་གླིང་ཐོག་དེའི་འཐབ་རྩོད་དེ་བྱུང་མེད་ན་དམག་ཆེན་དང་གཉིས་བྱུང་མེད་ལ། བོད་ཀྱང་ད་ལྟ་ནང་བཞིན་གྱི་གནས་བབ་འདིར་གྱར་དགོས་དོན་གྱི་གནས་སྟངས་གང་ཡང་མེད། དེ་དག་ཚང་མའི་འབྱུང་ཁུངས་ཐོག་མའི་མ་རིག་པ་ལྟ་བུ་ནི་དེང་རབས་ཀྱི་དཔལ་འབྱོར་གྱི་གནས་སྟངས་རང་ལ་ཐུག་ཡོད།
འཕྲུལ་ལས་ཅན་གྱི་འཛུགས་སྐྲུན་དང༌། འཕྲུལ་ལས་ཅན་གྱི་འཕེལ་རྒྱས་སོགས་བག་མེད་ལོངས་སྤྱོད་ལ་བརྟེན་པའི་དཔལ་འབྱོར་གྱི་ལམ་སྲོལ་འདིའི་དབང་གིས་གོང་དུ་ཞུས་པའི་ཁོར་ཡུག་ཉམས་ཆག་དང༌། གནོད་འཚེ། དམག་འཁྲུག ཆོས་ལུགས་ཕན་ཚུན་གྱི་འགལ་ཟླ་སོགས་དེ་དག་ཚང་མ་རྩ་བའི་མ་རིག་པ་ལྟ་བུ་དེ་འཚོལ་བར་ཕྱིན་ན། དགོས་མཁོ་ལས་མང་བའི་ཐོན་བསྐྱེད་དེས་མི་རྣམས་ལ་བག་མེད་ལོངས་སྤྱོད་བྱེད་རྒྱུའི་གཤིས་ཀ་བསླབས་པ་ལ་བརྟེན་ནས་བྱུང་བ་རེད། གཤིས་ཀ་དེ་ལ་འགྱུར་བ་མ་ཕྱིན་པའི་བར་དུ་བོད་ཀྱི་རྩ་དོན་དེ་སྒྲུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་ཡོད། བོད་ཀྱི་རྩ་དོན་དེ་སྒྲུབ་པ་ཡིན་ན་ཡང་གཏན་ལྷིང་ཐོག་གནས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག དེས་ན་ང་ཚོ་ནང་པས་ག་དུས་ཡིན་ན་ཡང་སྡུག་བསྔལ་བདེན་པ་དྲུངས་ནས་ཕྱུངས་བའམ་སྡུག་བདེན་སྤོང་བ་ལ་སྡུག་བསྔལ་བདེན་པ་ཐད་ཀར་ཁ་གཏད་བཅག་ན་འགྲིག་གི་མེད། སྡུག་བསྔལ་བདེན་པ་དེ་གྲུབ་ཟིན་པའི་དངོས་པོ་ཞིག་རེད། སྡུག་བསྔལ་བདེན་པ་མེད་པ་བཟོ་བ་ལ་ཀུན་འབྱུང་བདེན་པ་དེ་བསུན་ཕྱུངས་དགོས་པ་ཡིན། རྒྱུ་ཀུན་བྱུང་བདེན་པ་དེ་བསུན་མ་དབྱུང་ན། འབྲས་བུ་སྡུག་བསྔལ་བདེན་པ་ག་དུས་ཡིན་ཡང་རང་བཞིན་གྱིས་ཡོང་བ་ཞིག་ཡིན། མ་རིག་པ་བསུན་མ་དབྱུང་ན་འདུ་བྱེད་ཀྱི་ལས་ག་དུས་ཡིན་ནའང་ཡོད་བཞིན་པ་རེད། དེ་ལ་འགོག་ཐུབ་རྒྱུ་མེད། དེས་ན་ས་བོན་དང་རྩ་བ་དྲུངས་ནས་ཕྱུངས་རྒྱུ་ནི་ནང་པའི་ལྟ་བ་ཞིག་རེད་ལ། ཚན་རིག་པས་བལྟས་ཀྱང་རྒྱུ་མཚན་དང་མཐུན་པ་ཞིག་རེད།
ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པ་བྱ་བ་ལྟར། །ཞེས་མགོན་པོ་བྱམས་པས་དཔེ་ཧ་ཅང་ཡག་པོ་བཞག་འདུག ན་ཚ་དྲག་དགོས་ཚེ་ན་ཚའི་འབྱུང་རྐྱེན་གྱི་རྒྱུ་དེ་མེད་པར་བཟོ་དགོས། དེས་ན་ང་ཚོ་བོད་ཀྱི་དཀའ་རྙོག་དེ་ཡང་དམིགས་བསལ་གྱི་རྒྱུ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པ་ལས་གློ་བུར་དུ་བྱུང་བ་དང༌། ཉིན་ཞིག་ཞོགས་པ་གཉིད་བསད་པའི་སྐབས་སུ་མའོ་ཙེ་ཏུང་གིས་བོད་ལ་དམག་བརྒྱབ་བསམ་པ་དྲན་མེད། དེའི་རྒྱབ་ལྗོངས་ཧ་ཅང་རིང་པོ་ཞིག་བང་བསྒྲིགས་ནས་ད་ལྟའི་གནས་སྟངས་བར་སླེབས་པ་རེད། དེས་ན་གལ་སྲིད་བོད་ཀྱི་རྩ་དོན་དེ་ད་ལྟའི་རྩ་དོན་གསུམ་པོ་དེ་ལས་གལ་འགངས་ཆེ་བར་བརྩིས་ཀྱང་བརྩི་མི་ཆོག་པ་གང་ཡང་མིན། འོན་ཀྱང་དེ་སྒྲུབ་པའི་རིམ་པ་ལ་འགྱུར་བ་དེ་ཙམ་འགྲོ་རྒྱུ་གང་ཡང་མེད་པ་རེད་བསམ་གྱི་འདུག གསལ་པོ་ཆགས་ཡོད་མེད་མི་ཤེས་འདི་ཙམ་ཡིན་ཞེས་བཀའ་སློབ་གནང་བ་ལགས་སོ།། །།