༈ སློབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ།

༄༅།།  ༢༠༡༧ ཕྱི་ཟླ་ ༣ ཚེས་ ༧ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་དུས་དབུ་འཛུགས་ཉིན་མོར་གདན་ཞུས་ཀྱིས་སློབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་གནང་སོང་།

དེ་ཡང་ཐོག་མར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་དང་།  ༧རྒྱལ་བའི་ཞབས་བརྟན་འུར་འདོན།  སློབ་གྲྭའི་གཞས་མཁྱེན་པའི་ཡེ་ཤེས་གཏོང་བ།  སློབ་གྲྭའི་འགན་འཛིན་དངོས་གྲུབ་དབང་འདུས་ལགས་ནས་ངོ་སྤྲོད་གསུང་བཤད།  སྐུ་མགྲོན་གཙོ་བོ་མཆོག་ནས་ཞབས་ལོ་ལོན་པའི་དགེ་རྒན་དང་ལས་བྱེད་རྣམས་ལ་གཟེངས་རྟགས་དང་།  ལས་བྱེད་གསར་པ་རྣམས་དང་སློབ་གྲྭའི་ཚོགས་ཆུང་གི་ཚོགས་མི་རྣམ་པར་མཇལ་དར་བཅས་བསྩལ་རྗེས།  སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་གིས།  མི་ཚེའི་དུས་རིམ་མང་པོ་ཡོད་པའི་ནང་ནས་སློབ་དུས་དེ་ལུས་ཀྱི་འཚར་ལོངས་དང་སེམས་ཀྱི་ཡར་རྒྱས་འགྲོ་བའི་སྐབས་ཡིན་སྟབས་ཧ་ཅང་གལ་ཆེན་པོ་རེད།  ལྷག་པར་དུ་ཁྱེད་ཚོ་དང་ལོ་ཚད་མཉམ་པའི་བོད་དུ་ཡོད་པའི་བོད་ཕྲུག་ཚོར་གོ་སྐབས་གང་འདྲ་ཡོད་པ་དང་།  སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་ཀྱང་གང་ཞིག་སྦྱང་རྒྱུ་ཡོད་མེད།  དེ་བཞིན་གནས་ཡུལ་རྒྱ་གར་གྱི་ཕྲུ་གུ་མང་པོར་ཁྱེད་ཚོ་བཞིན་གོ་སྐབས་མེད་པར་བརྟེན།  སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་དང་།

སློབ་སྦྱོང་གི་ “སློབ་” དང་ “སྦྱོང་” ཞེས་པའི་ཚིག་གཉིས་ཡོད།  སློབ་ཞེས་པ་ནི་ཐོག་མར་མ་གོ་བ་ཞིག་གོ་བར་བྱས་ཏེ་ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་གཏན་ལ་འབེབས་རྒྱུ་ཞིག་རེད།  དེ་ནི་དགེ་རྒན་ནམ་དེབ་སོགས་ལས་ཐོས་པ་ལ་བརྟེན་ནས་འདི་ནི་འདི་འདྲ་ཞིག་རེད་བསམས་པ་དེ་ལ་ཐོས་བྱུང་གི་ཤེས་རབ་ཟེར་བ་རེད།  དེ་རང་གི་ཡོན་ཏན་མ་རེད།  གཞན་ལས་གཡར་བ་ཞིག་རེད།  རང་གི་ཡོན་ཏན་ཆགས་པ་ལ་བསམས་བྱུང་གི་ངེས་པ་རྙེད་པ་ཞིག་དགོས་ཀྱི་རེད།  དེ་ནི་རིགས་པས་བརྟག་དཔྱད་བྱས་ཏེ་དེབ་ཀྱི་ནང་དུ་ཡོད་པ་དེ་དངོས་གནས་རེད་འདུག་མི་འདུག་སོ་སོས་ངེས་པ་རྙེད་པ་ཞིག་དགོས་རེད།  རྒན་ལགས་ཀྱིས་རེད་གསུངས་པ་དེ་ལ་སོ་སོའི་རྒྱུ་མཚན་ལ་བརྟེན་ནས་ངེས་པ་རྙེད་ཐུབ་པ་ཞིག་ལ་ཤེས་པ་ཟེར།  ད་ལྟ་ངས་ཁྱེད་ཚོ་ལ་སྐད་ཆ་ཤོད་ཀྱི་ཡོད་རེད།  ཁྱེད་ཚོས་ངས་བཤད་པ་དེ་ཚོར་ཆ་བཞག་ནས་ཕྱིན་པ་ཡིན་ན་ཁྱེད་ཚོ་ལ་ཕན་གནོད་འདྲེན་རྒྱུ་གང་ཡང་མེད།  ངས་ཞུས་པ་དེ་ཚོ་དངོས་གནས་རེད་འདུག་མི་འདུག དངོས་པོའི་གནས་ཚུལ་དང་མཐུན་གྱི་འདུག་མི་འདུག  རིགས་པའི་རྒྱབ་རྟེན་འདུག་གམ་མི་འདུག་བཅས་ལ་ལེགས་པར་དཔྱད་དེ།  ཁོས་ལབ་པ་དེ་ནོར་འདུག དེ་འགྲིག་མི་འདུག་སྙམ་པའི་ངེས་པ་རྙེད་པ་བྱུང་ན་དེ་འགྲིགས་པ་རེད།  ཁོས་ལབ་པ་དེ་རེད་འདུག  དེར་རྒྱུ་མཚན་འདུག་ཅེས་རང་གི་ངོས་ནས་ཐག་གཅོད་བྱེད་ཐུབ་པ་ཡིན་ན་གཞི་ནས་ཕན་ཐོགས་ཤིག་ཡོང་གི་རེད།  དེ་འདྲ་ཡིན་དུས་གནས་སྟངས་གང་འདྲ་ཞིག་ཡིན་ཡང་རིགས་པར་གཞི་བཞག་ནས་འགྲོ་རྒྱུའི་ནུས་པ་དེ་ཆུང་དུས་སྐབས་ནས་གོམས་གཤིས་སུ་ཡོད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སོགས་དང་།

སོ་སོའི་ངོས་ནས་བརྟག་དཔྱད་བྱེད་མ་ཐུབ་པ་ཡིན་ན་སློབ་ཚན་ངག་ཐོག་ལ་འཇུས་ཏེ་ཡིག་རྒྱུགས་འཕྲོད་པ་ཡིན་ཡང་མ་འོངས་པར་མཁས་པ་ཆགས་རྒྱུ་ཁག་པོ་རེད།  བརྟག་དཔྱད་བྱེད་པའི་ནུས་པ་ཡོད་མཁན་ཞིག་གིས་སྟབས་མ་ལེགས་པར་རྒྱུགས་མ་འཕྲོད་པ་ཡིན་ཡང་དེ་ཙམ་གྱིས་ཐབས་སྐྱོ་པོ་མིན་ཚུལ་སོགས་དང་།

ད་ལྟ་བོད་པའི་གནས་སྟངས་དེ་ཧ་ཅང་ཉག་ཕྲ་བའི་སྐབས་ཤིག་རེད།  བཙན་བྱོལ་ལ་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་འགན་ཆེན་པོ་ཞིག་ཡོད་རེད། འོན་ཀྱང་དེ་འདི་འདྲ་ཡོད་རེད་ཅེས་དགེ་རྒན་རྣམས་དང་ང་ཚོས་གནོན་ཤུགས་ལྟ་བུ་བྱས་ན་ཕན་ཐོགས་གང་ཡང་མེད།  རང་སྟོབས་ཀྱི་ཐོག་ནས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དང་།

དེང་སང་འཇིག་རྟེན་ཁྱོན་ཡོངས་སུ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་བར་ཛ་དྲག་གི་བགྲོ་གླེང་འགྲོ་བཞིན་པ་རེད།  དེང་རབས་ཀྱི་དབང་གིས་སྲོལ་རྒྱུན་ཉམས་ཆག་འགྲོ་བ་དང་།  སྲོལ་རྒྱུན་གྱི་དབང་གིས་དེང་རབས་ཀྱི་ནང་དུ་རྗེས་ལུས་ཐེབས་པ་ལྟ་བུ་འགལ་ཟླ་ཞིག་ཏུ་མང་ཆེ་བས་མཐོང་གི་ཡོད་པ་རེད།   དེ་ཚོའི་ཐོག་ཏུའང་ན་གཞོན་ཚོས་ཐུགས་སྣང་གནང་དགོས་པའི་གནས་སྟངས་ཤིག་ངེས་པར་ཆགས་ཡོད་ཚུལ་སོགས་ལམ་སྟོན་རྒྱས་པར་གནང་ཞིང་།  མཐར་སློབ་སྤྱི་རྣམ་གྲོལ་བཀྲ་ཤིས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས།  བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་གྱི་རྒྱལ་གླུ་ཕུལ་ཏེ་མཛད་སྒོ་གྲོལ།  སྐབས་དེར་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་གཙོས་ལས་བྱེད་རྣམས་དང་།  འཛིན་རིམ་བརྒྱད་པ་ཡན་གྱི་སློབ་ཕྲུག་རྣམས་འདུ་འཛོམས་བྱུང་འདུག