༈ ལ་དྭགས་གླེ་རུ་གསུང་བཤད་དང་གསུང་ཆོས་གནང་བ།

༄༅།།  ༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷརྨཤཱལཱ་ནས་ཇམྨུ་བརྒྱུད་ལ་དྭགས་གླེའི་གནམ་ཐང་དང་། དེ་ནས་རུ་ཐོག་དགོན་བཅས་སུ་ཕེབས་འབྱོར་སྐབས་གནད་ཡོད་མི་སྣ་དང་། དགོན་པའི་ལས་སྣེ། དེ་བཞིན་དེ་ཁུལ་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༣ ཉིན་ཕྱི་དྲོ་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ལམ་སྒྲོན་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་དུ་སེ་བོལ་ (Socially Engaged Buddhist of Ladakh, SEBoL) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་ཁུལ་གྱི་དགེ་རྒན་རྣམས་ལ་སློབ་སྦྱོང་སྤྲོད་མཁན་ལ་སློབ་སྦྱོང་སྤྲོད་པ་ (Educating the Educators) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེ་ཡང་ཐོག་མར་སེ་བོལ་ཚོགས་པའི་ཚོགས་གཙོ་ཁྲིམས་རྩོད་པ་འོད་གསལ་དབང་འདུས་ལགས་ནས་ངོ་སྤྲོད་དང་དགའ་བསུའི་གསུང་བཤད་གནང་རྗེས། རིན་པོ་ཆེ་མཆོག་གིས་ཨིན་སྐད་ནང་། ཆ་བཞག་པ་དང་ཤེས་པ་གཉིས་ལ་ཁྱད་པར་ཕྱེ་དགོས་ཚུལ། ད་ལྟའི་ཤེས་ཡོན་ལམ་ལུགས་ཀྱི་སྐྱོན་ཆའམ་ཕོངས་ཆ་ཁག དེ་ལས་བཟང་སྤྱོད་ལྡན་པ་བསྐྲུན་མི་ཐུབ་ཚུལ། དེང་རབས་དང་སྲོལ་རྒྱུན་བར་གྱི་འགལ་ཟླ། དེ་གཉིས་ཀྱི་འགྲེལ་བཤད་ཇི་ལྟར་ཡིན་ཚུལ། དེང་རབས་ཀྱི་ཤེས་ཡོན་ལ་བརྟེན་ནས་རང་དང་གཞན་དང་། སྒེར་དང་སྤྱི་ཚོགས། རང་དབང་དང་ལས་འགན། འགྲན་བསྡུར་དང་མཉམ་རུབ་བཅས་ཀྱི་དབར་ཆ་སྙོམ་མེད་པ་ཇི་ལྟར་བཟོ་ཚུལ་སོགས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་དང་ད་ལྟ་ལག་བསྟར་འགྲོ་བཞིན་པ་རྣམས་རྒྱས་པར་གསུངས་མཐར། དྲི་བ་དང་དགོངས་ཚུལ་ཁག་བྱུང་བར་ལན་འདེབས་དང་གསལ་བཤད་གནད་སྨིན་གནང་།  དེ་ནས་སེ་བོལ་གྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲུབ། སྐབས་དེར་ལམ་སྒྲོན་སློབ་གྲྭའི་སློབ་སྤྱི་དང་། ཤེས་ཡོན་པ། དགེ་རྒན། སློབ་ཕྲུག་བཅས་མི་ཚོགས་ཆེ་ཙམ་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྔ་དྲོ་ཁྲིག་སེ་དགོན་པའི་དབྱར་ཆོས་ཆེན་མོའི་ཚོགས་ཁང་དུ་སེ་བོལ་ཚོགས་པའི་གོ་སྒྲིག་འོག་ད་ལྟའི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཁག་གི་འོས་བབ་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐྱངས་ཏེ། ཐོག་མར་ཁྲིག་སེ་དགོན་པའི་ངོས་ནས་རྒན་ཐབས་མཁས་ཀྱིས་དགའ་བསུའི་གསུང་བཤད་དང་། སེ་བོལ་གྱི་ཚོགས་གཙོ་འོད་གསལ་དབང་འདུས་ལགས་ནས་ངོ་སྤྲོད་གསུང་བཤད། ཇམྨུ་ཀཤྨིར་གཞུང་གི་དམིགས་བསལ་ལེགས་བྱང་དཔོན་པོ་ (Special Cultural Officer, Culture Academy, Jammu & Kashmir Govt.) སྐུ་ཞབས་ཚེ་དབང་དཔལ་འབྱོར་གྱི་གསུང་བཤད། ལ་དྭགས་ཟློས་གར་ཚོགས་པའི་ཚོགས་གཙོ་ (President, Ladakh Theatre Organization) སྐུ་ཞབས་མི་ཕམ་འོད་གསལ་གྱི་གསུང་བཤད། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་པ་ (Chief Executive Councilor, Ladakh Autonomous Hill Development Council) སྐུ་ཞབས་བསོད་ནམས་ཟླ་བའི་གསུང་བཤད་བཅས་གྲུབ་མཚམས། གསུང་བཤད་གནང་མཁན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧིན་སྐད་ནང་ཚོགས་འདུ་འདིའི་ཐོག་ཤེས་ཡོན་སྲིད་བྱུས་བཟོ་འགོད་ལ་དམིགས་པའི་དགོངས་ཚུལ་ཏེ། སློབ་ཕྲུག་ལ་ལྟ་ཚུལ་དང་། ཤེས་ཡོན་གྱི་དགོས་དམིགས་ལ་ལྟ་ཚུལ། དགེ་རྒན་ལ་ལྟ་ཚུལ་ཇི་ལྟར་དགོས་མིན་སོགས་ལས་བརྩམས་ཏེ་གསུང་བཤད་ཟབ་ཅིང་རྒྱས་པར་བསྩལ། དེ་ནས་དྭོགས་འདྲི་ཁག་ལའང་གསལ་བཤད་མཐིལ་ཕྱིན་གནང་ཞིང་། སྐབས་དེར་དེ་ཁུལ་གྱི་སློབ་གྲྭའི་སློབ་སྤྱི་དང་། ཤེས་ཡོན་པ། སྒྱུ་རྩལ་བ། དགེ་རྒན་སོགས་མི་སྣ་མང་པོ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༥ ཉིན་རྒྱབ་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་དུ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དང་དམག་མི་དྭང་ཟུར་ཚོགས་པའི་གོ་སྒྲིག་འོག་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྐྱངས་ཤིང་། སྐབས་དེར་དགོན་པའི་ནང་འཚང་ཁ་ཤིག་ཤིག་མ་ཟད། ཕྱི་ལའང་ཆོས་ཞུ་བ་མང་པོ་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དང་དམག་མི་དྭང་ཟུར་ཚོགས་པའི་གོ་སྒྲིག་འོག་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྐྱངས་པ་མ་ཟད། གསུང་ཆོས་གོ་བདེ་ངེས་བདེ་ཡོང་ཆེད་རྒྱལ་སྲས་ལག་ལེན་སོ་བདུན་མའི་ས་བཅད་ཅིག་ཀྱང་མཛད་དེ་བཀྲམས། སྐབས་དེར་འདུ་ཁང་ཕྱི་ནང་གང་སར་དད་ལྡན་ཆོས་ཞུ་བས་ཁེངས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༨ སྔ་དྲོ་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་དགེ་རྒན་དང་། ལས་བྱེད། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་བཅས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་གནང་ཞིང་།  ཐོག་མར་སློབ་གྲྭའི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ནས་དགའ་གསུང་གསུང་བཤད་གནང་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གདམས་ངག་དེ་འཇིག་རྟེན་ཡོངས་ལ་བཀའ་བསྩལ་དགོས་པའི་རྒྱབ་ལྗོངས་དང་དགོས་དམིགས་སོགས་ཞིབ་ཕྲ་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་མཐར། སློབ་གྲྭའི་སློབ་སྤྱི་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲུབ།

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་སྔ་དྲོ་ལ་དྭགས་གླེའི་པོ་ལོ་ཐང་དུ་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་མཆོག་འཁྲུངས་ནས་དགུང་གྲངས་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོར་གདན་འདྲེན་ཞུས་པ་ལྟར་ཕེབས་པ་མ་ཟད།  གསུང་བཤད་ཀྱང་བསྩལ་ཅིང་།  སྐབས་དེར་དགའ་ལྡན་ཁྲི་ཟུར་རིན་པོ་ཆེས་གཙོས་བླ་མ་རྣམ་པ་དང་། ཇམྨུ་ཀཤྨིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་བློན་ཆེན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན། རྒྱ་གར་གྲོས་ཚོགས་འོག་མའི་ལས་དྭགས་ཀྱི་སྤྱི་འཐུས། མངའ་སྡེ་གྲོས་ཚོགས་ཀྱི་ལ་དྭགས་ཀྱི་འཐུས་མི། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་པ་དང་ལྷན་ཚོགས་པ་གཞན། དེ་བཞིན་ཨུ་རུ་སུ་དང་སོག་ཡུལ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་ཚབ། གཞན་ཡང་གནད་ཡོད་མི་སྣ་མང་པོ་དང་མང་ཚོགས་ཕོན་ཆེ་ཕེབས་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོ་དང་། UNICEF སོགས་ཐུན་མོང་གོ་སྒྲིག་འོག་མཐོ་སློབ་འདི་ནས་མཐུན་རྐྱེན་སྦྱར་བའི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་མཐུན་པའི་སྒྲིག་ལམ་གྱི་ཐབས་ལམ་ཞེས་པའི་ཉིན་གཉིས་ཀྱི་ལས་གྲྭར་ཕེབས་བཞུགས་ཀྱིས་ཐོག་མར་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་དགེ་བཤེས་དཀོན་མཆོག་དབང་འདུས་ནས་དགའ་བསུའི་གསུང་བཤད་གནང་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་རྒན་དང་སློབ་ཕྲུག་དབར་གྱི་འབྲེལ་བ་ཇི་ལྟར་དགོས་མིན་དང་། དགེ་རྒན་ཇི་ལྟར་དགོས་མིན། སློབ་ཕྲུག་ལ་ཇི་ལྟར་གཟིགས་དགོས་ཚུལ། UNICEF གྱིས་མཐུན་འགྱུར་གནང་བ་བཀྲིན་ཆེ་རུང་། ལ་དྭགས་ཀྱི་ཆོས་དང་ལེགས་བྱང་སོགས་རྒྱབ་ལྗོངས་སུ་བཞག་ནས་གནང་དགོས་ཚུལ་སོགས་རྒྱས་པར་གསུངས།

དེ་རྗེས་ཀླུ་སྒྲུབ་ཚོམས་ཆེན་དུ་གདན་ཞུས་ཀྱིས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་དགེ་སློབ་ལས་བྱེད་རྣམས་ལ་དེང་རབས་ཚན་རིག་གི་དུས་སུ་ནང་ཆོས་ཀྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཆོས་ཀྱི་གལ་གནད་གང་ཡིན་མིན། མྱང་འདས་མངོན་དུ་བྱེད་མཁན་ལ་ཚན་རིག་གི་གལ་གནད་མེད་ཚུལ། ཚན་རིག་ཐོག་ནས་ནང་ཆོས་ལ་ཚད་འཛིན་བྱེད་ན་ནང་ཆོས་ཤེས་རྟོགས་ཐུབ་མེད་ཚུལ། ཚན་རིག་གིས་གཞི་དངོས་པོའི་གནས་ལུགས་མ་གཏོགས་མི་བསྟན་ཚུལ་སོགས་རྒྱས་པར་གསུངས། དེ་ནས་གཙུག་ལག་སློབ་ཁང་གིས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་འབུལ་ལམ་ཞུས་མཐར་ངེས་སྟོན་པས་ཐུགས་རྗེ་ཆེ་ཞུ་དང་སྦྲགས་གྲུབ།

དེ་རྗེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ངེས་སྟོན་པའི་ལས་ཁུངས་སུ་གདན་ཞུས་ཀྱིས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་དགེ་རྒན་ལས་བྱེད་བགྲེས་པ་རྣམས་དང་མཐོ་སློབ་འདིའི་ཡར་རྒྱས་ཐོག་བགྲོ་གླེང་དང་དགོངས་འཆར་བསྩལ།

ཇི་ལྟར་གདན་ཞུ་ཕུལ་བ་བཞིན་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༡ ཉིན་སྔ་དྲོ་ས་ཕུད་གྲོང་གསེབ་ཏུ་རྟེན་ཆགས་པའི་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་ཚོགས་ཁང་གསར་དུ་བཞེངས་བཞིན་པ་ལ་རབ་གནས་བྱིན་འབེབས་དང་། སློབ་ཕྲུག་ཚོར་གང་བློ་མ་དང་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་། ཤིང་སྣ་ཁག་འདེབས་འཛུགས་བཅས་གནང་ཞིང་། དེ་གའི་སློབ་ཕྲུག་རྣམས་ནི་ཕ་མ་མེད་པ་དང་དྭ་ཕྲུག་བཅས་ཡིན་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྒྱབ་ལ་དྭགས་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་ཀླུ་སྒྲུབ་ཚོགས་ཁང་དུ་མི་ཚེ་སྐྱེལ་སྟངས་ཀྱི་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་མདོ་ཙམ་གནང་ཞིང་། ཐོག་མར་རིན་པོ་ཆེ་མཆོག་གིས་མར་མེ་ཞལ་དབྱེ་དང་། དེ་ནས་ལ་དྭགས་ནང་ཚོགས་གཞོན་ནུ་ཚོགས་པའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ནས་དགའ་བསུ་དང་ངོ་སྤྲོད་གསུང་བཤད་གནང་མཐར།  རིན་པོ་ཆེ་མཆོག་གིས་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་ཆེད་གཟུགས་གཞི་བདེ་ཐང་དང་། བསམ་བློ་བདེ་ཐང་། འཚོ་ཐབས་ཡང་དག་པ་བཅས་དགོས་ཚུལ་དང་། མི་ཚེ་དོན་དང་ལྡན་པ་ཡོང་ཆེད་དེ་གསུམ་གྱི་ཐོག་ཏུ་ནང་དོན་རིག་པའི་བསམ་བློ་དགོས་ཚུལ་སོགས་གསུངས་མཐར། བརྗོད་གཞི་འདྲ་མིན་ལས་བརྩམས་པའི་དྲི་བ་ཕུལ་བར་ལན་འདེབས་གནད་སྨིན་བསྩལ། སྐབས་དེར་ཆོས་ལུགས་སྣ་ཚོགས་ཀྱི་ཤེས་ཡོན་པ་དང་།  དགེ་རྒན། སློབ་ཕྲུག་སོགས་གསན་མཁན་ཕོན་ཆེ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དྭགས་གླེ་ནས་ཕེབས་ཐོན་གནང་སྐབས་རུ་ཐོག་དགོན་དང་གནམ་ཐང་དུ་གནད་ཡོད་མི་སྣས་ཕེབས་སྐྱེལ་ཟབ་རྒྱས་ཞུས་འདུག་པའི་གནས་ཚུལ་མདོར་བསྡུས་སུ།