རྩོམ་རིག་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་གི་སྐོར།

༄༅། །རྩོམ་རིག་སྤྱི་དང་ཁྱད་པར་བོད་ཀྱི་རྩོམ་རིག་གི་སྐོར་ལ་ཤོད་དགོས་ཞེས་སྔ་མོ་ནས་ང་ལ་བརྗོད་མཁན་མང་པོ་བྱུང་ཡང་ངས་དེ་ཕྱིས་འགྱངས་ཤ་སྟག་བྱས་ནས་ད་བར་བཤད་མེད། དེའི་རྒྱུ་མཚན་ནི་འཆད་པ་པོ་དང་ཉན་པ་པོ་གཉིས་ཀར་མཚན་ཉིད་ཚང་དཀའ་བ་ཡིན།རྩོམ་རིག་གི་སྐོར་ལ་བཤད་རྒྱུ་དེ་སློབ་ཚན་གཞན་ལྟར་ནག་པོ་འབྲུ་བཤེར་བྱས་ནས་བཤད་རྒྱུ་ཡོད་པ་ཞིག་མིན་པར་ཤོད་མཁན་དེ་རང་བཞིན་གྱིས་རྩོམ་ལ་སྤོབས་པ་ཡོད་པ་ཞིག་དང༌། ཉན་མཁན་དེ་ཡང་རྩོམ་རིག་ལ་ཕྲན་བུ་གོ་རྟོགས་དང་མྱོང་བ་ཡོད་པ་ཙམ་མིན་པར་རང་ཉིད་ལ་རྩོམ་གྱི་སྤོབས་པ་ཡོད་མཁན་ཞིག་ཡིན་དགོས་པ་ལས་ཨང་རྩིས་དང་ས་ལམ་རྣམ་གཞག་བཤད་པ་ལྟར་རྩོམ་རིག་གི་ཐོག་ལ་བཤད་རྒྱུ་ཡོད་པ་ཞིག་མ་ཡིན།

རྗེ་གུང་ཐང་འཇམ་དཔལ་དབྱངས་ཀྱི་མགུར་ཞིག་གི་ནང༌། འབྲུག་པ་ཀུན་ལེགས་བཞིན་བཤད་ན།། མཐོ་རྒྱག་དམས་རྒྱག་ལ་གཏང་ངོ༌།། གེ་སར་སྒྲུང་གླུ་ལ་ཉན་བཞིན།། དགའ་མདོག་སྡུག་མདོག་རེ་བྱོས་དང༌།། ཞེས་གསུངས་དགོས་དོན་ཁོང་གི་རྩོམ་རྣམས་ཧ་ཅང་སྙན་པོ་ཡོད་ནའང༌། ཉན་མཁན་གྱིས་ཉམས་དང་འགྱུར་བ་བླངས་ཤེས་ཀྱི་མེད་སྟབས་དགའ་མདོག་དང་སྡུག་མདོག་གང་ཡང་བྱེད་ཀྱི་མེད་པ་དང༌། གེ་སར་གྱི་སྒྲུང་ཉན་མཁན་དེ་སྙན་ངག་བཟང་པོ་ཞིག་ཡིན་པ་བརྗོད་མི་ཐུབ་ཀྱང༌། གེ་སར་གྱི་སྒྲུང་ཀློག་པའི་སྐབས་སུ་དགའ་མདོག་སྡུག་མདོག་སོགས་ཁོང་ཁྲོ་དང་སྙིང་སྟོབས་འཕེལ་བའི་ཉམས་མང་པོ་ཞིག་སྟོན་གྱི་ཡོད་ཅིང༌། རྗེས་གུང་ཐང་གི་གསུང་སྙན་ངག་བཟང་པོ་དེ་ཚོ་ལ་ཉམས་དང་འགྱུར་བ་སྟོན་ནས་ཉན་མཁན་མ་རྙེད་སྟབས་ཕར་ལ་ཞུ་བ་འཐེན་དགོས་བྱུང་ནས། གེ་སར་སྒྲུང་གླུ་ལ་ཉན་བཞིན།། དགའ་མདོག་སྡུག་མདོག་རེ་བྱོས་དང༌།། ཞེས་ད་ཁྱེད་ཚོས་རྣམ་འགྱུར་འདྲ་སྟོན་དང་ཞེས་གསུངས་དགོས་བྱུང་ཡོད།

རྒྱ་གར་བའི་སྙན་ངག་མཁན་ཚོས་སྙན་ངག་ཀློག་པའི་སྐབས་སུ་སེམས་ལ་ཚོར་བ་ཧ་ཅང་ཆེན་པོ་ཡོང་གི་ཡོད་སྟབས། མགོ་དང༌། རྐང་པ། ལག་པ་སོགས་གཡུགས་ནས་འཕག་འཚག་རྒྱག་གི་ཡོད་ནའང༌། ང་ཚོས་གང་ཀློག་ཀྱང་བོང་བུའི་རྣ་བར་གསེར་དང་བྱེ་མ་གང་བླུགས་ཀྱང་ཁྱད་པར་མེད་པར་དཀྲུག་ཙམ་དཀྲུག་ཙམ་བྱེད་པ་ལྟར་མ་གཏོགས་ཉམས་དང་འགྱུར་བ་གང་ཡང་ཐོན་གྱི་མེད། དེས་ན་རྩོམ་རིག་གི་སྐོར་ལ་སྤྱིར་སྟངས་ཀྱི་གནས་ཚུལ་ལན་འདྲ་ནི་བསྐྱེལ་རྒྱུ་ཡོང་བ་མ་གཏོགས་དོན་གནད་ཡོད་པ་ཞིག་བཤད་རྒྱུ་ནི་དཀའ་བ་ཡིན།

སྤྱིར་ངས་རྩོམ་རིག་གི་སྐོར་གང་ཡང་ཤེས་ཀྱི་མེད་ལ། ཁྱེད་ཚོ་རྩོམ་རིག་ལ་དགའ་སྤོབས་ཡོད་མཁན་ཡང་མང་པོ་མིན། རྩོམ་རིག་ལ་དགའ་སྤོབས་ཡོང་བར་བྱེད་པ་ལ་ཆ་རྐྱེན་དང་པོ་དེ་རང་བཞིན་གྱིས་གྲུབ་པའི་སྤོབས་པ་ཚང་དགོས། དེ་མེད་ན་ཞོགས་པ་ཡར་ལངས་པ་དང་བློ་ལ་བཟུང་ནས་སྦྱང་རྒྱུ་ཡོད་པ་ཞིག་མིན་ལ། དགེ་རྒན་གྱིས་དེ་ནང་བཞིན་བསླབ་རྒྱུ་ཡོད་པ་ཞིག་ཀྱང་མ་ཡིན།

དེང་སྐབས་ངས་གཅིག་བཤད་དུས་སློབ་གྲྭ་བ་དང་དགེ་ལས་མང་པོ་ཞིག་གིས་སྒྲ་འཛིན་འཁོར་ལོ་འཁྱེར་ཡོང་ནས་ངས་བཤད་རྒྱུ་མང་པོ་ཡོད་རེད་བསམ་གྱི་ཡོད་ནའང་ངས་བརྗོད་རྒྱུ་དེ་ཚོ་ཁུངས་ཐུབ་པོ་ཞིག་དང་རྒྱུ་མཚན་ལྡན་པ་ཞིག་ཡོང་ཐུབ་པ་དཀའ། ངས་དཔེ་ཆ་མ་བལྟས་པ་དང་སློབ་སྦྱོང་མ་བྱས་པར་ལས་ཁུངས་ཀྱི་ནང་ལ་ས་ཡིག་བརྒྱབ་རྒྱུ་ཙམ་དང༌། ཕར་འགྲོ་ཚུར་འགྲོ་རྐྱང་རྐྱང་བྱས་ནས་ཕལ་ཆེར་ལོ་ཉི་ཤུ་ལྷག་འཁོར་གྱི་འདུག་པས་ཕན་ཐོགས་པའི་སྐད་ཆ་གང་ཡང་བཤད་རྒྱུ་མེད།

སྔོན་མ་ང་དཔེ་ཆ་ཕྲན་བུ་བལྟ་ལོང་ཡོད་པའི་སྐབས་དང༌། ཕྲན་བུ་བཤད་རྒྱུ་ཡོད་པ་དང༌། ཤོད་ལོང་དུས་ཚོད་ཀྱང་ཡོད་པའི་སྐབས་སུ་ང་ལ་ཤོད་ཟེར་མཁན་མེད་ལ། བཤད་དུ་ཕྱིན་ནའང་ཉན་མཁན་དེ་ཙམ་མེད། དེ་དུས་ང་ལ་ཤོད་ཟེར་མཁན་དེ་རྒྱ་གར་བ་དང་ཕྱི་རྒྱལ་བ་མང་བ་ཡོད། Krishnamurti Foundation དང་ Theosophical Society འདྲ་པོ་ཁོང་ཚོས་གལ་ཆེན་པོར་བརྩིས་ནས་ང་ལ་ཤོད་ཟེར་བ་ལྟར་ངས་ཀྱང་གང་བཤད་པ་དེ་སྐད་འཁོར་ནང་བཅུག་པ་དང༌། དེ་ཡིག་ཐོག་ལ་ཕབ་པ་སོགས་མང་པོ་ཞིག་བྱས་ཡོད། དེ་བཞིན་ཕྱི་རྒྱལ་གྱི་ཆོས་ཚོགས་དེ་འདྲས་ཀྱང་སྐབས་རེ་ཤོད་ཟེར་བ་མ་གཏོགས་བོད་པའི་ནང་ནས་ང་ལ་ཤོད་ཟེར་མཁན་མེད། དེང་སང་ང་ལ་ཤོད་ཟེར་མཁན་དེ་ཇེ་མང་དུ་འགྲོ་བ་དང༌། ངས་བཤད་རྒྱུ་དེ་ཇེ་ཉུང་དུ་འགྲོ་གི་འདུག དེ་ཡང་སྐད་ཆ་བཤད་རྒྱུའི་སྔོན་ལ་གྲ་སྒྲིག་བྱེད་རྒྱུའི་གོ་སྐབས་ཡོང་གི་མེད་སྟབས་གང་དྲན་དྲན་བཤད་ཀྱི་ཡོད།

གང་དྲན་བཤད་ན་དེའི་ནང་ལ་ནོར་བ་དང་འཁྲུལ་བ་མང་པོ་ཡོང་སྲིད་ལ། སོ་སོའི་རྣམ་རྟོག་གིས་བཟོས་པ་དང༌། དཔེ་ཆ་དང་འགལ་བའང་མང་པོ་ཡོང་སྲིད། མཐོ་རིམ་སློབ་གྲྭའི་ནང་ལ་གང་བྱུང་མང་བྱུང་བཤད་པ་དེ་ཕྱིས་སུ་མི་ཚོས་ཁུངས་དྲངས་ནས་དེ་ནོར་འཁྲུལ་ཆགས་ཡོད་ན་ཡག་པོ་མིན་སྟབས་སྐབས་རེ་འཇིགས་སྣང་སྐྱེ་གི་འདུག་ཀྱང་ད་རེས་ཁྱེད་རང་ཚོས་རེ་བ་བྱས་པ་ཡིན་སྟབས་ངས་གྲ་སྒྲིག་མེད་པར་གང་དྲན་ཞིག་བཤད་ཀྱི་ཡིན་པས་གལ་ཏེ་ནོར་ཡོད་ན་རྗེས་མ་ཁྱེད་ཚོས་ནོར་བཅོས་བརྒྱབ་དགོས།

རྩོམ་རིག་ཅེས་པ་དེ་ངག་གི་ཡོན་ཏན་ཁྱད་པར་བ་ཞིག་ཡིན། སྤྱིར་བཏང་ནས་བཟོའི་གནས་ལ་ལུས་ཀྱི་བཟོ་དང༌། ངག་གི་བཟོ། ཡིད་ཀྱི་བཟོ་གསུམ་དབྱེ་བ་ལས་ཞིབ་ཆ་མ་ཕྱེ་ན་བཟོའི་གནས་ལ་སྒྱུ་རྩལ་ཡང་ཟེར་བ་དབྱིན་ཇིའི་སྐད་ལ་ Art ཟེར་བ་དེ་ཡིན། དེ་ལ་ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་གསུམ་ཡོང་གི་ཡོད་པའི་ནང་ནས་ལུས་ཀྱི་བཟོ་ནི་རི་མོ་བྲི་རྒྱུ་དང༌། གཟུགས་བརྙན་བཟོ་རྒྱུ། རྟ་བརྒྱུག་རྒྱུ། མཚོན་ཆ་འཕང་རྒྱུ། ཁང་པའི་བཟོ་བཀོད། ཚེམ་པོ། མགར་བྱས་ནས་ལུག་བརྡུང་ཚག་གསུམ་ལ་སོགས་པ་བཟོའི་གནས་མང་པོ་ཞིག་ལུས་བཟོའི་ནང་ལ་ཡོད། ངག་གི་བཟོ་ལ་སྔར་མེད་པའི་སྙན་ངག་གསར་རྩོམ་བྱ་རྒྱུ་དང༌། སྔར་ཡོད་པའི་སྙན་ངག་རྣམས་གླུ་གཞས་ལྟ་བུ་གདངས་སྙན་པོ་གཏང་རྒྱུ་སོགས་པ་ངག་གི་བཟོ་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་རྩོམ་གྱི་རིག་པ་དེ་ངག་གི་བཟོ་ཁྱད་པར་བའམ་ཐུན་མོང་མ་ཡིན་པ་ཞིག་ཡིན།

སྤྱིར་བཏང་ནས་ངག་གི་རང་བཞིན་ངག་གི་ཐ་སྙད་ཁྱད་པར་སྐད་ཡིག་ཅེས་པའི་རྣམ་གཞག་དེ་མིའི་འགྲོ་བ་ལ་མ་གཏོགས་དུད་འགྲོ་ལ་སོགས་པ་ལ་མེད་ཅིང༌། ལུས་ཀྱི་རྣམ་འགྱུར་ཆགས་སྟངས་ནི་དུད་འགྲོ་དང་མི་འདྲ་པོ་ཡིན་ནའང་དུད་འགྲོ་ལ་ཁ་ནས་སྒྲ་འབྱིན་རྒྱུ་ཡོད་ནའང༌། སྒྲ་དེ་སྐད་ཡིག་གི་རང་བཞིན་དུ་བྱས་ནས་དེ་ལུང་དུ་སྟོན་པས་བཅིང་རྒྱུ་དང༌། སྙན་ངག་གི་རྒྱན་གྱིས་སྤུད་རྒྱུ་ལ་སོགས་པ་དེའི་རིགས་དེ་རྣམས་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། ཡོངས་གྲགས་ལྟར་བྱས་ན་དུད་འགྲོའི་འཇིག་རྟེན་དང་མིའི་འཇིག་རྟེན་གཉིས་ཀྱི་ནང་ནས་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལ་གད་མོ་བགད་རྒྱུ་ཡོད་པ་དང༌། སྐད་ཆ་བཤད་རྒྱུ་ཡོད་པ། སྐད་ཆ་བཤད་རྒྱུ་དེའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ངག་གི་རང་བཞིན་རྩོམ་རིག་སྤེལ་ཐུབ་པ་དེ་རྣམས་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེས་ན་མིས་སྐད་ཆ་བཤད་ཚད་དེ་རྩོམ་རིག་ཡིན་ནམ་ཞེ་ན། རྩོམ་རིག་ནི་སྙན་ངག་གི་ངོ་བོར་ལྡན་པའི་ངག་གི་རང་བཞིན་ཁྱད་པར་བ་ཞིག་དང༌། དེ་ཡང་མི་གཞན་པས་བཟོས་ཟིན་པ་བསྐྱར་དུ་སྐྱོར་བ་མ་ཡིན་པར་རང་གི་བློ་ཐོག་ནས་བརྩམས་པ་ཞིག་དགོས།

བརྩམས་པའམ་རྩོམ་པ་ཞེས་པ་དེ་རྩོལ་བ་བྱས་ནས་གསར་པ་བཟོས་པ་ཞིག་ལ་གོ་དགོས་ཤིང༌། རྩོལ་བ་བྱས་ནས་གསར་པ་བཟོས་པ་དེ་ལའང་བྱ་བ་རྩོམ་པ་དང་ལས་དོན་བརྩམས་པ་སོགས་དེ་འདྲ་མང་པོ་ཞིག་ཡོང་གི་ཡོད་ནའང་ བྱབྱ་བ་བྱ ཞེས་པའི་ཚིག་དེ་ཕར་ཕུད་ནས་ བྱརྩོམ་བྱ རྐྱང་པ་བརྗོད་དུས་ངག་གི་རིག་བྱེད་ལ་རང་བཞིན་གྱིས་གོ་འགྲོ་བ་དེར་ཐ་སྙད་གཏིང་ཚུགས་པ་ཞེས་པ་ཡིན། སྒྲ་དེ་དོན་དེ་ལ་འཇགས་སོང་བ་དཔེར་ན་རྒྱ་གར་སྐད་དུ་ བྱརཅནཱ་བྱ ཞེས་པའི་ཚིག་དེ་སྤྱིར་བཏང་ནས་གཞི་ཁྱད་པར་བ་གཞན་པ་དང་སྦྱར་བ་ཡིན་ན་བྱཱུཧརཅནཱ། གྲོས་ངན་རཅནཱ་ཟེར་བ་དེ་འདྲ་མང་པོ་སྦྱར་ནས་གོ་དོན་མི་འདྲ་བ་ཡོད་ནའང་དེ་ཉིད་གཞི་གཞན་དང་མ་སྦྱར་བར་ བྱརཅནཱ་བྱ རྐྱང་པ་བརྗོད་ན་ངག་གི་རིག་བྱེད་རྩོམ་རིག་ལ་གོ་དགོས། འདི་ཆེ་གེ་མོ་ཞིག་གི་རཅནཱ་རེད་བརྗོད་ཚེ་མི་དེས་བཟོས་པའི་ཁང་པ་དང༌། ཤིང་ཆས་དང༌། སྐུ་རྟེན་སོགས་ལ་མི་གོ་བར་སྙན་ངག་མཁན་གྱིས་བྲིས་པའི་རྩོམ་རིག་དེ་ལ་གོ་བ་ཡིན། དེར་བརྟེན་རྩོམ་རིག་ཟེར་བ་དེ་ཐུན་མོང་མ་ཡིན་པའི་རྩོལ་བ་ཞིག་ལ་དམིགས་བསལ་གྱིས་མིང་བཏགས་པའམ་རྩོལ་བའི་མིང་དེ་བྱ་བ་བྱེ་བྲག་པ་ཞིག་ལ་རང་བཞིན་གྱིས་གཏིང་ཚུགས་པར་སོང་ནས་དེང་སང་ བྱརྩོམ་བྱ ཞེས་པ་ངག་གི་རིག་བྱེད་ཅིག་ཡིན་པ་དེ་རང་ཤུགས་ཀྱིས་གོ་བ་ཡིན། འོ་ན་གོང་དུ་ཞུས་པ་ལྟར་སྐད་ཆ་བཤད་ཚད་དེ་རྩོམ་རིག་ཨེ་ཡིན་ཞེ་ན་མ་ཡིན། རྩོམ་རིག་ཡིན་པ་དང་མ་ཡིན་པ་དེ་གང་འདྲ་ཞིག་གི་ཐོག་ནས་དབྱེ་བ་འབྱེད་དགོས་ཟེར་ན། སྤྱིར་རྩོམ་རིག་གི་དོན་དེ་ཚིག་སྐྱོན་མ་བཅད་པར་གོ་བ་རགས་པ་སྤོམ་བཤད་ཙམ་བྱས་ན།

སྐད་ཡིག་ནང་ལ་ཀློག་རྒྱུ་ཡོད་པ་བྲིས་ཚད་ཚང་མ་ལ་རྩོམ་རིག་མི་ཟེར་བ་དཔེར་ན་དཔེ་མཛོད་ཁང་གི་དཔེ་ཆའི་དཀར་ཆག་ལྟ་བུ་ཞིག་ཡིན་ན། པོ་ཏི་ཀ་པ་དང༌། ཁ་པ་དང༌། ག་པའི་ནང་དཔེ་ཚན་འདི་དང་འདི་ཡོད་ཅེས་འབྲི་བའམ་རྩོམ་གྱི་ཡོད་པ་དེ་རྩོམ་རིག་གམ་རྩོམ་གྱི་རིག་པ་མ་ཡིན་ནའང་དེ་འདྲའི་དཔེ་ཐོ་དཀར་ཆག་ཅིག་རྩོམ་རིག་གི་ལམ་ནས་བཟོ་ནའང་བཟོ་རྒྱུ་ཡོད་པ་ཞིག་ཡིན།

བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་ཡིན་ལ་རྩོམ་རིག་མ་ཡིན་པ་དང༌། རྩོམ་རིག་ཡིན་ལ་བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་མ་ཡིན་པ། བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་ཡང་ཡིན་ལ། རྩོམ་རིག་ཀྱང་ཡིན་པ་དེ་འདྲའི་རིགས་མང་པོ་ཡོད་པ་དཔེར་ན་སུམ་ཅུ་པའི་རྩ་བ་ལྟ་བུར་མཚོན་ན། སུམ་ཅུ་པའི་རྩ་བ་དེ་ཚིགས་བཅད་ལྷུག་གཉིས་ཀྱི་ནང་ནས་ཚིགས་བཅད་ཡིན་པ་དང༌། བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་ཞིག་ཡིན་ནའང་རྩོམ་རིག་དང་སྙན་ངག་གི་བསྟན་བཅོས་ཤིག་མ་ཡིན། སྙན་ངག་ཐུང་ཐུང་དེ་འདྲ་ཚིགས་རྐང་གཉིས་དང༌། བཞི་ཙམ་བྱས་པ་དེ་འདྲ་མང་པོ་ཡོད་པ་དེ་ཚོ་རྩོམ་རིག་ཡིན་ནའང་བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་ཞིག་མ་ཡིན། གཞུང་གི་ཡན་ལག་ལ་ཡོད་པ་དེ་འདྲ་ཡོང་སྲིད་པ་མ་གཏོགས་གཞུང་གི་ཡན་ལག་ལ་མེད་པའི་ཚིགས་རྐང་གཉིས་དང་བཞི་དང་དྲུག་འདྲ་པོ་དེ་འདྲ་ཡན་གར་བ་རྩོམ་རིག་རང་གི་ངོ་བོ་ཙམ་ལས་བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་གི་ནང་ལ་མི་འགྲོ་བ་དེ་འདྲའི་རྩོམ་རིག་ཀྱང་མང་པོ་ཡོད་པ་དང༌། གཞུང་ཡང་ཡིན་ལ་རྩོམ་རིག་ཀྱང་ཡིན་པ་དེ་འདྲའང་མང་པོ་ཡོད། བཤེས་སྤྲིང་ལྟ་བུ་ཡིན་ན་རྩོམ་པ་པོས་སྙན་ངག་ཡག་པོ་མེད་གསུང་གི་ཡོད་ནའང་དངོས་དོན་སྙན་ངག་ཧ་ཅང་བཟང་པོ་ཞིག་སྟེ། དེ་ནི་རྩོམ་རིག་གི་ནང་ལ་འགྲོ་བ་མ་ཟད། བརྗོད་བྱའི་གནད་ཆེན་པོ་སྟོན་པའི་གཞུང་གི་ནང་ལའང་འགྲོ་བ་ཡིན།

མདོའི་ནང་ལའང་རྩོམ་རིག་ཡོད་ཅེས་བརྗོད་དགོས། གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ་བའི་སྐབས་སུ་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་པ་ཞིག་ཡོད་པ་དེ་ལ་དབྱངས་ཀྱིས་བསྙད་པའི་སྡེ་བརྗོད་དགོས་དོན་ནི། དབྱངས་ཀྱི་སྒོ་ནས་གླུ་རུ་བླང་རུང་བ་ཡིན་པས་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བརྗོད། དེ་འདྲའི་དབྱངས་ཀྱིས་བསྙད་པའི་སྡེའི་ནང་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་ཡང་ཚིག་རྒྱན་གྱིས་ཟིན་པར་བྱས་ནས་རྩོམ་རིག་གི་ཁྱད་ཆོས་ཡོད་པ་དེ་འདྲ་མང་པོ་ཡོད། ཡང་ཤེས་རབ་སྙིང་པོ་ལྟར་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད་ཟེར་བ་དེ་ཚོ་བརྗོད་བྱ་ཁྱད་པར་བ་སྟོན་པའི་གཞུང་ཡིན་ནའང་རྩོམ་རིག་གི་ནང་ལ་མི་འགྲོ

དེར་བརྟེན་རྩོམ་རིག་གི་ཐ་སྙད་དེ་ག་འདྲ་ཞིག་ལ་ཐོགས་དགོས་པའམ། རྩོམ་རིག་གི་མཚན་ཉིད་དེ་ག་འདྲ་ཞིག་བཞག་དགོས་ཟེར་ན། བརྗོད་བྱ་གང་འདྲ་ཞིག་སྟོན་པ་ཡིན་ནའང་བརྗོད་བྱ་དེ་སྟོན་བྱེད་ཀྱི་ངག་གི་རྣམ་འགྱུར་དེ་ལ་དོ་སྣང་དམིགས་བསལ་བ་ཞིག་བྱས་ནས་འབད་བརྩོན་དམིགས་བསལ་བ་ཞིག་དགོས། ཉན་པ་པོས་ཉན་པའི་སྐབས་སུ་སྙན་ཆ་ཡོད་པའམ་འཇེབས་པའི་རང་བཞིན་དང་གོ་བ་སྟེར་སྟངས་ཐུན་མོང་མ་ཡིན་པ་ཡོད་པ་ཞིག་དང༌། ཚིག་དེ་བརྗོད་པའི་སྐབས་ལའང་རྗོད་མཁན་གང་ཟག་དེའི་སེམས་ལ་ཚོར་བ་ཁྱད་པར་བ་ཞིག་སྐྱེད་ཡོང་བ་དེ་འདྲའི་ངག་གི་ཁྱད་ཆོས་ལྡན་པ་ཞིག་བཟོས་ཡོད་ན་རྩོམ་རིག་ནང་ལ་འགྲོ་བ་ཡིན། དེ་འདྲ་མ་ཡིན་པར་བརྗོད་བྱའི་དོན་སྟོན་ཐུབ་པ་ཙམ་ཞིག་མ་གཏོགས་རྗོད་བྱེད་ཚིག་གི་རྣམ་འགྱུར་དེ་ཁྱད་པར་བ་ཞིག་བཟོ་རྒྱུའི་དོན་ལ་འབད་བརྩོན་མ་བྱས་པར་བྲིས་པ་དེ་རྩོམ་རིག་གི་ཁོངས་སུ་མི་འགྲོ

དེ་འདྲའི་སྙན་ཆ་ཡོད་དང་མེད་ཀྱི་ས་མཚམས་ནི་རྗོད་པ་པོའམ་ཉན་པ་པོ་གང་རུང་གི་བསམ་བློར་བརྗོད་བྱའི་དབང་གིས་མ་ཡིན་པར་རྗོད་བྱེད་ཀྱི་ཚིག་དེའི་དབང་གིས་བྲོ་བ་ཁྱད་པར་བ་ཞིག་སྐྱེ་རྒྱུ་ཡོད་པ་ཞིག་ཡོད་པ་དེ་ལ་སྙན་ཆ་ཡོད་པ་དང༌། རྗོད་བྱེད་ཀྱི་ཚིག་དེ་ལ་བརྟེན་ནས་ཉན་མཁན་དང་ཀློག་མཁན་གང་གི་སེམས་ལའང་བྲོ་བ་ཁྱད་པར་བ་ཞིག་སྐྱེ་རྒྱུ་མི་འདུག་ན་དེ་ལ་སྙན་ཆ་མེད་པ་ཡིན། བརྗོད་བྱའི་དོན་གྱི་དབང་གིས་བློའི་ཚོར་བ་ཡོང་བ་དེ་གནས་ཚུལ་གཞན་ཞིག་ཡིན་པ་ནི། དཔེར་ན་མི་རྟག་པ་བསྟན་པའམ། ངན་སོང་གི་སྡུག་བསྔལ་བསྟན་པ་དེ་འདྲ་ཀློག་ནས་སེམས་ལ་སྐྱོ་སྣང་དང་འཇིགས་སྣང་ལ་སོགས་པ་ཚོར་བ་ཡོང་གི་ཡོད་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་དང་མཚན་བཟང་གི་རྣམ་གཞག་ལ་སོགས་པ་དང༌། དལ་འབྱོར་དོན་ཆེན་རྙེད་དཀའ་ལ་སོགས་པ་གོ་དུས་སེམས་ལ་དགའ་བ་དང་སྤོབས་པ་དང་ཡི་རངས་ཀྱི་ཚོར་བ་དེ་འདྲ་ཡོང་གི་ཡོད་པ་དེ་རྣམས་བརྗོད་བྱ་དོན་དེའི་དབང་གིས་ཡོང་བ་ལས་རྗོད་བྱེད་ཚིག་དེའི་དབང་གིས་སེམས་ལ་ཐུན་མོང་མ་ཡིན་པའི་ཚོར་བ་དེ་མི་ཡོང་བ་ཡིན།

བརྗོད་བྱའི་དོན་ལེགས་ཉེས་གང་ཞིག་ཡིན་ནའང་རྗོད་པ་པོ་གང་ཟག་དེས་རྗོད་བྱེད་ཀྱི་ཚིག་དེའི་དབང་གིས་རྗོད་པ་པོའི་གང་ཟག་གི་སེམས་ལའང་ཚོར་བ་དམིགས་བསལ་ཡོང་རྒྱུ་ཡོད་པ་ཞིག་དང༌། ཉན་མཁན་གྱི་གང་ཟག་དེའི་རྒྱུད་ལའང་ཚོར་བ་དམིགས་བསལ་བ་ཞིག་བསྐྱེད་ཐུབ་པ་དེ་འདྲའི་ངག་གི་རང་བཞིན་ཞིག་ལ་རྩོམ་རིག་ཅེས་བརྗོད། དེས་ན་ངག་གི་རང་བཞིན་ནམ། རྗོད་བྱེད་ཀྱི་ཚིག་རང་ལ་བྲོ་བ་ཞིག་ཡོད་དགོས་ཤིང༌། བྲོ་བ་དམིགས་བསལ་བ་ཞིག་ཡོད་པའི་ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ལ་རྩོམ་རིག་བརྗོད་ན་ཕན་ཆེར་འགྲིགས་པ་ཡིན།

བྱབྲོ་བ་བྱ ཞེས་པའི་ཚིག་ངས་ད་ལྟ་བེད་སྤྱོད་བཏང་བ་དེ་སྙན་ངག་གི་གཞུང་ནས་བཤད་པ་ལྟར་བྱས་ན་ བྱཉམས་བྱ ཟེར་བ་དེ་ཡིན། ཉམས་ཞེས་པ་དེ་ཚིག་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལ་བརྟེན་ནས་སེམས་རྒྱུད་ལ་ཐུན་མོང་མ་ཡིན་པའི་བྲོ་བ་བསྐྱེད་ཐུབ་པ་ཞིག་ལ་ཟེར། སཾསྐྲྀཏའི་སྐད་ལ་ བྱརས་བྱ ཞེས་པ་དེ་ཡིན་ཞིང༌། བྱརས་བྱ ཟེར་བའི་སཾསྐྲྀཏའི་ཚིག་གཅིག་ལ་བོད་སྐད་ཀྱི་ནང་ལ་མི་འདྲ་བ་གསུམ་བཞི་ཙམ་བསྒྱུར་ཡོད། གཅིག་བྱས་ན་མིང་ཚིག་མང་ཉུང་ (Vocabulary) གི་དབང་དུ་བྱས་ན་སཾསྐྲྀཏའི་སྐད་ལས་བོད་སྐད་ཕྱུག་པ་ལྟ་བུ་ཞིག་ཡིན།

དངོས་གནས་བྱས་ན་ བྱརས་བྱ ཞེས་པ་དེ་ང་ཚོས་བོད་སྐད་ལ་བསྒྱུར་བའི་སྐབས་སུ་ བྱརོ་བྱ ཟེར་བ་དེ་ཡིན་ཞིང༌། སྙན་ངག་གི་སྐབས་སུ་ བྱརས་བྱ ཟེར་བ་དེ་ བྱརོ་བྱ ལ་མ་བསྒྱུར་བར་ བྱཉམསབྱ ལ་བསྒྱུར་ཡོད་པ་དང༌། སྐབས་རེ་ བྱརསཱཡན་བྱ ཟེར་བའི་སྐབས་སུའང་ཚིག་དེ་དོན་གཞན་ལ་བསྒྱུར་ཡོད། དེ་ལྟར་བརྗོད་བྱའི་སྐབས་དང་བསྟུན་ནས་སྐབས་འགའ་རེ་ལ་ཁུ་བའམ་ཉིང་ཁུ་དང༌། སྐབས་འགའ་རེ་ལ་བྲོ་བ་དང༌། སྐབས་འགར་རོ་དང༌། སྐབས་འགར་ཉམས་ལ་བསྒྱུར་ཡོད། ད་ལྟ་ང་ཚོས་ཉམས་ཞེས་ནམ་བརྗོད་ནའང་སྙན་ངག་གི་ཉམས་སཾསྐྲྀཏའི་སྐད་ལ་ བྱརས་བྱ ཟེར་བ་དེ་ཡིན་པ་ངེས་པ་བྱེད་དགོས། འགྱུར་བ་ཞེས་པ་དེ་སཾསྐྲྀཏའི་སྐད་ཀྱི་ བྱབྷཱབ་བྱ ཟེར་བ་དེ་ཡིན་ཞིང༌།

སེམས་ཀྱི་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་ལ་ཉམས་དང༌། སེམས་ཀྱི་ཚོར་བ་ཐུན་མོང་མ་ཡིན་པ་དེའི་དབང་གིས་སེམས་བྱུང་ཁྱད་པར་བ་གཞན་ཞིག་སྐྱེས་ན། དེ་འདྲས་བསྐྱེད་པའི་སེམས་བྱུང་ཁྱད་པར་བ་དེ་ལ་འགྱུར་བ་ཟེར། དཔེར་ན་སྒེག་པའི་ཉམས་ཕུན་སུམ་ཚོགས་པའི་ངག་ཅིག་གོ་བ་ལ་བརྟེན་ནས་སེམས་ལ་བྲོ་བའི་ཉམས་ཤིག་རྙེད། དེའི་དབང་གིས་སེམས་བྱུང་ཁྱད་པར་བ་གཞན་དགའ་བའི་སེམས་བྱུང་དེ་སྐྱེ་ཐུབ། དགའ་བའི་སེམས་བྱུང་ཞེས་རགས་པ་བརྗོད་ཀྱི་ཡོད་པ་ལས། གཞུང་ལུགས་སུ་གྲགས་པའི་སེམས་བྱུང་གི་དབྱེ་བ་ཞིག་བཤད་ཀྱི་མེད། ཡང་ན་སེམས་ཀྱི་རྣམ་འགྱུར་ཁྱད་པར་བ་ཞིག་བརྗོད་ནའང་འཐུས།

དེ་བཞིན་དྲག་ཤུལ་གྱི་ཉམས་དང་ལྡན་པའི་ངག་ཅིག་གོ་བ་ལ་བརྟེན་ནས་ཉན་མཁན་གང་ཟག་དེའི་རྒྱུད་ལ་དྲག་ཤུལ་གྱི་ཉམས་དང་ལྡན་པའི་ངག་དེའི་བྲོ་བ་མྱང་ཡོང་དུས་སེམས་ཀྱི་རྣམ་འགྱུར་ཁྱད་པར་བ་ཁྲོ་བ་འཕེལ་གྱི་ཡོད། དེ་ལྟར་ཉམས་བརྒྱད་དམ་དགུ་རུ་དབྱེ་བ་དེ་ནི་དབྱེ་བ་འབྱེད་སྟངས་ཀྱི་ཁྱད་པར་ཞིག་ཡིན། ཉམས་ཡོངས་སུ་རྫོགས་པ་ཉམས་བརྒྱད་དང་ཉམས་དགུའི་ནང་ལ་མི་འདུ། གཙོ་ཆེ་བའི་དབང་དུ་བྱས་ནས་སྐབས་འགའ་ཞིག་ལ་ཉམས་བརྒྱད་བཤད་པ་དང༌། སྐབས་འགར་ཉམས་དགུ་བཤད་ཡོད། ཉམས་ཀྱི་དབྱེ་བ་ག་ཚོད་བཤད་ཀྱང་ཉམས་ཞེས་པ་དེ་ངག་གི་རྣམ་པར་རིག་བྱེད་དེའི་ཐུན་མོང་མ་ཡིན་པའི་ནུས་པ་ཡིན།

ངག་གི་རྣམ་པར་རིག་བྱེད་ཐུན་མོང་མ་ཡིན་པའི་ནུས་པ་དེ་ལ་སྙན་པའི་ཆ་ཞིག་ཡོད་ཅིང༌། དེ་འདྲའི་སྙན་པའི་ཆ་དེ་ཡི་བྲོ་བ་དེ་རྗོད་པ་པོ་དང་ཉན་པ་པོ་གཉིས་ཀས་མྱོང་བའི་སྐབས་སུ་བྲོ་བ་ཐུན་མོང་མ་ཡིན་པ་ཞིག་མྱང་རྒྱུ་ཡོད་པ་དང༌། དེ་འདྲའི་བྲོ་བ་ཐུན་མོང་མ་ཡིན་པ་མྱངས་པ་ལ་བརྟེན་ནས་སེམས་ཀྱི་རྣམ་འགྱུར་ཁྱད་པར་བ་ཞིག་སྐྱེ་ཐུབ། དེ་འདྲའི་སེམས་ཀྱི་རྣམ་འགྱུར་ཁྱད་པར་བ་སྐྱེས་པ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་རིག་བྱེད་ལ་ཡང་འགྱུར་བ་འགྲོ་ཐུབ་མཁན་དགོས། ཁོང་ཁྲོ་ཟ་བ་དང་འདོད་ཆགས་སྐྱེ་དུས་གདོང་དམར་པོར་ཆགས་འགྲོ་བ་དང༌། ལུས་ཀྱི་སྤུ་ལོང་གཡོ་བ་དང༌། དེ་བཞིན་དགའ་བ་སྐྱེ་བའི་སྐབས་སུ་ཁ་གདངས་ནས་ཧང་སང་པ་སོགས་གདོང་དང་མིག་གི་རྣམ་འགྱུར་རྐྱང་རྐྱང་ལའང་དེའི་རྣམ་པར་རིག་བྱེད་མང་པོ་ཡོང་རྒྱུ་ཡོད། དེ་འདྲའི་ཉམས་དང་འགྱུར་བ་གང་ཡང་རུང་བ་སྐྱེད་ཐུབ་པའི་ནུས་པ་དང་ལྡན་པའི་ངག་གི་རྣམ་པར་རིག་བྱེད་ཅིག་ལ་རྩོམ་རིག་ཟེར། རྩོམ་རིག་གི་རྣམ་གཞག་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་དེ་འདྲ་ཞིག་ཡིན།

རྩོམ་རིག་འཇིག་རྟེན་ལ་གང་འདྲ་བྱུང་བ་དང༌། ཐོག་མ་ལྷ་ཡུལ་དང་མི་ཡུལ་ལ་གང་འདྲ་བྱུང་བའི་ཚུལ་སྒྲུང་འདྲ་པོ་མང་པོ་བཤད་རྒྱུ་ཡོད་ནའང་གང་ལྟར་རྩོམ་གྱི་རིག་པ་དེ་འཇིག་རྟེན་ལ་དར་བའི་རྗེས་ལ་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཡར་རྒྱས་ཀྱི་འཕེལ་རིམ་ངེས་ཅན་ཞིག་བྱུང་ཡོད། དེ་འདྲའི་ཡར་རྒྱས་ཀྱི་འཕེལ་རིམ་བྱུང་བའི་སྐབས་སུ་གང་འཚམས་ཤིག་ནས་དེ་ལ་སྒྲིག་ལམ་ལྟ་བུ་ཆགས་ནས་གང་འདྲ་བྱས་ནས་ཚིག་དང་དོན་ལ་རྒྱན་སྦྱར་དགོས་པ་དང༌། རྒྱན་དེ་དག་ལ་མིང་གང་ཞིག་བཏགས་དགོས་པ་སོགས་རིམ་པས་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་བྱུང་ཡོད། རྩོམ་རིག་སྔོན་ལ་ཡར་རྒྱས་ཕྱིན་པ་དང༌། རྩོམ་རིག་གི་རྣམ་གཞག་སྟོན་པའི་གཞུང་དེ་ཚོ་རིམ་པས་རྗེས་ལ་ཡོང་བ་ཞིག་ཡིན། སྐད་ཡིག་གི་ཁྱད་པར་གྱི་དབང་གིས་རྩོམ་རིག་གི་མཚན་ཉིད་ལའང་མི་འདྲ་བ་མང་པོ་གྱུར་ནས། སཾསྐྲྀཏའི་སྐད་ལ་རྩོམ་རིག་གི་རྣམ་གཞག་གང་འདྲ་དར་བ་དང༌། དབྱིན་ཇིའི་སྐད་ལ་རྩོམ་རིག་གི་རྣམ་གཞག་གང་འདྲ་དར་བ་དང༌། ཧིནྡིའའི་སྐད་ལ་རྩོམ་རིག་གི་རྣམ་གཞག་ཇི་ལྟར་དར་བ་དེ་དག་ཚང་མ་ལ་སོ་སོ་སོ་སོའི་འགྲོ་སྟངས་རེ་ཡོད་པ་ཡིན། གང་ལྟར་དེ་ཚོ་ཚང་མ་མདོར་བསྡུས་ན་སྐད་ཡིག་གང་འདྲ་ཞིག་གི་ནང་ལ་རྩོམ་རིག་ཟེར་བ་དེ་ཡིད་ལ་འགྱུར་བ་ཁྱད་པར་ཅན་སྐྱེད་ནུས་པའི་བྲོ་བ་དང་ལྡན་པའི་ངག་གི་རང་བཞིན་ཞིག་ལ་ཟེར་གྱི་ཡོད་པ་དེ་ཚང་མ་ལ་གཅིག་གྱུར་ཡིན། དེར་བརྟེན་ཡིད་ལ་འགྱུར་བ་སྟེར་ཐུབ་མཁན་གྱི་ངག་གི་ནུས་པ་ཡོད་པའི་ཚིག་ཅིག་ལ་རྩོམ་རིག་ཅེས་བརྗོད་ཀྱི་ཡོད་པས་རྩོམ་རིག་དེ་འདི་འདྲ་ཞིག་དགོས་པ་དང༌། དེ་འདྲ་ཞིག་མི་དགོས་ཞེས་མཐའ་གཅིག་ཏུ་ཐག་གཅད་རྒྱུ་མེད་པ་ཞིག་ཡིན།

རྩོམ་རིག་གསར་པ་དང་རྙིང་པ་ཞེས་དེ་ཙམ་བཤད་མི་དགོས་པར་རྩོམ་རིག་གི་རྣམ་གྲངས་ལ་མཐའ་མེད་པ་དེ་སྔོན་མ་རྩོམ་རིག་རྙིང་པ་དར་དུས་ནས་ཆ་བཞག་ནས་ཡོང་བ་མ་གཏོགས་རྩོམ་རིག་རྙིང་པའི་སྐབས་ལ་སྒྲིག་ལམ་ཏག་ཏག་ཅིག་ཡོད་པ་དང༌། རྩོམ་རིག་གསར་པ་དེས་རྩོམ་རིག་རྙིང་པའི་སྒྲིག་ལམ་བཤིག་ནས་སྒྲིག་ལམ་མེད་པ་ཞིག་གི་ནང་ལ་ཕྱིན་པ་འདྲ་པོ་དེ་འདྲའི་ཆ་འཇོག་བྱས་ན་དེ་བདེན་པ་མ་ཡིན། དཔེར་ན་དེང་སང་གི་རྩོམ་རིག་གསར་པ་དེ་ཚོ་སྙན་ངག་གི་མཚན་ཉིད་དང་མཐུན་གྱི་མི་འདུག་བརྗོད་དུས་སྙན་ངག་གི་མཚན་ཉིད་དེ་དཔེ་ཆའི་ནང་ལ་ཡོད་པའི་སྙན་ངག་གི་མཚན་ཉིད་རྐྱང་པ་དེ་བཤད་ཀྱི་ཡོད། དཔེར་ན་ང་ཚོ་བོད་པ་ཡིན་ན་སྙན་ངག་མེ་ལོང་ནང་ལ་ཡོད་པའི་དོན་རྒྱན་གྲངས་ཀ་ངེས་ཅན་ཡོད་པ་དང༌། སྒྲ་རྒྱན་གྲངས་ཀ་ངེས་ཅན་ཡོད་པ་དེ་ཚོ་གང་ཡང་རུང་བ་ཞིག་དང་མ་མཐུན་ན་སྙན་ངག་གི་མཚན་ཉིད་དང་མི་མཐུན་བསམས་ནའང༌། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། དེ་ནི་ད་ལྟའང་རྣམ་རྟོག་སྟེ།། དེ་དག་མ་ལུས་སུས་འཆད་ནུས།། ཞེས་སྙན་ངག་གི་མཚན་ཉིད་དང་རྣམ་གྲངས་ཡོངས་μོགས་སྙན་ངག་མེ་ལོང་ནང་ཚང་མེད་པ་དཎྜིའ་ཁོ་རང་གིས་གསལ་པོ་གསུངས་ཡོད། ང་ཚོས་ནམ་རྒྱུན་བེད་སྤྱོད་གཏང་རྒྱུ་མང་ཆེ་ཤོས་དེ་དཎྜིའའི་མེ་ལོང་མ་ཡིན་སྟབས་ངས་དེ་ཁུངས་དྲངས་པ་ཡིན།

དཎྜིའའི་མེ་ལོང་མ་དེ་ལེགས་སྦྱར་སྐད་ཀྱི་ནང་ལ་སྙན་ངག་གི་རྒྱན་རྩོམ་སྟངས་ཀྱི་མཚན་ཉིད་སྟོན་པའི་གཞུང་ཕན་ཆེར་ད་ལྟ་ལྔ་བཅུ་དྲུག་ཅུ་ཡོད་པའི་ནང་ནས་གཞུང་གཅིག་ཡིན་ཞིང༌། དེའི་ནང་ནས་ཡག་ཤོས་ཤིག་ཀྱང་མ་ཡིན། སྟབས་གང་འདྲ་ཞིག་འཁེལ་བ་ཡིན་ནམ་བོད་ལ་དེ་མ་གཏོགས་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་གཞན་པ་མ་འགྱུར་བ་ཡིན་སྟབས། འཇིག་རྟེན་ལ་སྙན་ངག་ཡོད་ཚད་མེ་ལོང་མའི་ནང་ལ་ཡོད་པའི་མཚན་ཉིད་དེ་ཚོའི་ནང་ལ་འདུ་དགོས་སོ་སྙམ་པའི་དགོངས་ཚུལ་ཞིག་བར་ལམ་བོད་ཀྱི་མཁས་པ་ཚོར་བྱུང་ཡོད་འདུག སྙན་རྩོམ་རིགས་ལ་ཞིབ་འཇུག་བྱས་ནས་དགག་པ་སྐྱོན་པའི་སྐབས་སུ་ཁྱེད་རང་གི་སྙན་ངག་དེ་མེ་ལོང་མར་གསལ་བའི་སྙན་ངག་གི་མཚན་ཉིད་གང་གི་ཁོངས་སུའང་མི་འགྲིག་ཅེས་དེར་མ་འགྲིག་ཚེ་ནག་ཉེས་ཆེན་པོ་གང་འཚམས་ཤིག་བྱས་ཡོད་པ་ལྟ་བུའི་དགོངས་ཚུལ་ཡོད་པ་ཡིན། དེ་འདྲ་མ་ཡིན་པ་ནི་དཎྜིའ་ཁོང་གི་གསུང་སྟངས་ཀྱི་དབང་དུ་བྱས་ནའང༌། ངག་མཛེས་པར་བྱེད་པའི་རྒྱན་དེ་ལ་སྙན་ངག་བརྗོད་ཀྱི་ཡོད་ཅེས་གསུངས་ནས། དེ་ནི་ད་ལྟའང་རྣམ་རྟོག་སྟེ།། ཞེས་ངག་མཛེས་པར་བྱེད་པའི་རྒྱན་དེ་རྣམ་རྟོག་གི་མཐའ་ཇི་ཙམ་ཡོད་པ་དེ་ཙམ་གྱི་ཁྱད་པར་ཡོད་པ་གསལ་པོ་གསུངས་ཡོད།

རྣམ་རྟོག་ཟེར་བ་དེ་ང་ཚོའི་བོད་སྐད་ལ་དེ་ཙམ་གོ་བདེ་པོ་མི་འདུག་ཀྱང༌། སཾསྐྲྀཏའི་སྐད་ལ་ བྱབིཀལྤ་བྱ ཞེས་པ་གདམ་ཀ་དང་གྲངས་ཀ་མེད་པ། འདི་མིན་ན་འདི་ཞེས་གདམ་ཁ་ (Alternative) ཟེར་བ་དེ་མཐའ་མེད་པ་དང་གཅིག་པ་གོ་དགོས་པ་ཡིན་པས། དེ་དག་མ་ལུས་སུ་འཆད་ནུས།། ཞེས་གསུངས་ནས་དེ་ཚོ་ཚང་མ་གཞུང་གཅིག་གི་ནང་ལ་གྲངས་འདི་ཙམ་ཡོད་ཟེར་ནས་སུ་ཞིག་གིས་ཀྱང་བཤད་མི་ཐུབ་ཅེས་པའི་དོན་ཡིན།

སྙན་ངག་གི་རྩོམ་རིག་ལ་གང་འཚམས་ཤིག་ནས་སྒྲིག་འཛུགས་ལྟ་བུ་ཞིག་གྲུབ་ཚེ་སཾསྐྲྀཏའི་སྐད་ལ་མཚོན་ན། ངས་སཾསྐྲྀཏའི་སྐད་དེ་གཙོ་བོ་བྱས་ནས་བཤད་དགོས་དོན་ནི། བོད་ཀྱི་སྙན་ངག་གི་བརྒྱུད་རིམ་དང་འཕེལ་འགྲོས་དེ་སཾསྐྲྀཏའི་སྙན་ངག་ནས་བྱུང་བའི་རྒྱུ་མཚན་གྱིས་ཡིན། སྙན་ངག་ཆེན་པོ་དང་དུམ་བུའི་སྙན་ངག་ཅེས་དབྱེ་བ་གཉིས་ཕྱེ་བའི་ནང་ནས་སྙན་ངག་ཆེན་པོ་ནི་དཔེར་ན་མཧཱབྷཱརཏ་དང་རཱམཱཡཎ་ལྟ་བུ་སྙན་ངག་ཆེན་པོ་དང༌། དེ་ཚོའི་བརྗོད་བྱ་ཡང་སྔོན་བྱུང་བའི་ལོ་རྒྱུས་ཤིག་ལ་བརྟེན་པའམ། ཡང་ན་བཅོས་སྒྲུང་ངམ་ཉེ་བར་བཀོད་པ་ལྟར་བྱས་ནས་སྔོན་གྱི་བྱུང་བ་མ་ཡིན་པའི་སྐྱེས་བུའི་རྣམ་རྟོག་གིས་བཟོས་པ་ལ་བརྟེན་པ། དེ་གཉིས་གང་ཡིན་ནའང་མགོ་ནས་མཇུག་བར་དུ་ལོ་རྒྱུས་སམ་སྒྲུང་གོ་རིམ་འགྲིག་པོ་བྱས་ནས་ཡོད་པ། དེའི་ནང་ལ་བརྗོད་དོན་གཙོ་བོ་མཁས་པ་དང་སྤོབས་པ་རྒྱ་ཆེན་པོ་ཡོད་པའི་འདྲེན་པ་དང་འདྲེན་མ་ཡོད་པ། སྙན་ངག་གི་ལམ་ནས་དེ་ཚོ་བཤད་ཡོང་དུས་བསྔགས་པ་བཅུ་གསུམ་དང་བཅོ་བརྒྱད་ལ་སོགས་པ་རི་དང༌། ནགས་ཚལ་དང༌། ཆུ་དང༌། གྲོང་ཁྱེར་དང༌། དེ་ནས་སྐྱེ་བོ་ཕོ་མོ་འགྲོ་འོང་དང༌། དུས་ལ་སོགས་པ་དེ་འདྲ་མང་པོ་ཞིག་ལ་བསྟོད་བསྔགས་ཀྱི་རྒྱན་རྒྱག་དགོས་པའི་རྩོམ་གྱི་སྒྲིག་འཛུགས་དེ་བཟོས་པ་ཡིན།

དེ་དག་གི་དགོས་པ་གཙོ་བོ་ནི། ལོ་རྒྱུས་སམ་བཅོས་སྒྲུང་གང་ལ་བརྟེན་པ་ཞིག་ཡིན་ནའང༌། བྱུང་བ་དེའི་སྐོར་གྱི་ཡུལ་དང་དུས་དང་གནས་སྐབས་དང་སྤྱི་ཚོགས་ཀྱི་གནས་སྟངས་སོགས་ཡོངས་སུ་μོགས་པའི་ཁོར་ཡུག་དེ་ངག་ལམ་ནས་བསྐྲུན་ཏེ་ཀློག་པ་པོའི་བློ་ངོར་བྱུང་རིམ་ངོ་མ་བསྐྱར་དུ་བསྐྲུན་ནས་མིག་མཐོང་ལག་ཟིན་ལྟ་བུའི་ཚོར་བ་ཡོང་ཐུབ་པ་བཟོ་རྒྱུའི་ཆེད་དུ་ཡིན། དཔེར་ན་རི་ལ་བསྔགས་པ་བརྗོད་པའི་ཚིགས་བཅད་རྣམས་ཀློག་ཡོང་དུས་ངག་གི་ནུས་པ་དེས་ང་ཚོའི་མིག་གི་མདུན་ལ་གཟུགས་བརྙན་ཤར་བ་ནང་བཞིན་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་དང༌། གཞན་ཡང་ཤིང་ནགས་དང༌། ཆུ་བོ་ལ་སོགས་པ་གང་འདྲ་ཞིག་བཤད་པའི་སྐབས་ལའང་ཚིག་གི་ནུས་པ་རང་གིས་གང་བརྗོད་པ་དེ་རྣམས་མིག་གི་མདུན་ལ་དངོས་སུ་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་དགོས་པ་ཡིན། དེ་བཞིན་གྲོང་ཁྱེར་ལ་བསྔགས་པ་བརྗོད་ཀྱི་ཡོད་ན་ཕལ་ཆེར་སོ་སོ་གྲོང་ཁྱེར་དེའི་ནང་ལ་སླེབས་བསྡད་པ་ལྟ་བུ་ཞིག་དང༌། འགྲོ་ལམ་མ་ཐོབ་པར་གྲོང་ཁྱེར་གྱི་བཞི་མདོར་མགོ་འཐོམས་ནས་འགྲོ་མ་ཤེས་པར་བསྡད་པ་ལྟ་བུ་དེ་འདྲའི་ཚོར་བ་ཡོང་ཐུབ་པའི་ངག་གི་ནུས་པ་ཤུགས་ཆེན་པོ་དང་བྲོ་བ་དེ་ཙམ་སླེབས་རྒྱུ་ཡོད་པ་ཞིག་དགོས། མི་ལྟ་བུ་ཞིག་གི་སྐོར་ལ་བཤད་ཀྱི་ཡོད་ནའང༌། མི་དེ་ཧ་ལམ་མདུན་ལ་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་དང༌། དགྲ་བོ་ཞིག་གི་སྐོར་བཤད་པ་ཡིན་ན་ཀློག་གིན་ཀློག་གིན་ཁོ་ལ་ཁུ་ཚུར་བསྣུན་རྒྱུའི་རྣམ་རྟོག་དང་ཀུན་སློང་སྐྱེ་ཐུབ་པའི་ནུས་པ་ཡོད་པ་ཞིག་དགོས།

སྙན་ངག་བཟང་པོ་དེ་དག་ཀློག་སྐབས་སེམས་ཀྱི་ནང་རྣམ་རྟོག་ག་འདྲ་ཞིག་ཡོང་དགོས་སམ་ཞེ་ན། ཀློག་པ་པོ་ཁོ་རང་ངམ་རྩོམ་པ་པོ་ཁོ་རང་བྱུང་བ་དེའི་ནང་གི་ཕྱོགས་གཅིག་བཟུང་ནས་ཆ་ཤས་ལེན་མཁན་ཡིན་པ་ལྟ་བུའི་ཚོར་སྣང་སྐྱེ་ཐུབ་པ་ཞིག་དགོས་པ་ཡིན། དཔེར་ན་དེང་སང་གེ་སར་གྱི་སྒྲུང་ཀློག་པའི་སྐབས་སུའང་དེ་འདྲ་ཡོང་གི་ཡོད་པ་དང༌། སྒྲུང་དེའི་ནང་ལ་འདྲེན་པ་དང་ཉེ་བའི་འདྲེན་པ་གཉིས་པོ་དམག་འཐབ་པའི་ཚེ་ཀློག་མཁན་དེས་དང་པོ་ནས་ཡང་ན་འདྲེན་པ་དེའི་ཕྱོགས་བྱས་ཟིན་པ་དང༌། ཡང་ན་ཉེ་བའི་འདྲེན་པའི་ཕྱོགས་བྱས་ཟིན་པ་ཡིན། དེ་འདྲའི་ཕྱོགས་གཅིག་བཟུང་ནས་མར་ཀློག་གིན་ཀློག་གིན་སོ་སོའི་ཕྱོགས་གཟུང་ས་དེ་ཁེ་གྲབས་འདུག་ན་དགའ་སྣང་དང༌། སོ་སོའི་ཕྱོགས་གཟུང་ས་དེ་ཕམ་གྲབས་འདུག་ན་འཇིགས་སྣང་སྐྱེས་ནས་དེའི་རྗེས་ལ་ག་རེ་ཡོང་གི་ཡོད་ན་བསམས་ནས་ཆ་ཚང་ཀློག་མ་ཚར་བར་དུ་བར་མཚམས་བཞག་མ་ཐུབ་པར་ཤེས་འདོད་དང་ཀློག་འདོད་བསྐྱེད་ཐུབ་པ་ཞིག་ཡོད་པ་དེ་ནི་མིའི་བསམ་བློའི་ནང་ལ་དགའ་སྣང་དང་སྡུག་སྣང་གི་ཚོར་བ་ཡོང་བའི་དོན་ལ་ཡིན། ད་ནི་དེའི་རྗེས་ལ་ག་རེ་ཡོད་ན་བསམས་ནས་དྭོགས་པ་དང་ཤེས་འདོད་བསྐྱེད་ཐུབ་པ་ཞིག་བྱུང་ན་དེ་རྩོམ་རིག་བཟང་པོ་ཞིག་ལ་བརྩི་ཆོག དེས་ན་བཅོས་སྒྲུང་ངམ་ཉེ་བར་བཀོད་པའི་རྩོམ་རིག་ཅིག་ཡིན་ན་མགོ་བཙུགས་པ་ནས་མཐའ་མ་རྫོགས་པའི་བར་དུ་བར་མཚམས་འཇོག་མ་ཐུབ་པར་ཁ་ལག་ཟ་གིན་ཟ་གིན་ལའང་ཀློག་དགོས་པ་ཞིག་བྱུང་ན་རྩོམ་དེ་ཡག་པོ་ཞིག་ཏུ་གྱུར་ཡོད་པའི་དོན་ཡིན།

དཔེར་ན་ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་བཤད་ནའང༌། ང་སྔོན་མ་རྡོ་རྗེ་གླིང་ལ་དགེ་རྒན་བྱས་དུས་ཀ་བཞི་སྨད་ཆོས་མཛད་ནས་མདོ་མཁར་བས་བརྩམས་པའི་མི་དབང་རྟོགས་བརྗོད་དེ་ངས་གཡར་བ་ཡིན། རྟོགས་བརྗོད་དེ་མགོ་ནས་མཇུག་བར་དུ་སྙན་ངག་ཆེན་པོ་རང་གི་མཚན་ཉིད་དང་ལྡན་པའི་ཧ་ཅང་སྙན་པོ་ཞིག་ཡོད་སྟབས་དེ་ཀློག་རྒྱུ་མཚམས་འཇོག་མ་ཐུབ་པར་དགོང་མོ་གཉིས་རིང་ཉལ་རྒྱུ་མ་བྱུང་བར་མུ་མཐུད་ཀློག་བསྡད་པ་དེའི་དབང་གིས་གཟུགས་པོ་འཁྲུགས་ནས་མཁྲིས་པ་ན་དགོས་བྱུང༌། སྙན་ངག་དེའི་ནུས་པས་ནམ་རྒྱུན་ཆུ་ཚོད་དགུ་པ་ཡོལ་བ་དང་གཉིད་ཁུགས་འགྲོ་མཁན་གྱི་མི་ཞིག་ལ་ཀློག་རྒྱུའི་སྙན་ངག་དེའི་དབང་གིས་སེམས་ཀྱི་ནང་ཐུན་མོང་མ་ཡིན་པའི་འགྱུར་བ་ཞིག་བསྐྱེད་པ་དང༌། དེའི་དབང་གིས་གཉིས་ཀྱང་མི་ཁུགས་པ་དང༌། དུས་ཚོད་ཀྱང་ག་ཚོད་ཕྱིན་པ་མ་ཤེས་པ་བཟོས་པ་དེ་ཙམ་གྱི་ནུས་པ་ཞིག་ཡོད་པ་ཡིན།

དེ་འདྲ་ཡོང་བ་དེ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་དབང་གིས་ཏེ། རྗོད་བྱེད་སྙན་པ་ཙམ་དུ་མ་ཟད་བརྗོད་བྱ་དེ་ཡང་ད་ལྟ་ངས་གོང་དུ་ཞུས་པ་བཞིན་སྙན་ངག་ཆེན་པོའི་སྒྲིག་ལམ་ནང་བཞིན་བང་སྒྲིག་ཐུབ་ན་མིའི་བསམ་བློའི་ནང་ལ་ཐེ་ཚོམ་དང༌། ཤེས་འདོད་ཀྱི་ཀུན་སློང་མུ་མཐུད་སྐྱེད་ནུས་པ་ཞིག་ཡོད་པ་ཡིན། བྱུང་རིམ་དེ་ཡང་དངོས་གནས་དྲང་གནས་ཡིན་པ་ལྟ་བུ་ཞིག་མ་གཏོགས་འདི་འདྲ་ཡོང་མི་སྲིད་སྙམ་པ་བྱུང་ན་དེ་སྙན་ངག་དང་རྩོམ་རིག་ཡག་པོའི་ཁོངས་ལ་མི་འགྲོ ཕན་ཚུན་སྐད་ཆ་དང༌། དྲི་བ་དྲིས་ལན་སོགས་གང་ཞིག་ཡིན་ནའང་མི་ཚེ་དངོས་ཀྱི་ནང་ལ་བྱུང་བ་ཡིན་ནའང་འདི་འདྲ་རང་ཡོང་གི་རེད་བསམ་པ་ཏག་ཏག་གིས་ར་འཕྲོད་ཐུབ་པ་ལྟ་བུ་དངོས་ཡོད་མི་ཚེའི་འགྲོ་སྟངས་དང་ཇི་ཙམ་མཐུན་པ་དེ་ཙམ་གྱིས་ངག་གི་ནུས་པ་དེ་ཤུགས་ཆེ་རུ་ཕྱིན་པ་དང༌། སྙན་ངག་དེ་ཡག་ཏུ་ཕྱིན་པའི་གནས་ཚུལ་ཡིན།

ལེགས་སྦྱར་སྐད་ལ་སྙན་ངག་ཆེན་པོ་དང་དུམ་བུའི་སྙན་ངག་གི་ཁྱད་པར་འབྱེད་སྟངས་ནི། དུམ་བུའི་སྙན་ངག་ཟེར་བ་དེ་བསྟོད་པའི་བཟོ་འདྲ་པོ། གོ་སྐབས་དམིགས་བསལ་བ་ཞིག་ལ་ཐུན་མོང་མ་ཡིན་པའི་སེམས་ཀྱི་འགྱུར་བ་གང་འདྲ་ཞིག་བྱུང་བ་དེ་ཤ྄ལོཀ་རེ་རེ་གཉིས་གཉིས་ཙམ་ལྟ་བུ་རྡུམ་རྡུམ་དེ་འདྲའི་ནང་ལ་དམིགས་བསལ་སེམས་ཀྱི་ཉམས་འགྱུར་ཡོང་བའི་ཆེད་དུ་བྲིས་པ་དེ། ད་ལྟའི་སྔོན་མ་ནང་བཞིན་བརྗོད་བྱ་འདིའི་རྗེས་ལ་གང་ཡོད་ན་འདིའི་མཇུག་ལ་གང་ཡོད་ན་སྙམ་པའི་ཐེ་ཚོམ་དང་ཤེས་འདོད་ཅན་བྱས་ནས་བཞག་མ་ཐུབ་པས་མུ་མཐུད་འགྲོ་རྒྱུ་མེད་པ་ཡིན་ནའང༌། རྩོམ་ཡིག་དུམ་བུ་དེ་གོ་བ་དང་སེམས་ལ་ཧ་ཅང་གི་གཡོ་འགུལ་ཆེན་པོ་ཞིག་ཐེབས་ནས་དེ་ཚར་གཅིག་ཀློག་ཟིན་པ་དུས་ཚོད་གང་ལ་གང་འཚམས་ཤིག་གི་རིང་ལ་དེའི་འགྱུར་བའམ་དེ་ལ་བརྟེན་ནས་བྱུང་བའི་ཚོར་བའམ་ཡིད་ཀྱི་རྣམ་འགྱུར་ཐུན་མོང་མ་ཡིན་པ་དེ་ཤུགས་ཆེན་པོར་སྡོད་ཐུབ་པའི་ངག་གི་རིག་བྱེད་ལ་དུམ་བུའི་སྙན་ངག་ཅེས་བརྗོད། སྙན་ངག་སྤྱི་ཡོངས་ཀྱི་སྐོར་དེ་འདྲ་ཞིག་ལ་ཆ་བཞག་ནས། ད་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་སྐོར་ལ་ཕྲན་བུ་ཞིག་ཞུས་ན།

སྤྱིར་བཏང་བོད་ཀྱི་རྩོམ་རིག་བོད་ཀྱི་སྐད་ཡིག་དར་བ་དང་ཆབས་ཅིག་ཏུ་བྱུང་བའི་རིག་པ་ཞིག་ཡིན་པ་ལས་བོད་ཀྱི་སྐད་ཡིག་སྔོན་ལ་དར། བོད་ཀྱི་རྩོམ་རིག་དེ་རྗེས་ལ་དར་བ་དེ་འདྲ་མ་ཡིན། ཡར་རྒྱས་འགྲོ་སྟངས་དེ་ཡང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཕྱིན་པ་དང་བོད་ཀྱི་རྩོམ་རིག་ཀྱང་ཡར་རྒྱས་མཉམ་དུ་ཕྱིན་པ་ལས་ལོགས་སུ་ཕྱིན་མེད། ཡིན་ནའང་བོད་ཀྱི་རྩོམ་རིག་དེ་ནི་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་བོད་སྐད་དུ་མ་བསྒྱུར་བའི་སྔོན་དང༌། གཞུང་དེ་བསྒྱུར་ཚར་བའི་རྗེས་བཅས་ནམ་དུའང་བོད་ཀྱི་རྩོམ་རིག་དེ་ཉིད་རྒྱ་གར་གྱི་སྐད་སྤྱི་དང་ལྷག་པར་དུའང་ལེགས་སྦྱར་གྱི་སྐད་ཀྱིས་ཤུགས་སྣོན་ཐེབས་ནས་བོད་ཀྱི་རྩོམ་རིག་ཡར་རྒྱས་ཕྱིན་ཡོད།

བོད་ཀྱི་སྐད་ཡིག་ཡར་རྒྱས་ཕྱིན་པའི་གོ་རིམ་ཡང་ལེགས་སྦྱར་གྱི་སྐད་ནས་བཀའ་དང་བསྟན་བཅོས་དེ་རྣམས་བོད་སྐད་དུ་བསྒྱུར་བ་དང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཕྱིན་པ་གཉིས་མཉམ་དུ་བྱུང་ཡོད། ཐོག་མ་བོད་ཀྱི་ཡིག་གཟུགས་དང༌། ལུང་སྟོན་པའི་རྣམ་བཞག་གསར་བཟོ་བྱེད་པའི་དམིགས་ཡུལ་དེའང་རྒྱ་གར་གྱི་མདོ་དང་བསྟན་བཅོས་བསྒྱུར་བའི་ཆེད་དུ་བཟོས་སྟབས་ཐོན་མི་སཾ་བྷོ་ཊས་བོད་ཀྱི་ཡིག་གཟུགས་དང་བརྡ་སྤྲོད་གསར་དུ་བཟོས་པ་དེ་དང་ཆབས་ཅིག་ཁོང་རང་གིས་བསྒྱུར་རྒྱུའི་འགོ་བཙུགས་པ་ཡིན་ཚེ་ང་ཚོའི་ངག་གི་རང་བཞིན་དེ་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བའི་ངག་གི་རང་བཞིན་དང་མཉམ་དུ་བྱུང་བ་ཞིག་ཡིན་སྟབས་མདོ་དང་བསྟན་བཅོས་གང་འདྲ་ཞིག་བསྒྱུར་ཡོད་ནའང་དེའི་ནང་དུ་རྒྱ་གར་ལེགས་སྦྱར་སྐད་ཀྱི་རྩོམ་ཉམས་དེ་དག་ལྷན་སྐྱེས་སུ་ཡོད་པ་ཡིན།

དང་པོ་བསྒྱུར་བ་རྣམས་ལ་རྩོམ་ཉམས་ཡག་པོ་དེ་ཙམ་སླེབས་ཐུབ་མེད་ནའང་རིམ་པས་འགྱུར་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་རྒྱ་གར་གྱི་རྩོམ་དེ་ཚོར་ལེགས་སྦྱར་གྱི་སྐད་དུ་ཉམས་ཇི་ཙམ་ཡོད་པ་དེ་ཧ་ལམ་བོད་སྐད་དུ་སླེབས་ཐུབ་པ་བྱུང་བ་དང༌། རྗེས་སུ་སངས་རྒྱས་སྤྱོད་པ་ཞེས་བྱ་བ་སྙན་ངག་ཆེན་པོ་དང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། སྤྲིན་གྱི་ཕོ་ཉ་དང༌། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་སོགས་པ་ཧ་ཅང་ཡག་པོ་བསྒྱུར་ཐུབ་པ་བྱུང་ཡོད། དེའི་དབང་གིས་བོད་ཀྱི་རྩོམ་རིག་ལ་ལེགས་སྦྱར་སྐད་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞུགས་ནས། གང་ཞིག་བྲིས་ནའང་ལེགས་སྦྱར་གྱི་སྐད་ཀྱི་ཤན་ཤུགས་དེ་བླངས་ནས་དེ་དག་དང་གང་འདྲ་འདྲ་དང་གང་མཚུངས་མཚུངས་བྱས་ཡོད།

དཔེ་ཞིག་བཙལ་དགོས་བྱུང་ནའང་སྔར་རྒྱ་གར་གྱིས་དཔེར་བརྗོད་པ་དེ་དག་བཀོད་ཡོད། ང་ཚོ་བོད་ལ་གནམ་གྲང་མོ་ཡིན་སྟབས་རླུང་བསིལ་པོ་ཞིག་བཙལ་དགོས་བྱུང་ན་རྒྱ་གར་ལུང་པ་གང་དུའང་མེད་པའི་རླུང་བོད་ཀྱི་རླུང་དེ་ཡིན་ལ། དེའི་ནང་ནས་བྱང་ཐང་གི་རླུང་དེ་ཡག་ཤོས་ཡིན། དཔེར་ན། ལྷག་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡི།། ཟེར་བ་དེ་འདྲའི་རླུང་ཞིག་དགོས་ཀྱི་ཡོད་ན་བོད་ཀྱི་བྱང་ཐང་གི་རླུང་དེ་ཡག་ཤོས་ཡིན་པ་ལས་རྒྱ་གར་ལྷོ་ཕྱོགས་ཀྱི་རླུང་དེ་བོད་ཀྱི་རླུང་དང་བསྡུར་ན་དྲོན་མོ་ཡོད། འོན་ཀྱང་ང་ཚོས་རླུང་བསིལ་པོའི་དཔེ་ཞིག་འཇོག་དགོས་བྱུང་ན་རྒྱ་གར་ལྷོ་ཕྱོགས་མལཡའི་རླུང་དེ་དཔེར་བཞག་པ་མ་གཏོགས་བོད་ཀྱི་རླུང་གང་ལའང་དཔེ་བཞག་པ་མེད། ཆུ་བོ་གཅིག་ལ་དཔེ་བཞག་དགོས་ནའང་གངྒཱ་དང་ཡམུནཱ་མ་གཏོགས་བོད་རང་ལ་ཡོད་པའི་ཆུ་ཚོའི་གཏམ་ཙམ་ཡང་མེད། རྒྱ་མཚོ་ནི་བོད་ཀྱི་གཡས་གཡོན་གང་དུའང་མེད་པས་དེ་རྒྱ་གར་ནས་གོ་ཐོས་བྱུང་བའི་རྒྱ་མཚོ་དེ་དཔེ་འཇོག་པ་དང༌། རི་རབ་ནི་སྒྲུང་གཏམ་ཤོད་པ་ལྟ་བུ་འགྱུར་ཡང་སྲིད།

དེ་བཞིན་དཔག་བསམ་གྱི་ཤིང་ལྟ་བུ་རྒྱ་གར་གྱི་གཏམ་རྒྱུད་ནས་བྱུང་བ་ཤ་སྟག་ཡིན་པ་མ་ཟད། བུད་མེད་མཛེས་མ་ཞིག་གི་མཛེས་ལུགས་མཛེས་སྟངས་ཤོད་དགོས་བྱུང་ནའང་རྒྱ་གར་བུད་མེད་ཀྱི་མཛེས་སྟངས་མ་གཏོགས་ང་ཚོ་བོད་པའི་བུད་མེད་ཀྱི་མཛེས་སྟངས་དེ་བཤད་མེད་པ་དཔེར་ན། མིག་གི་དཀྱུས་རིང་པོ་རྣ་བའི་གོང་ལ་སླེབས་པ་ཟེར་བ་དེ་འདྲ་རྒྱ་གར་གྱི་མཛེས་སྟངས་ཡིན། མིག་ཆེན་པོ་རི་དྭགས་ཀྱི་མིག་ལྟ་བུ་རྒྱ་གར་བུད་མེད་ཀྱི་མཛེས་སྟངས་ཡིན་པ་ལས་ང་ཚོ་བོད་པའི་བུད་མེད་ཀྱི་མཛེས་སྟངས་དེ་མིག་ཆུང་ཆུང་ཡིན་པས་བོད་པའི་བུད་མེད་མང་ཆེ་བ་རྒྱ་གར་ནང་བཞིན་མིག་ཆེན་པོ་མེད་པ་ཡིན། མིག་ཧ་ཅང་ཆེན་པོ་ཡོད་ན་འཇིགས་སྣང་སྐུལ་མཁན་འབག་མོའི་དབྱིབས་ལྟ་བུ་གྱུར་པ་མ་གཏོགས་བུད་མེད་མཛེས་མའི་ཚུལ་ལྟ་བུ་ཞིག་འགྱུར་མི་ཐུབ། ཡིན་ནའང་ང་ཚོས་མཛེས་མའི་སྐད་ཆ་བཤད་པའི་སྐབས་ལ་མིག་ཆེན་པོ་སྣའི་གཟེངས་མཐོན་པོ་ཟེར་བ་དེ་ཚོ་རྒྱ་གར་གྱི་མཛེས་ཚུལ་གྱི་ལྟ་སྟངས་དེ་ང་ཚོའི་ནང་ལ་སླེབས་པ་ཞིག་ལས་ང་རང་ཚོ་རང་གི་ལྟ་སྟངས་དེ་རྩོམ་རིག་ནང་སླེབས་མེད།

དེ་ནས་སེངྒེ་དང་རྨ་བྱ་ཞེས་པ་དེ་དག་ཐམས་ཅད་རྒྱ་གར་གྱི་རིག་གཞུང་ཁྲོད་དུ་ཡོད་པ་ཤ་སྟག་དང༌། རྨ་བྱ་ཕལ་ཆེར་བོད་ལ་མེད་ཅེས་བཤད་ནའང་འགྲིག་པ་ཡིན་ཞིང༌། སྤྱན་གཟིགས་ཁང་ལ་གསོས་པ་མ་གཏོགས་རི་ལ་རང་བཞིན་གྱིས་རྨ་བྱ་མེད་ནའང་ང་ཚོས་རྨ་བྱ་ལ་ཧ་ཅང་དཔེ་མང་པོ་སྦྱར་གྱི་ཡོད་པ་ཚང་མས་ཤེས་གསལ་ཡིན། བོད་རང་གི་ཐུན་མོང་མ་ཡིན་པའི་གཡག་དང་འབྲོང་དེ་ཚོ་ཧ་ལམ་བོད་ཀྱི་སྙན་ངག་ཁྲོད་དུ་མཐོང་རྒྱུ་མེད། དེ་ཚོས་གང་མཚོན་གྱི་ཡོད་དམ་ཟེར་ན། ང་ཚོའི་སྙན་ངག་རྩོམ་རིག་གི་རྣམ་གཞག་ཐོག་མ་དར་བའི་སྐབས་ལ་ལེགས་སྦྱར་གྱི་རིག་གཞུང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་གསལ་པོ་མཚོན་གྱི་ཡོད། དེ་བཞིན་བོད་པའི་གྲྭ་པ་དང༌། སྒོམ་ཆེན་དེ་ཚོའང་སྙན་ངག་གི་ནང་མི་གསལ་བ་ཞིག་དང༌། དྲང་སྲོང་དང༌། བྲམ་ཟེ། བྲཧ྄མཎ་གྱི་སྐོར་མང་པོ་སླེབས་ཀྱི་ཡོད། དེར་བརྟེན་རྩ་བའི་སྙན་ངག་གི་རྩོམ་འགྲོས་དང་དཔེ་སྦྱར་སྟངས་དེ་རྣམས་རྒྱ་གར་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་དེ་བཤད་མི་དགོས་པ་ཡིན།

རྩོམ་རིག་གང་འདྲ་ཞིག་ཡིན་ནའང་རགས་པ་ཙམ་དུ་དབྱེ་བ་ཕྱེ་ན་གཉིས་སུ་ཕྱེ། རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས།། ངག་གི་རང་བཞིན་ཐ་དད་གཉིས།། ཞེས་གསུངས་པ་ལྟར་རང་བཞིན་དྲང་པོར་བརྗོད་པའི་སྙན་ངག་ཅིག་དང༌། འཁྱོག་བརྗོད་ཀྱི་སྙན་ངག་ཅིག་བཅས་གཉིས་ཡོད། ད་ལྟའི་སྙན་ངག་མེ་ལོང་གི་དོན་རྒྱན་སོ་ལྔའི་ནང་ཚན་གྱི་རང་བཞིན་བརྗོད་པ་ཞེས་པ་དེ་དཔེ་རྒྱན་མ་ཡིན་པའམ་དཔེ་དང་མ་སྦྱར་བ་ཞིག་དགོས་ནའང་སྤྱིར་བཏང་ནས་རང་བཞིན་བརྗོད་དང་འཁྱོག་བརྗོད་ཀྱི་དབྱེ་བ་ཕྱེ་བའི་སྐབས་སུ་དཔེ་དང་སྦྱར་བ་དེ་ཚོ་ལའང་འཁྱོག་བརྗོད་མ་ཡིན་པ་རང་བཞིན་བརྗོད་པ་མང་པོ་ཡོད། རང་བཞིན་བརྗོད་པའི་སྙན་ངག་གང་ཞིག་ཡིན་ནའང་ཧ་ལམ་སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་པ་དེ་དང་མཐུན་པ་ཞིག་མ་གཏོགས་སྐད་ཡིག་གཞན་དག་ནས་ཚུར་ཤན་ཤུགས་སླེབས་པ་ཕལ་ཆེར་བྱུང་མེད། འཁྱོག་བརྗོད་ཀྱི་རིགས་དེ་ཚོའི་ནང་ང་ཚོས་སྙན་ངག་གཞན་ཞིག་མཐོང་བ་ཡིན་ནའང་མཐོང་བ་དེས་ང་རང་ཚོའི་རྩོམ་འགྲོས་ཐོག་ལ་ཤན་ཤུགས་སླེབས་ཡོང་བ་དེ་རང་བཞིན་གྱི་གནས་སྟངས་ཤིག་ཡིན་པས་དེ་བཀག་འགོག་བྱེད་མི་ཐུབ། སྔོན་མ་ཡིན་ན་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བའི་སྙན་ངག་མ་གཏོགས་མེད་པའི་རྐྱེན་གྱིས་ང་ཚོའི་རྩོམ་རིག་གི་ནང་ལ་ལེགས་སྦྱར་གྱི་ཤན་ཤུགས་དེ་མ་གཏོགས་གཞན་དག་སླེབས་མེད། དེང་སང་རྩོམ་རིག་གཞན་དག་མང་པོ་ཀློག་སྐབས་དེང་དུས་ཀྱི་རྩོམ་རིག་གསར་པའི་ནང་ལ་རྒྱ་ནག་གི་རྩོམ་འགྲོས་དང༌། དབྱིན་ཇིའི་རྩོམ་འགྲོས། རྒྱ་གར་གྱི་རྩོམ་འགྲོས་ལ་སོགས་མང་པོ་སླེབས་ཡོད། ང་ཚོའི་རྩོམ་རིག་ནང་ལ་དེ་ཚོ་སླེབས་མི་ཆོག་པ་མ་ཡིན་ལ། སླེབས་མ་སྲིད་པའང་མིན། སླེབས་པ་ཡིན་ནའང་དེ་ལ་ཧང་སང་དགོས་དོན་ཡང་མེད། གནས་སྐབས་གནས་སྐབས་ལ་འགྱུར་བ་འགྲོ་བ་དེ་རང་བཞིན་གྱི་གཤིས་ལུགས་ཤིག་ཡིན་པ་མ་གཏོགས་དེ་ལ་བརྟེན་ནས་ང་ཚོའི་རིག་གཞུང་ལ་ཕན་གནོད་གང་ཡང་ཡོང་མི་ཐུབ།

དེ་ལྟར་བྱས་ན་ནམ་ཞིག་ན་ང་ཚོའི་བོད་པར་ད་ལྟ་ཕན་ཆད་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་རྣམ་གཞག་ཧ་ལམ་ལེགས་སྦྱར་གྱི་རྩོམ་རིག་དང་ཕར་བླུག་ཚུར་བླུག་ལྟ་བུ་འདྲ་མཉམ་ལ་བསྐྱོད་ཐུབ་མཁན་དེ་ཉམས་འགྲོ་བའི་ཉེན་ཁ་མེད་དམ་ཞེ་ན་གཅིག་བྱས་ན་ཉམས་སྲིད། རྩོམ་རིག་དེ་ཀློག་པ་པོའི་དོ་སྣང་ལ་འགྱུར་བ་ཕྱིན་པའི་སྐབས་སུ་རྩོམ་རིག་དེ་ཡང་རང་བཞིན་གྱིས་འགྱུར་བ་འགྲོ་བ་དེ་གཤིས་ལུགས་ཡིན་ནའང་གཅིག་བྱས་ན་རྩོམ་རིག་མང་ཆེ་བ་དེ་གང་ཟག་མང་པོ་ཞིག་ལ་གང་འདྲ་བྱས་ནས་ཐོན་གྱི་ཡོད་དམ་ཞེ་ན། གྲོགས་མེད་གཅིག་པུར་ལུས་པའི་སྣང་བའམ་ཚོར་བ་ཞིག་ཡོད་པ་དེས་རྩོམ་རིག་ལ་ཤུགས་སྣོན་ཐེབས་སྲིད་པ་ཡིན།

རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་མང་ཆེ་བས་སྙན་ངག་གི་འགོ་བརྗོད་བྲིས་པའི་སྐབས་སུ་སྭཡམ྄སུཁཱཡ་ཞེས་རང་ཉིད་ཀྱི་ཚོར་བ་བདེ་བའི་ཆེད་དུ་མ་གཏོགས་མི་གཞན་དག་སུས་ཀྱང་འདི་ལ་དགའ་སྣང་བྱེད་མི་ཐུབ་བསམ་པ་ཡོད་འདུག དེ་བཞིན་དུ་གཞན་ཀློག་མཁན་དང་འབྲི་མཁན་མེད་ནའང་སོ་སོ་གཅིག་པུའི་ཚུལ་གྱིས་བྲི་བ་ཡང་ཡོང་སྲིད། བོད་ཀྱི་སྙན་ངག་མཁན་ཆེན་པོ་མང་པོ་ལ་དགོངས་ཚུལ་དེ་འདྲ་བྱུང་ཡོད། དཔེར་ན། སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི། ཤིང་རྟའི་འཕང་ལོ་གཡོས་པའི་ཤུལ་ལམ་དུ།། དེང་དུས་སྐྱེ་བོའི་རྒྱུ་འགྲུལ་ཟད་པ་ན།། གྲིབ་མ་གཉིས་པའི་གྲོགས་བཅས་འགྲོ་བ་སུ།། ཞེས་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེ་བློ་བཟང་རྒྱ་མཚོ་དུས་རབས་ཉི་ཤུ་པའི་བོད་ཀྱི་སྙན་ངག་མཁན་ཧ་ལམ་རྫོགས་འགྲོ་སྐབས་ཀྱི་ཐོ་རེངས་སྐར་ཆེན་གྱི་བཟོ་འདྲ་པོ་ཞིག་ཡིན། ཁོང་གི་ཐུགས་སྣང་ལ་སྔོན་མ་ཡིན་ན་སྙན་ངག་ཀུན་གྱི་རྒྱལ་པོ་ལྟ་བུ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གིས་བཟོས་པའི་རྒྱ་ལམ་ཆེན་པོ་དེའི་ནང་ལ་བོད་པའི་སྙན་ངག་གི་ཤིང་རྟའི་འཁོར་ལོ་མང་པོ་ཞིག་འགྲོ་མཁན་ཡོད་ནའང༌། དེང་སང་དེ་འདྲའི་ཤིང་རྟའི་འཁོར་ལོ་ལྟ་ཅི་མི་ཙམ་ཡང་འགྲོ་མཁན་མེད་པར་གཅིག་ཏུ་ལམ་ཁ་སྟོང་པ་རང་ལུས་བསྡད་ཡོད། དེའི་ནང་ལ་སོ་སོའི་གྲིབ་མ་མ་གཏོགས་རོགས་པ་གཞན་མེད་གསུང་སྐབས། ད་ངའི་སྙན་ངག་ལ་ཉན་མཁན་གཅིག་ཀྱང་མི་འདུག་ཅེས་པའམ། སྙན་ངག་ཉན་ནས་དེ་ལ་དགའ་༡༩༣

མདོག་དང་སྡུག་མདོག་གིས་མགོ་གཡུག་མཁན་ལྟ་བུ་གཅིག་ཀྱང་མི་འདུག་གསུངས་པ་ཡིན། གྲིབ་མ་གཉིས་པའི་གྲོགས་བཅས་འགྲོ་བ་སུ།། ཞེས་དྲི་བ་བཀོད་ནས་དེའི་ལན་དུ། སྐྱེས་སྦྱང་བློ་གྲོས་ལྔ་རིག་ཤེས་བྱའི་ཕ་མཐའ་འཚོལ་ལ་རིངས་པར་ཞུགས།། ལྷག་བསམ་བཟང་པོའི་དཀར་བ་ཉིད་ཀྱང་ཟླ་བའི་དཀྱིལ་ནས་བཏོན་པ་བཞིན།། ཆོས་ཀྱི་བསོད་ནམས་རྒྱ་ཆེ་དཔངས་མཐོ་ལྷུན་པོའི་དཔལ་ལ་རྣམ་པར་འཐབ།། གྲགས་པ་ཡིད་འོང་མཚོ་ཆེན་དབའ་རླབས་ཁོར་ཡུག་རི་བོ་བརྒལ་སྙམ་བྱེད།། དེ་སྐད་གཏམ་གྱི་སྙེམས་པ་རབ་མཐོ་འོད་ཀྱི་སྒྲ་ཆེན་རབ་བཏགས་ཚུལ་དུ་སྒྲོག་བྱེད་པ།། མགྲིན་པའི་མཚོ་རུ་དབྱངས་ཅན་ངང་མོས་རྣམ་པར་རྩེན་པའི་ངག་རིག་སྨྲ་རྣམས་སྤྱི་སྲོལ་ཏེ།། སྙིང་ལ་མུན་པའི་བརྟུལ་ཞུགས་རབ་བླང་སྐྱེ་བོ་གང་དག་འཁྲུགས་པར་མི་བྱ་ཁོང་ཁྲོ་ནི།། ལེགས་བྱས་རྡུལ་མང་སྤོ་མཐོར་བརྩེགས་པའི་ལྷུན་པོ་ཉིད་ཀྱང་ཐལ་བར་བརླག་བྱེད་བསྐལ་པའི་ཞུགས།། ཞེས་དེ་དག་ཇི་ཙམ་འུད་ཆེན་པོ་ཞིག་གི་སྒོ་ནས་གསུངས་དགོས་བྱུང་བ་དེའང་སྐབས་སུ་དེ་དུས་སྙན་ངག་པའི་སེམས་ཀྱི་ཚོར་བའི་ཁྲོད་དུ་རང་ཉིད་གཅིག་པུ་མ་གཏོགས་རང་དང་མཉམ་པའི་སྙན་ངག་མཁན་གཞན་མེད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་ཡིན།

ཨུར་དུའི་སྙན་ངག་མཁན་སྐད་གྲགས་ཆེན་པོ་གཱ་ལིབ་ཀྱི་སྙན་ངག་ནང་ལ་ཁུ་དཱ་ལ་གསོལ་བ་བཏབ་ནས། ང་ལ་སྙན་ངག་རྩོམ་པའི་བློ་གྲོས་འདི་ཙམ་གནང་བ་དེ་དྲང་པོ་བྱས་མི་འདུག གལ་ཏེ་ང་ལ་སྙན་ངག་རྩོམ་པའི་བློ་གྲོས་འདི་ཙམ་གནང་བ་ཡིན་ན། མི་འགའ་ཞིག་ལ་དེ་ཉན་པའི་བློ་གྲོས་སམ་ཤེས་རབ་ཀྱང་གནང་དགོས། ཡང་ན་ངའི་སྙན་ངག་རྩོམ་པའི་སྤོབས་པ་དེ་ཡར་བཞེས་རོགས་གནང༌། ཡང་མིན་ན་མི་འགའ་ཞིག་ལ་ངའི་སྙན་ངག་ཉན་ཐུབ་པའི་སྤོབས་པ་ཞིག་གནང་རོགས་མཛོད་ཅེས་བྲིས་ཡོད། དེ་བརྟེན་གཅིག་བྱས་ན་ང་ཚོའི་ཁྲོད་ནས་རང་བཞིན་གྱིས་གྲུབ་པའི་སྤོབས་པ་ཡོད་མཁན་ཞིག་ནམ་ཞིག་ནས་འཐོན་ན་བོད་ཀྱི་གནའ་བོའི་རིག་གཞུང་གི་སྙན་ངག་གི་ལམ་སྲོལ་དེ་མི་ཉམས་པ་གནས་མི་སྲིད་ཅེས་བརྗོད་མི་དགོས་ལ་ཐུབ་ཀྱང་མི་ཐུབ།

དེང་སང་མང་པོ་ཞིག་གིས་བོད་ཀྱི་སྙན་ངག་ལ་བལྟ་བའི་སྐབས་སུ་ནུབ་ཕྱོགས་པའི་སྙན་ངག་མཁན་རྣམས་ཀྱིས་སྙན་ངག་ལ་བསྐྱར་ཞིབ་བྱེད་སྟངས་དང་ལྟ་སྟངས་དེ་སྤྱོད་པ་མ་གཏོགས། ང་ཚོ་བོད་ལ་སྙན་ངག་ལ་བསྐྱར་ཞིབ་བྱས་ནས་འགྲེལ་བརྗོད་དམ་སྐྱོན་ཡོན་སྟོན་པ་ལམ་སྲོལ་དེ་སྔོན་མ་དར་མེད། སྙན་ངག་རྩོམ་མཁན་གྱིས་བརྩམས། ཉམ་མཁན་གྱིས་ཉན། གལ་སྲིད་དགག་པ་བརྒྱབ་དགོས་བྱུང་ན་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་དང་མཐུན་གྱི་མི་འདུག་ཅེས་དགག་པ་བརྒྱབས་པ་མ་གཏོགས་ཚིག་སྐྱོན་འདི་འདུག་དོན་སྐྱོན་འདི་འདུག་སོགས་དེང་སང་ནུབ་ཕྱོགས་པའི་ལམ་སྲོལ་གྱི་བསྐྱར་ཞིབ་དང་འགྲེལ་བརྗོད་བྱེད་པའི་ལམ་སྲོལ་དེ་བོད་ལ་མ་དར་བའི་རྐྱེན་གྱིས་བོད་ལ་སྙན་ངག་དང༌། དེ་བཞིན་རི་མོ་དང༌། སྒྱུ་རྩལ་གྱི་གནས་དང༌། བཟོའི་གནས་སོགས་གང་འདྲ་ཞིག་ཡིན་ནའང་དེ་བསྐྱར་ཞིབ་བྱེད་པའི་ལམ་སྲོལ་ཞིག་བྱུང་མེད། དེ་ལྟ་བུའི་ནུབ་ཕྱོགས་པའི་ལམ་སྲོལ་རྒྱ་གར་དང་རྒྱ་ནག་ལ་སྔར་སླེབས་ཡོད་པ་ཡིན།

དེས་ན་དེང་སང་བོད་ཀྱི་སྙན་ངག་གསར་པ་རྩོམ་མཁན་དེ་ཚོས་ནུབ་ཕྱོགས་པའི་སྙན་ངག་ལ་བསྐྱར་ཞིབ་བྱེད་སྟངས་ཀྱི་རྣམ་གཞག་མང་པོ་ཞིག་རྒྱ་སྐད་ལ་བསྒྱུར། རྒྱ་སྐད་ལ་བསྒྱུར་བ་དེ་ཁོང་ཚོས་མཐོང༌། དངོས་གནས་བྱས་ན་ཨ་རྒྱུད་ཡང་རྒྱུད་བྱས་པའི་སྐད་ཆ་རྙིང་པ་ཡིན་ནའང་ཁོང་ཚོས་དེ་བོད་སྐད་ཀྱི་སྙན་ངག་ཐོག་ལ་སེངྒེའི་ཡ་མགལ་དང་ཁྱིའི་མ་མགལ་སྦྱར་ནས་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། དེའི་ཐོག་ནས་བོད་ཀྱི་སྙན་ངག་ལ་ལྟ་སྐབས་ཁོང་ཚོས་ཡག་པོ་མཐོང་མ་ཐུབ་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཁོང་ཚོའི་སྐྱོན་མ་ཡིན། ཁོང་ཚོའི་ཤན་ཤུགས་ལེན་ས་དེ་རྒྱ་སྐད་དང༌། རྒྱ་སྐད་ནང་ལ་ཡོད་པའི་ནུབ་ཕྱོགས་པའི་སྙན་ངག་ལ་ལྟ་སྟངས་ཀྱི་རྣམ་གཞག་ལ་བརྟེན་ནས་ལྟ་སྟངས་དེ་དང༌། བལྟ་སའི་ཡུལ་དེ་བོད་པའི་སྙན་ངག་ལ་བྱས་ཚེ་གྲ་མི་འགྲིག་པ་ཡིན།

བོད་པའི་སྙན་ངག་དེ་ནུབ་ཕྱོགས་པའི་སྙན་ངག་དང་གཞི་རིམ་གྱི་སྒྲོམ་གཅིག་པ་མིན་ཞིང༌། སྙན་ངག་གཅིག་པ་ཡིན་ནའང་སྙན་ངག་ཡོང་སྟངས་ཀྱི་སྒྲོམ་གཅིག་པ་མིན། དཔེར་ན་མེ་ཏོག་སེར་ཅན་ཞིག་དང་ཧ་ལོའི་མེ་ཏོག་མཉམ་དུ་བསྒྲིགས་ན་མེ་ཏོག་ཡིན་པ་གཅིག་པ་དང༌། མཛེས་པོ་ཡིན་པའང་གཅིག་སོགས་མཚུངས་པའི་ཆོས་མང་པོ་ཞིག་ཡོད་ནའང༌། དེ་གཉིས་རྣམ་པ་ཐམས་ཅད་དུ་ཐ་དད་ཡིན། ཧ་ལོའི་མ་ཏོག་གི་མཛེས་ལུགས་མཛེས་སྟངས་དང༌། སེར་ཅན་མེ་ཏོག་གི་མཛེས་ལུགས་མཛེས་སྟངས་གཉིས་རྣམ་པ་ཐམས་ཅད་དུ་སྒྲོམ་གཞི་ཐ་དད་ཡིན་པ་བཞིན་ནུབ་ཕྱོགས་པའི་སྙན་ངག་གི་སྒྲོམ་གཞི་དང༌། ཤར་ཕྱོགས་པའི་སྙན་ངག་གི་སྒྲོམ་གཞི་མི་འདྲ་ཞིང༌། ལྷག་པར་དུའང་ནུབ་ཕྱོགས་པའི་སྙན་ངག་གི་སྒྲོམ་གཞི་དང༌། བོད་པའི་སྙན་ངག་གི་སྒྲོམ་གཞི་མི་འདྲ་བ་ཡིན།

ནུབ་ཕྱོགས་པའི་སྙན་ངག་ལ་བརྟག་དཔྱད་བྱེད་སྐབས་བེད་སྤྱོད་བྱེད་རྒྱུའི་ལག་ཆ་དེ་བོད་པའི་སྙན་ངག་གི་ཆེད་དུ་འཁྱེར་འགྲོ་ཚེ་ལག་ཆ་དེ་འཚམས་མི་ཐུབ། གཅུས་གཟེར་ཆུང་ཆུང་ཞིག་བཤིག་དགོས་བྱུང་ན་གཅུས་ཟེར་སྐོར་སྤྱད་ཆེན་པོ་ཞིག་འཁྱེར་ཡོང་ན་དེ་དེར་མ་འཚམས་པ་དང༌། སྣུམ་འཁོར་བཤིག་སྒྲིག་བྱེད་མཁན་དེ་ཚོས་ཀྱང་གཅུས་གཟེར་སྐོར་སྤྱད་ཆེ་ཆུང་མང་པོ་ཞིག་འཁྱེར་ནས་གང་ལ་གང་འཚམས་བལྟས་ན་མ་གཏོགས་ཚང་མ་སྐོར་སྤྱད་གཅིག་གིས་བཤིག་སྒྲིག་བྱེད་མི་ཐུབ་པ་ལྟར་ཡིན། དེ་འདྲའི་མི་འཚམས་པའི་ལག་ཆ་ཞིག་གིས་ཕ་རོལ་བཤིག་ཏུ་འགྲོ་སྐབས་དེ་བཤིག་ཁག་པོ་བྱེད་ཚེ་དེ་ནི་སོ་སོའི་ལག་ཆ་དེའི་སྐྱོན་ཡིན་པ་མ་ཤེས་པར་ཕ་རོལ་བཤིག་ས་དེ་ལ་སྐྱོན་ཞིག་ཡོད་བསམ་གྱི་ཡོད་སྟབས། དེར་བསྐྱར་དུ་ང་ཚོས་གཟབ་གཟབ་བྱས་ནས་བལྟ་དགོས་པ་ཞིག་ཡིན། དེ་འདྲའི་ལྟ་ཚུལ་དང་མཐོང་ཚུལ་ནི་མཐའ་ལས་འདས་པ་ཞིག་ཡིན་པས་ཚང་མ་ང་ཚོས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་བརྗོད་མི་ཐུབ།

ཆེ་ལོང་ཙམ་བསྡུས་ཏེ་ཞུས་ན། ང་ཚོའི་བོད་ཀྱི་གནའ་རབས་ཀྱི་སྙན་ངག་གི་ནང་སྨྲ་བ་པོའི་སེམས་ཀྱི་ཚོར་བ་གང་འདྲ་ཞིག་ཡིན་ནའང་དེ་ཆོས་ཀྱི་བསམ་ཚུལ་གྱིས་ཤུགས་རྐྱེན་ཐེབས་པ་ཞིག་མ་གཏོགས་གང་ཟག་རང་ག་བའི་ཉིན་རེ་ཉིན་རེའི་མི་ཚེའི་ཚོར་སྣང་དེ་སྙན་ངག་གི་བརྗོད་བྱའམ། ཉམས་ཀྱི་ཁྲོད་དུ་མི་སླེབས་སྙམ་པའི་སྐྱོན་བརྗོད་ཆེ་ཤོས་གཅིག་དེ་ཡིན། གཉིས་པ། སྤྱི་ཚོགས་ཀྱི་ཚོར་བ་དེ་སྔོན་མའི་སྙན་ངག་གི་ནང་གསལ་པོ་མཚོན་མི་ཐུབ་བོ་ཞེས་དེ་གཉིས་པོ་གནའ་རབས་ཀྱི་སྙན་ངག་གམ་སྲོལ་རྒྱུན་གྱི་སྙན་ངག་ལ་སྙན་ངག་གསར་པ་འབྲི་མཁན་ཚོས་ལྟ་ཞིབ་བྱེད་སྐབས་མཐོང་བའི་སྐྱོན་བརྗོད་ཆེ་ཤོས་གཉིས་ཡིན་ཞིང༌། ད་དུང་དེ་ལས་སྤྲོས་ཏེ་མང་པོ་བཤད་ཀྱི་ཡོད་ནའང་དངོས་གཞིའི་ཉམས་དང་འགྱུར་བ་ལ་སྐྱོན་འདི་འདྲ་འདུག་ཅེས་གསལ་པོ་གསུངས་པ་གོ་མ་སོང༌།

སྔོན་མ་ནས་མི་ཚོས་ཤོད་རྒྱུན་ཡོད་པའི་ཡོངས་གྲགས་ཀྱི་སྐྱོན་བརྗོད་གཞན་ཞིག་ཡོད་པ་ནི། སྙན་ངག་སུམ་རྟགས་ལྐུགས་པའི་ལོག་སྐད་ཡིན་ཞེས་དེ་གྲལ་རིམ་བྱེ་བྲག་པ་ཞིག་གིས་མ་གཏོགས་མི་ཡོངས་རྫོགས་ཀྱིས་ཤེས་མི་ཐུབ་པ་གོ་ཁག་པོ་ཡིན་པ་ལྟ་བུ་ཞིག་བརྩི་བ་ཡིན། དེ་གསུམ་ག་བདེན་པ་མ་ཡིན་ཏེ། སྤྱིར་བཏང་གནས་ཚུལ་གང་ཞིག་ཡིན་ནའང་མི་མང་ཡོངས་རྫོགས་ཀྱིས་ཤེས་ཐུབ་རྒྱུར་དཀའ་ཞིང༌། སྙན་ངག་གསར་པ་ཡིན་ནའང་ཡི་གེ་འབྲི་ཀློག་ཤེས་མཁན་ཞིག་གིས་ཤེས་པ་ལས་ཡི་གེ་འབྲི་ཀློག་མི་ཤེས་མཁན་ཞིག་གིས་སྙན་ངག་གསར་པ་ལྟ་ཅི་གཞན་གང་ཞིག་ཡིན་ནའང་ཕན་ཐོགས་མེད་པ་དང༌། དེ་ཙམ་དུ་མ་ཟད་ཡི་གེ་འབྲི་ཀློག་ཤེས་མཁན་ཞིག་ཡིན་ནའང་སྙན་ངག་གསར་པའི་ཉམས་དང་བྲོ་བ་ལེན་ཐུན་མཁན་ནམ། ཁོ་རང་ཚོ་དང་ཕྱོགས་མཚུངས་པའི་སློབ་སྦྱོང་དང་དེ་ལ་དགའ་སྤོབས་ཡོད་མཁན་ཞིག་དགོས་པ་མ་གཏོགས་སྙན་ངག་གསར་པ་ཞིག་སྔ་མོའི་དགེ་བཤེས་ཆེན་པོ་ཞིག་ལ་བསྟན་པ་ཡིན་ན། སྟག་གི་མདུན་ལ་རྩྭ་སྤུངས་པ་ལྟ་བུ་ཞིག་ལས་དེ་ལ་འདུན་པ་དང་བྲོ་བ་གང་ཡང་རྙེད་མི་ཐུབ། དེ་བཞིན་སྙན་ངག་རྙིང་པ་དེ་ཡང་སྙན་ངག་གསར་པའི་རྩོམ་པ་པོ་ཚོའི་མདུན་ལ་སྟག་ལ་རྩྭ་སྟེར་བ་ཇི་བཞིན་འགྱུར་སྲིད་པ་ཡིན། དེ་དག་ཅིའི་ཕྱིར་ཞེ་ན་ཉན་པ་པོ་གཉིས་ཀྱི་བློའི་གོམས་པའི་ཤུགས་ཀྱི་ཁྱད་པར་ཡིན་པ་ལས་སྙན་ངག་གི་ངག་གི་རང་བཞིན་དེའི་ཁྱད་པར་མིན།

དེས་ན་མང་ཚོགས་ཀྱི་གོ་བ་གཙོ་བོར་བྱེད་དགོས་ཞེས་པ་དེའང་སྐབས་དེ་དང་དུས་དེའི་མང་ཚོགས་ལ་བསམ་བློ་གཏང་དགོས་པ་ལས་མང་ཚོགས་གཞན་ཞིག་འཁྱེར་ཡོང༌། སྙན་ངག་གཞན་ཞིག་ནས་འཁྱེར་ཡོང་ནས་མང་ཚོགས་དེ་ལ་འཕྲོད་དམ་མི་འཕྲོད་བལྟས་པ་ཡིན་ན་བརྟག་དཔྱད་བྱེད་སྟངས་དེ་གྲ་འགྲིག་པོ་དང་དྲང་པོ་བྱུང་མེད། མང་ཚོགས་འགའ་ཤས་སྙན་ངག་གསར་པ་མི་དགོས་མཁན་དང༌། མང་ཚོགས་འགའ་ཤས་སྙན་ངག་རྙིང་པ་མི་དགོས་མཁན་ཡོད་པས་མང་ཚོགས་ལ་དགོས་མི་དགོས་ཀྱི་དབང་དུ་བྱས་པ་ཡིན་ནའང་གཅིག་པ་ཡིན། ལྷག་པར་དུའང་སྙན་ངག་གི་བརྗོད་བྱའི་ནང་ལ་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་མ་གཏོགས་མི་ཚེའི་ཚོར་བའི་ཤུགས་རྐྱེན་ཐེབས་པ་ཞིག་དཀོན་པོ་འདུག་ཟེར་བ་དེ་སྲོལ་རྒྱུན་གྱི་སྙན་ངག་མང་པོ་མ་ཀློག་པའི་སྐྱོན་དུ་སྣང༌།

གཞུང་ཆེན་པོ་ལ་སློབ་སྦྱོང་བྱེད་མཁན་གྱི་མཁས་པ་ཚོས་བརྩམས་པའི་སྙན་ངག་དེ་ཚོའི་ཉམས་དང་འགྱུར་བ་ཚང་མའི་ནང་ལ་ཆོས་ཀྱི་བསམ་ཚུལ་སླེབས་པ་ཡིན་སྲིད་པ་ལས་བོད་ཀྱི་ནང་ད་ལྟ་ཕན་ཆད་བྲིས་ཚར་བའི་དུས་རབས་རྙིང་པའི་སྙན་ངག་ཆེན་པོ་ཡོངས་རྫོགས་ཕྱོགས་བསྡུས་བྱས་ནས་བལྟས་ན། མི་ཕལ་པས་ཉིན་རེ་ཉིན་རེའི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཚོར་བ་གཉིས་པོ་དེ་མཚོན་པ་མང་བ་ལས་ཆོས་ཀྱི་བསམ་ཚུལ་ཡོད་པ་དེ་ཉུང་བ་ཡོད། གཞུང་ཆེན་པོའི་དཔེ་ཆ་དང༌། ལམ་རིམ་དང༌། ཞལ་གདམས་བསླབ་བྱ་བཅས་ལ་བལྟས་ན་དེ་ཚོ་རང་བཞིན་གྱིས་ཆོས་ཀྱི་དོན་དུ་བྲིས་པ་ཡིན་སྟབས་ཆོས་ཀྱི་བསམ་ཚུལ་སླེབས་པ་བཤད་མི་དགོས། རྩོམ་རིག་གི་དོན་དུ་བྲིས་པའི་རྩོམ་རིག་རང་ལ་བལྟས་ན་གཞས་དང༌། ཞབས་བྲོ། གཏོང་ཡིག ལོ་རྒྱུས། རྣམ་ཐར། སྙན་ངག་ཆེན་པོ་སོགས་མང་པོ་ཡོད།

དཔེར་ན་ཞང་ཞུང་པ་ཆོས་དབང་གྲགས་པས་བྲིས་པའི་རཱམཱཡཎའི་རྟོགས་བརྗོད་ལྟ་བུ་ཞིག་ལ་མཚོན་ན། དུས་རབས་བཅུ་བཞི་པའི་སྐབས་སུ་བྲིས་པའི་བོད་ཀྱི་སྙན་ངག་ཆེན་པོའི་ནང་གི་སྐད་གྲགས་ཡོད་པའི་སྙན་ངག་ཅིག་ཡིན། དེའི་ནང་ལ་ཆོས་ཀྱི་བསམ་ཚུལ་གྱི་ཤུགས་རྐྱེན་གང་དུའང་སླེབས་མེད། གང་ཡིན་ཞེ་ན་བཤད་རྒྱུ་དེ་རཱམཱཡཎའི་རྟོགས་བརྗོད་དེ་ཡིན་ཞིང༌། རྟོགས་བརྗོད་དེ་ཧིནྡུའི་གནའ་རབས་ཀྱི་བྱུང་བ་དང་བཤད་དགོས་སྟབས་དེའི་ནང་ལ་ང་ཚོའི་ཆོས་ཀྱི་བསམ་ཚུལ་འབྲི་ཐབས་ཡེ་ནས་མེད། དེ་བཞིན་དུས་རབས་རྗེས་མའི་ནང་ལ་བྲིས་པའི་གཞུང་ཆེན་པོ་དེ་ཚོ་ཕར་ཕུད་ན་རྩོམ་རིག་གི་དོན་དུ་བྲིས་པའི་རྩོམ་དེ་ཚོ་འདོད་པའི་གཏམ་དང༌། ཞེ་སྡང་གི་གཏམ། ཕྲག་དོག་གི་གཏམ། སྐྱོ་བའི་གཏམ་ལ་སོགས་པ་གཙོ་ཆེ་བ་ཡིན། ཚང་མ་རང་གི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ་ཁོ་ན་བཤད་པ་མང་ཤོས་ཡིན་པ་ལས་སྤྱི་ཚོགས་ཀྱི་ཚོར་བ་མི་མཚོན་པའི་སྙན་རྩོམ་དཀོན།

གཞན་པ་ཕར་བཞག་ནས་ཆོས་ཀྱི་མགུར་དང་གསུང་རྩོམ་དེ་ཚོའི་ནང་ལ་བལྟས་ནའང༌། སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཧ་ཅང་མང་པོ་ཡིན། ཁ་སང་མི་གཅིག་གིས་སྲོལ་རྒྱུན་གྱི་རྩོམ་ཡིག་ནང་དུ་སྤྱི་ཚོགས་ཀྱི་ཚོར་བ་མཚོན་པ་དཀོན་པོ་འདུག་བརྗོད་སྐབས་ངས་ལམ་སེང་བསམ་བློ་གང་ཡང་མ་བཏང་བར་ཧོབ་སྟེ་དྲན་པ་ཞིག་ལ་རྗེ་རིན་པོ་ཆེའི་གསུང༌། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌།། མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌།། ཞེས་སོགས་གསུངས་པའི་ཚིག་དེ་སྐབས་དེ་དུས་ཀྱི་བོད་ཀྱི་ཆོས་པའི་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོད་པ་དེ་ཤུགས་མ་ཐུབ་ཀྱིས་ཚིག་དེའི་ནང་ལ་གསལ་ཡོད་པ་དེ་དྲན་བྱུང༌།

དེ་བཞིན་རྗེ་དགེ་འདུན་གྲུབ་ཀྱི་གསུང་མགུར་ལ་མཚོན་ནའང༌། ཤར་གངས་རི་དཀར་པོའི་རྩེ་མོ་ན།། སྤྲིན་དཀར་པོ་གནམ་ལ་བསྙེགས་འདྲ་བ།། ཞེས་སོགས་གསུངས་པ་དེ་ཚོ་རང་གི་མི་ཚེའི་ཚོར་བ་སྐབས་དེ་དུས་ལ་གང་བྱུང་བ་དེ་ཚོ་ཇི་མ་ཇི་བཞིན་གསལ་པོར་བཤད་ཀྱི་ཡོད་པ་མ་གཏོགས་དེ་མ་ཡིན་པའི་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་དང༌། འཇིག་རྟེན་གྱི་ཤུགས་རྐྱེན་ཐེབས་པ་གང་ཡང་མེད། སྐབས་དེ་ལ་སོ་སོའི་ཚོར་བའི་ཉམས་སྣང་གང་ཡོད་པ་དེ་ཚོ་གསུངས་ཡོད། དེ་བཞིན་དུ། ལར་ད་ལྟ་གངས་རིའི་ཁྲོད་འདི་ན།། རང་བསྟན་པ་འཛིན་པར་ཁས་ལེན་ཅིང༌།། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།། ཞེས་གསུངས་པ་དེའང་སྐབས་དེ་དུས་སྤྱི་ཚོགས་ཀྱི་གནས་སྟངས་ནང་ག་རེའི་ཚོར་བ་བྱུང་བ་དེ་གསུངས་ཡོད་པ་ལས། སྤྱི་ཚོགས་ཀྱི་ཚོར་བ་དང༌། རང་གི་ཚོར་བ་དང་མ་འདྲེས་པར་ཆོས་རྐྱང་རྐྱང་གི་བསམ་ཚུལ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་མ་གཏོགས་དེ་ལས་གཞན་པ་ཞིག་བཤད་རྒྱུ་རྩ་བ་ནས་མེད་པ་གྱུར་མེད།

དེ་འདྲ་མ་ཡིན་པར་མི་དབང་རྟོགས་བརྗོད་ལྟ་བུ་དང༌། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལ་སོགས་པ་དེ་ཚོའི་ནང་ལ་ཆོས་ཀྱི་གནས་ཚུལ་མཚམས་མཚམས་ལ་རྙེད་སྲིད་པ་མ་གཏོགས། དེ་མ་ཡིན་པ་མགོ་ནས་མཇུག་བར་དུ་འདོད་པའི་གཏམ་དང་འཐབ་རྩོད་ཀྱི་གཏམ་མ་གཏོགས་ཆོས་ཀྱི་བསམ་ཚུལ་གྱི་གནས་ཚུལ་གང་ཡང་མེད། དེ་འདྲའི་འདོད་པ་དང༌། འཐབ་རྩོད་དང༌། ཕྲག་དོག་གི་གཏམ་ལ་སོགས་པ་དེ་ཚོ་ཅིའི་ཕྱིར་ཡོང་བ་ཡིན་ཞེ་ན། རང་གི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ་ལ་བརྟེན་ནས་ཡོང་བ་ཤ་སྟག་མ་གཏོགས་རང་གི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ་ཕར་བཞག་ནས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་ཀྱི་ནང་ནས་དྲངས་ཡོང་བ་གཏན་ནས་མེད། གཅིག་ཏུ་ན་རྩོམ་རིག་མང་པོ་མ་ཀློག་པ་དང༌། གཞན་ཡང་དང་པོ་ནས་བློ་གཟུ་བོར་མ་གནས་པར་དེ་འདྲ་ཞིག་ཡོད་པ་གཞིར་བཞག་ནས་དཔེ་ཆ་ཀློག་མི་དགོས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འདྲ།

བློ་གཟུ་བོར་གནས་པའི་ངོས་ནས་བལྟས་ན་གནའ་རབས་ཀྱི་རྩོམ་རིག་ལ་གནའ་རབས་ཀྱི་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ལ། དེང་རབས་ཀྱི་རྩོམ་རིག་གསར་པ་ལ་དེང་རབས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང༌། དེང་རབས་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཚོས་གནའ་རབས་ཀྱི་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེའི་ཚབ་བྱེད་མི་ཐུབ་ནའང་གནའ་རབས་ཀྱི་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེས་དེང་རབས་ཀྱི་རྩོམ་རིག་ཅེས་པ་དེ་གནའ་རབས་ཀྱི་རྩོམ་རིག་ལ་བརྟེན་ནས་འགྱུར་བ་དང་ཡར་རྒྱས་ཀྱི་རིམ་པའི་ནང་ནས་ཡོང་བ་ཞིག་ཡིན་པ་ལས་གནའ་རབས་རྩོམ་རིག་དེ་མེད་པ་ཡིན་ན་རྩོམ་རིག་གསར་པ་དེ་ད་ལྟའི་གནས་སྟངས་ལ་སླེབས་པའི་རེ་བ་མེད་པ་ཡིན། ཕ་མེད་པའི་ཕྲུ་གུ་ཞིག་ཡོང་བའི་རེ་བ་བྱས་པ་ཡིན་ན་ཡོང་ཐབས་མེད་ལ། ཡོད་ནའང་དེ་ཡག་པོ་མ་ཡིན།

དེར་བརྟེན་ངེས་པར་དུ་ང་ཚོའི་བོད་ཀྱི་སྐད་རིག་གི་འཕེལ་རིམ་དེའི་ནང་ནས་གནའ་རབས་ཀྱི་རྩོམ་རིག་དེ་བྱུང༌། དེ་ལ་བརྟེན་ནས་ད་ལྟའི་རྩོམ་རིག་གསར་པ་དེ་ཡང་ཡོང་ཐུབ་པའི་ནུས་པ་དེ་ང་ཚོའི་སྐད་ཡིག་ལ་ཡོད་པའི་དབང་གིས་ད་ལྟའི་གནས་བབས་འདི་བྱུང་བ་ཡིན། ཕ་ངན་པ་ལ་ལར་ཕྲུ་གུ་ཡག་པོ་སྐྱེ་བ་དང༌། ཕ་ཡག་པོ་ལ་ཕྲུ་གུ་ངན་པ་སྐྱེ་བ་གཉིས་ཀ་ཡོང་སྲིད་པ་ཡིན་སྟབས་དེང་རབས་ཀྱི་རྩོམ་རིག་དེ་གཅིག་བྱས་ན་ཕ་ཡག་པོའི་ཕྲུ་གུ་ངན་པ་ཡིན་སྲིད་ལ། གཅིག་བྱས་ན་ཕ་ངན་པའི་ཕྲུ་གུ་ཡག་པོ་ཡིན་སྲིད། དེ་ནི་གནས་སྐབས་དང་བྱེ་བྲག་ལ་དབྱེ་བ་ཕྱེ་ནས་བལྟ་དགོས་པ་ལས་ངས་དབྱུག་པ་ལེབ་རྡུང་གིས་ཚང་མ་ལ་གནས་ཚུལ་གཅིག་གྱུར་ཞིག་བརྗོད་ཐུབ་ཀྱི་མི་འདུག

མདོར་བསྡུས་ནས་བཤད་ན། གནའ་རབས་ཀྱི་རྩོམ་རིག་གི་ནང་ལ་སྐྱོན་ཡང་ཡོད་ལ་ཡོན་ཏན་བླ་ན་མེད་པའང་ཡོད། དེང་རབས་རྩོམ་རིག་གི་ནང་ལའང་སྐྱོན་ཡོད་ལ་ཡོན་ཏན་བླ་ན་མེད་པའང་ཡོད། དེང་རབས་དང་གནའ་རབས་ཀྱི་སྐད་ཆ་མ་བཤད་པར་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན། རྩོམ་རིག་གི་དགོས་པ་དེ་གང་ཟག་གི་རྒྱུད་ལ་འགྱུར་བ་ཐུན་མོང་མ་ཡིན་པ་ཞིག་སྐྱེ་ཐབས་དང་ཉམས་ཐུན་མོང་མ་ཡིན་པ་ཞིག་སྟོན་པའི་ཆེད་དུ་ཡིན་སྟབས། ཉམས་དང་འགྱུར་བ་ཇི་ཙམ་མང་བ་དེ་ཙམ་གྱིས་རྩོམ་རིག་བཟང་པོར་བརྩི་དགོས་ཤིང༌། ཉམས་དང་འགྱུར་བ་ཇི་ཙམ་ཉུང་བ་ཡོད་པ་དེ་རྩོམ་རིག་སྡུག་པ་ལ་བརྩི་དགོས་པ་ཡིན།

ང་ཚོས་ཉམས་བརྒྱད་དང་དགུ་ལ་སོགས་པ་བཤད་ཡོང་སྐབས། སྒེག་པའི་ཉམས་དང༌། དྲག་ཤུལ་གྱི་ཉམས། དཔའ་བའི་ཉམས། མྱ་ངན་གྱི་ཉམས། མི་སྡུག་པའི་ཉམས། བཞད་གད་ཀྱི་ཉམས། རྨད་བྱུང་གི་ཉམས། འཇིགས་རུང་གི་ཉམས། དེའི་ཐོག་ལ་ཞི་བའི་ཉམས་བསྣན་པ་ཡིན་ན་དགུར་འགྱུར་བ་དེ་ཚོ་ལ་བརྟེན་ནས་ང་ཚོའི་བསམ་བློའི་ནང་ལ་དགའ་བ་དང༌། ཁྲོ་བ་དང༌། སྤྲོ་བ་དང༌། སྙིང་རྗེ་དང༌། སྐྱུག་བྲོ་བ་དང༌། དགོད་བྲོ་བ་དང༌། ངོ་མཚར་བ་དང༌། སྐྲག་པ་དང༌། བཏང་སྙོམས་དེ་ཚོ་འཕེལ་གྱི་ཡོད། དེ་འདྲའི་འགྱུར་བ་དེ་ཚོ་རྩོམ་རིག་གཅིག་གི་ནང་ནས་གང་ཟག་གཅིག་ལ་ཀློག་པའི་རིམ་པ་གཅིག་ནས་དེ་འདྲའི་ཉམས་འགྱུར་མི་འདྲ་བ་བརྒྱད་དམ། དགུ་ཆ་ཚང་སྟེར་ཐུབ་མཁན་ཞིག་འདུག་ན་རྩོམ་རིག་དེ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེ་འདྲ་མ་ཡིན་པར་གད་མོ་ཤོར་ན་ཤོར་གཅིག་མ་དང༌། ངུ་ན་ངུ་གཅིག་མ་མ་གཏོགས་དེ་ལས་གཞན་པའི་མགོ་ནས་མཇུག་བར་དུ་ཚོར་བའི་རྣམ་འགྱུར་མང་པོ་ཞིག་ཡོང་རྒྱུ་མེད་པ་ཞིག་ཡིན་ན་རྩོམ་རིག་དེ་དེ་ཙམ་གྱིས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་མི་ཐུབ།

དེས་ན་མ་འོངས་པར་དེང་རབས་ཀྱི་རྩོམ་རིག་དང་གནའ་རབས་ཀྱི་རྩོམ་རིག་གཉིས་པོ་དེ་ཡག་སྡུག་གང་ཡིན་རྩོད་པ་བརྒྱབས་ནས་དཔྱད་པ་བྱེད་དགོས་པའི་དུས་ཚོད་སླེབས་ན། ད་ལྟ་ང་ཚོའི་གཞུང་ནས་བཤད་པའི་ཉམས་བརྒྱད་དང་དགུ་ཟེར་བ་དེ་ཉམས་དང་འགྱུར་བ་རགས་པའི་དབྱེ་བ་ཞིག་ཡིན། དེ་ཚོའི་ནང་ནས་ག་ཚོད་ཅིག་ཡོང་གི་འདུག་ཨང་གྲངས་ལ་རྩིས་བརྒྱབས་ནས་བརྒྱ་ཆ་སྐོར་ནས་བརྟག་དཔྱད་བྱས་ན་རྩོམ་རིག་གང་ནུས་པ་ཆེ་བ་དང་ཤུགས་ཆེ་བ་ཡོད་པའི་དབྱེ་བ་དེ་འབྱེད་ཐུབ།

ཕྱོགས་གཞན་ནས་སྤྱི་ཚོགས་ཀྱི་ཚོར་བ་དང༌། མི་ཚེའི་ཚོར་བ་དང༌། ཆོས་ཀྱི་ཚོར་བ་ཞེས་བཤད་བསྡད་པ་དེ་ཚོ་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ། ཆོས་ཀྱི་ཚོར་བ་ལ་ལྟ་བའི་མིག་དེས་མིག་ཤེལ་གང་འདྲ་ཞིག་གྱོན་འདུག་བལྟ་རྒྱུ་གལ་ཆེ། མིག་ཤེལ་ནག་པོ་གྱོན་མཁན་ཞིག་གིས་དང་པོ་ནས་ཁ་དོག་མི་འདྲ་བ་ཞིག་མཐོང་གི་ཡོད་པ་དང༌། མིག་ཤེལ་དཀར་པོ་གྱོན་མཁན་གྱིས་དང་པོ་ནས་ཚོས་མདངས་མི་འདྲ་བ་ཞིག་མཐོང་བ་ཡིན། མིག་ཤེལ་ཕུད་ནས་བལྟས་པའི་སྐབས་སུ་མིག་རྣལ་མ་དེས་ཕྱིའི་དངོས་པོ་དེ་ཡང་ཁོ་རང་ལ་མིག་གི་ནུས་པ་གང་འདྲ་ཡོད་པ་ནང་བཞིན་མཐོང་ཐུབ་པ་ཡིན། དེར་བརྟེན་སྤྱི་ཚོགས་ཀྱི་ཚོར་བ་དང་གང་ཟག་བྱེ་བྲག་པའི་ཚོར་བ་ལ་ལྟ་མཁན་གྱི་གང་ཟག་གི་མིག་དེ་ལ་དང་པོ་ནས་མིག་ཤེལ་གྱོན་འདུག་གམ་མི་འདུག་བསམ་བློ་གཏང་དགོས་རྒྱུ་དེ་གལ་ཆེན་པོ་ཡིན།

ཆོས་ཀྱི་གནས་ཚུལ་རྩ་བ་ནས་མི་ཤེས་པའི་གང་ཟག་ཅིག་གིས་དཔེ་ཆ་ཞིག་ཀློག་པའི་སྐབས་སུ་ཁོ་རང་གིས་མ་ཤེས་པ་ཞིག་བྱུང་ན། དེ་ཆོས་ཀྱི་སྐད་ཆ་ཞིག་ཡིན་ནོ་བསམ་སྲིད་པ་དང༌། དེང་རབས་ཀྱི་སྤྱི་ཚོགས་ཀྱི་ལྟ་སྟངས་མ་ཤེས་པ་དེ་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་བཤད་ཡོང་དུས་འདི་འཁོར་བའི་སྡུག་བསྔལ་དང་ཉེས་དམིགས་ལྟ་བུ་ཞིག་བཤད་ཀྱི་ཡོད་པ་བསམ་སྲིད། དེས་ན་ལྟ་མཁན་གང་ཟག་དེས་ལྟ་སྟངས་ཀྱི་ཁྱད་པར་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ད་དུང་དེ་དག་ལས་སྐད་ཆ་འཕྲོས་ན་མང་པོ་ཞིག་ཞུ་རྒྱུ་ཡོད་ནའང་ད་ནི་དུས་ཚོད་མི་འདུག་པས་འདིར་མཚམས་འཇོག་གི་ཡིན།། །།

གསུང་བཤད་འདི་ཕྱི་ལོ་ ༡༩༩༣ ལོར་ཝཱཎ་མཐོ་སློབ་སློབ་ཕྲུག་བདེ་དོན་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག