རང་གཏམ་ཚིག་གསུམ།

༄༅། །རང་རེའི་གནའ་སྲོལ་ལྟར་ན་འཆད་རྩོད་རྩོམ་གསུམ་ནི་མཁས་བཙུན་བཟང་གསུམ་འཛོམས་པའི་མཁས་པ་རྣམས་ཀྱིས་མཛད་རྒྱུའི་བྱ་བ་ཞིག་ལས། ཁ་འཕྲེད་ལ་ཐོགས་ཚད་དང༌། ལག་སྨྱུ་གུ་ཟིན་ཚད། རྟགས་བསལ་ཁྱབ་སྐོར་འགྲིགས་ཚད་ཀྱིས་བྱེད་ནུས་པ་དང་བྱེད་འོས་པ་ཞིག་མ་ཡིན་པ་ཡོངས་གྲགས་དང༌།ཁྱད་པར་གཞུང་ལུགས་སུ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་བཤད་པ་ལ་གཞིགས་ན་བདག་ལྟ་བུས་འབྲི་རྩོམ་གྱི་བྱ་བར་འཇུག་མི་ནུས་པ་དང་འཇུག་མི་འོས་པ་ཞིག་ཡིན་པ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་གསལ་པོར་ཤེས་རྟོགས་ཡོད། ལ་ལས་ཐུན་མོང་ཐ་སྙད་ཀྱི་རིག་གནས་ཙམ་ལ་འཆད་རྩོམ་བྱ་བར་གཞུང་ནས་བཤད་པའི་རྒྱུ་རྐྱེན་ཚང་མི་དགོས་པར་བཞེད་པའང་ཡོད་པ་དེ་དག་བདེན་དུ་སྲིད་ཀྱང༌། ངོས་རང་ལོ་ན་ཕྲ་མོའི་སྐབས་སུ། ཨ་བུ་ཧྲལ་པོས། བཤད་ཀྱང་བདེན་དུ་མི་འཛིན་གཞན་དུ་གོ། ཕན་སེམས་གཏིང་ནས་དཀར་ཡང་ལོག་པར་འཛིན།། འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར།། སུ་ལའང་ཕན་པ་མི་གྲུབ་རེ་ཐག་ཆོད།། ཅེས་དང༌། ཡང༌། གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས།། ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ།། ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ།། སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེ།། ཞེས་གསུངས་པ་དེ་དག་མཇལ་ཞིང་བློ་ལ་ཧ་ཅང་འཐད་པ་བྱུང་བས། མི་ཚེ་འདིའི་ནང་འཆད་རྩོམ་གྱི་བྱ་བར་འཇུག་རྒྱུའི་འདོད་སྲེད་སྤོང་ཅི་ཐུབ་བྱས་ཁུལ་ཡང༌། བོད་ཀྱི་གཏམ་དཔེར། ལས་ལ་གང་བསྐོས་མ་གཏོགས། སྣང་བར་གང་ཤར་མི་འདུག་ཟེར་བ་བཞིན་གཞོན་ནུའི་དུས་ནས་བཤེས་གཉེན་དག་ལས་ཐོས་པ་ཉུང་ཟད་བླངས་ཤིང༌། རང་བཞིན་གྱིས་གྲུབ་པའི་སྤོབས་པའང་ཨེན་ཙམ་བདོག་པས་ཚིགས་བཅད་དམ་དུམ་སྦྱར་བ་དང༌། ཚོགས་སུ་འཆད་པ་སོགས་ཀྱི་གོ་སྐབས་ཡང་ཡང་ཐོག་བབ་ཏུ་བྱུང་བ་དེ་དག་གཞན་གྱིས་བསྟོད་སྨད་ཇི་བྱས་མ་ཤེས་ཀྱང༌། རང་ངོས་ནས་ངག་འཁྱལ་དུ་མ་སོང་བའི་ངེས་པ་མ་རྙེད།

བར་སྐབས་ཤིག་ལ་གཙུག་ལག་སློབ་ཁང་གི་སློབ་དཔོན་རྣམས་ཉམས་ཞིབ་འབྲི་རྩོམ་བྱེད་རྒྱུ་གལ་ཆེ་ཡིན་སྐད་ཀྱི་དེང་རབས་ཀྱི་ཚུལ་ལུགས་ལ་ཨ་གསར་ལངས་ཏེ། འབྲི་རྩོམ་བྱ་འདོད་ཀྱི་འདུན་པ་སྤུ་སུད་གློ་བུར་བ་ལན་འགའ་བྱུང་ཞིང༌། གཞན་གྱི་བསྐུལ་མའང་རེ་ཟུང་བྱུང་མོད། ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་གཞན་དབང་དུ་སོང་སྟེ། མངོན་འདོད་མ་གྲུབ་པ་དེ་དག་ད་ཆ་བསམ་དུས་དགེ་མཚན་ཆེ་བ་བྱུང་འདུག ན་ཚོད་སྨིན་པ་དང་ཆབས་ཅིག་འདི་སྣང་གི་ཉམས་མྱོང་རིང་གསོག་བྱུང་སྟེ། སྐབས་ཤིག་ནས་ད་ལྟའི་འཇིག་རྟེན་འདིར་ཀློག་མཁན་གང་ཟག་གིས་ཕོངས་པ་ལས། བཀླག་རྒྱུའི་དཔེ་དེབ་ཀྱིས་མ་ཕོངས་པའི་བདེན་དོན་དེ། དཔེ་མཛོད་ཁག་གི་རྡུལ་ཁྲོད་དུ་ཕུང་པོར་སྤུངས་པའི་གྲངས་མེད་ཀྱི་དཔེ་དེབ་རྣམས་དང༌། རྒྱལ་སྤྱིའི་དཔེ་དེབ་དུས་སྟོན་སོགས་མིག་ལམ་དུ་གྱུར་པ་ལས་ངེས་པ་རྙེད་པས། རིང་མོ་ཞིག་ནས་གཡར་བརྐུས་བཤུས་བསྡུས་བྱས་པའི་རྩོམ་ཡིག་རང་གི་ངོ་སྤྲོད་ལོ་རྒྱུས་སུ་རྣམ་གྲངས་གསོག་ཆེད་དཔར་སྐྲུན་བྱ་རྒྱུ་དགོས་མེད་ཁོ་ནར་མཐོང་སྟེ་འབྲི་རྩོམ་གྱི་ངལ་བ་བསྐྱུངས། འོན་ཀྱང་ལས་དབང་གིས་ཐོབ་པའི་སློབ་དགེའི་མིང་དང་བླ་མའི་མིང་ཁུར་གཉིས་ཀྱི་རྗེས་འབྲེལ་གྱིས་བརྗོད་གཞི་སྣ་ཚོགས་ཐོག་སྨྲ་བ་བཤམ་དགོས་ཀྱི་གོ་སྐབས་ལན་མང་ཡོང་བཞིན་པའི་ཁར། དེང་རབས་འཕྲུལ་རྩལ་གྱི་ཆ་རྐྱེན་སྒྲ་སྡུད་འཁོར་ལོ་དར་བས་གང་བཤད་སྤིན་ཤོག་ཏུ་དཔར་སྟེ་སྒྲ་རྟག་པར་འགྱུར་ཉེན་ཆེ་མཚམས་སུ་སླེབས་ཏེ། ཁ་ནས་ཚིག་ཤོར་ཡུ་བ་ཐུང་བའི་དཔེ་ལྟར་ལན་གཅིག་ཤོད་ཐལ་དུ་སོང་ན་རྗེས་སུ་བཅོས་ཐབས་མེད་པའི་ར་སྤྲོད་དན་རྟགས་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་བསྟན་ཐུབ་པའི་དུས་སྐབས་འདིར། ཁོ་བོས་གཞན་དབང་དུ་གཞན་ངོར་གང་བྱུང་བཤད་ཐལ་སོང་བའི་གཏམ་རྙོག་ཁ་ཤས་ཡིག་ཐོག་ཏུ་ཕབ་སྟེ་དཔར་སྐྲུན་བྱས་པའང་རེ་ཟུང་བྱུང་འདུག་ཅིང༌། དེ་བཞིན་གང་ཟག་འགའ་རེའི་ངོ་མ་ལྡོག་པར་བཤད་སྦྱར་དང་རབ་བྱེད་སོགས་ཆུང་ཙག་འགའ་རེ་འབྲི་དགོས་བྱུང་བ་དེ་གྲས་ཀྱང་གང་ས་གང་དུ་དཔར་དུ་ཐོན་པ་ཅི་རིགས་བྱུང་འདུག་པ་ཁ་ཤས་ངོ་ཚའི་གནས་སུ་གྱུར་པའང་འདུག གང་ལྟར་བཤད་རྩོམ་དེ་རིགས་ཕྱོགས་བསྡུས་ཀྱིས་དེབ་གཟུགས་སུ་དཔར་དུ་བཏབ་རྒྱུའི་འདུན་པ་རྨི་ལམ་དུའང་མེད། དེའི་རྒྱུ་མཚན་ཡང་གོས་སྨོས་རྣམས་ཀྱི་ཐོག ལྷག་པར་རྩོམ་ཡིག་དང་གཏམ་བཤད་འདི་རིགས་ཕལ་ཆེ་བ་སློབ་སྦྱོང་དང༌། བསམ་ཞིབ། རྟོག་དཔྱོད་སོགས་གོ་སྒྲིག་བྱ་ལོང་ཡེ་ནས་མ་བྱུང་བར་གློ་བུར་ཐོལ་བྱུང་དུ་འབྲི་དགོས་སྨྲ་དགོས་བྱུང་བ་ཤ་སྟག་ལ་བརྟེན། བརྗོད་བྱ་མ་ཚང་ཞིང་གོ་རིམ་འཆོལ་བ་དོན་མི་གསལ་བ་སོགས་འགལ་ཟློས་འཁྲུལ་པའི་ཉེས་པ་སྣ་ཚོགས་ཀྱིས་སྦགས་ཤིང༌། ཕལ་ཆེར་ཚིག་ལོས་དོན་སྒྲིབ་ཏུ་གྱུར་འདུག་པས། འདི་རིགས་དཔར་དུ་བཏབ་ན་རང་གཞན་སུ་ལའང་ཕན་རེ་མེད་ཁར། བོད་ཀྱི་རིག་གཞུང་ལ་རྨ་འབྱིན་མི་ཡོང་བའི་ངེས་པའང་མི་འདུག་པ་བཅས་ལ་བརྟེན། ད་ཕན་དཔར་སྐྲུན་བྱ་རྒྱུའི་དགོས་འདུན་འདོན་མཁན་མཆེད་གྲོགས་རེ་ཟུང་བྱུང་ཡང་དྭང་ལེན་མ་བྱས་པར་བཞག་མོད། ཉེ་བའི་ཆར་ཡུན་འདྲིས་ཀྱི་གྲོགས་པོ་བློ་ཉེ་ཞིག་གིས་ཕྲན་ལ། གཏམ་དང་མདའ་མོ་ཐལ་ཟིན་ཕྱིར་ལོག་མི་ཐུབ་པའི་དཔེ་ལྟར་ངག་ནས་ཐལ་ཟིན་གྱི་འབྲི་རྩོམ་མམ་གཏམ་བཤད་གང་ཡིན་ཡང་ལེགས་ཉེས་དང་ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་ཕྱོགས་བསྡུ་དང་དཔར་སྐྲུན་བྱ་རྒྱུ་སྐྱེ་བོ་གཞན་གྱི་ཐོབ་ཐང་གི་ཁྱབ་ཁོངས་སུ་གྱུར་ཟིན་པ་དང༌། ལྷག་པར་ཁྱེད་རང་གིས་རིང་མོ་ཞིག་ནས་དེང་རབས་ནུབ་ཕྱོགས་པའི་བསམ་ཚུལ་ནས་དར་བའི་ཤེས་རིག་དངོས་ཟོག་གི་བདག་དབང་ངམ་འདྲ་བཤུས་ཀྱི་བདག་དབང་(Copyright)ཞེས་པའི་ལམ་སྲོལ་དེ་དྲང་བདེན་དང་ཚུལ་མཐུན་མིན་པའི་བསམ་ཚུལ་བཤད་དང་ཤོད་བཞིན་དེ་བདེན་པ་ཡིན་ཚེ། ཁྱེད་རང་གི་འབྲི་རྩོམ་དང་གཏམ་བཤད་ཁག་དཔར་སྐྲུན་བྱ་རྒྱུར་ཁྱེད་རང་གི་འདོད་པར་བསྟུན་དགོས་མི་འདུག་པས། ང་ཚོས་རང་འདོད་ལྟར་བྱ་རྒྱུ་ཡིན་ཚུལ་གྱི་རྣམ་འགྱུར་ཞིག་བསྟན་བྱུང་བ་དེ་སྐབས་མི་སྨྲ་བའི་བརྟུལ་ཞུགས་བཟུང་བ་ལས་ཐབས་གཞན་མ་བྱུང་ཞིང༌། པོད་ཕྲེང་དང་པོའི་དཔར་རྩ་གྲ་སྒྲིག་ཟིན་པ་མིག་སྟོན་བྱུང་སྐབས་ངོ་སྤྲོད་ཚིག་གསུམ་ཞིག་འབྲི་འདུན་ཡོད་ཚུལ་བརྗོད་པར་བློ་མཐུན་བྱུང་བ་བཞིན་གོང་སྨོས་ཀྱི་ཚིག་འབྲུ་འགའ་ཤས་བཀོད་རྒྱུའི་གོ་སྐབས་བླངས་པ་ཡིན།

ཁོ་བོས་གྱ་ཚོམ་དུ་བཤད་པའི་གཏམ་སྒྲ་འཛིན་འཁོར་ཐག་ནས་ཡིག་ཐོག་ཏུ་ཕབ་པ་རྣམས་བསྐྱར་ཞིབ་བྱེད་སྐབས་བརྗོད་དོན་ནོར་འཁྲུལ་མི་ཉུང་བ་ཞིག་འདུག་མོད། ད་ཆ་བཟོ་བཅོས་གཏོང་ན་རང་སྐྱོན་འགེབས་ཐབས་ཀྱི་ཚུལ་འཆོས་སུ་འགྱུར་དྭོགས་ཀྱིས་ཟློས་སྐྱོན་ཡོད་རིགས་ཚིག་ཚོགས་སྐྱུང་བ་དང༌། ལོ་ཚིགས་དང་གྲངས་ཀ་གང་ཟག་གམ་དངོས་པོའི་མིང་ཁ་ནོར་ཤོར་རིགས་དག་བཅོས་བྱས་པ་ཙམ་ལས། དོན་ལ་བཟོ་བཅོས་བྱས་མེད། འགྲན་སེམས་དང་ཕྲག་དོག གྲགས་འདོད་དང་ཕ་རོལ་དམའ་དབབ་འདོད་སོགས་ཀུན་སློང་ཉོན་མོངས་ཅན་མངོན་གྱུར་བ་ཕལ་ཆེར་མེད་ཁུལ་ཡང༌། སོ་སྐྱེ་འཆིང་བ་ཀུན་ལྡན་དུ་སོང་བས་མཐའ་གཅིག་ཏུ་ཀུན་སློང་རྣམ་དག་ཡིན་པའི་ཁ་ཚོན་གཅོད་མི་ཐུབ་ཅིང༌། ཉོན་མོངས་ཅན་གྱི་བློས་བསླད་པ་ཡོད་རིགས་ཀློག་པ་པོ་ཡོངས་ལ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་ཡིན། ལར་ནས་ཁོ་བོའི་སྨྲ་བརྗོད་རྣམས་སེམས་ལ་གང་ཤར་ཁ་ནས་བརྗོད་པ་མ་གཏོགས། དགོངས་ལྡེམ་དགོངས་ཀྱི་རྣམ་བཞག་ཅིའང་མེད་ཅིང༌། རང་གཤིས་ཀྱིས་འཇིག་རྟེན་མཐུན་འཇུག་ལ་མི་མཁས་པས་ཚིག་མཚོན་དར་བསྒྲིལ་མ་བྱས་གཤིས། དྲང་པོ་བཤད་ན་མི་མི་དགའ་བའི་དཔེ་ལྟར་དྲང་གཏམ་ཐད་བརྗོད་དེ་དག་ལྷ་ཁང་ནང་གི་འུར་རྡོ་ལྟར་སུ་ལ་ཕོག་མ་ཤེས་ཀྱང༌། ངོས་རང་གྲྭ་རྐྱང་སྣང་བ་གདོང་འདེད་འདུལ་རྒྱུའི་དགྲ་དང་སྐྱོང་རྒྱུའི་གཉེན་གང་ཡང་མེད་པའི་བསེ་རུ་ལྟ་བུའི་གང་ཟག་ཅིག་ཡིན་སྟབས་རེ་དྭོགས་ཅི་ཡང་མེད། སྐབས་རེ་རྗེ་གུང་ཐང་པས། གཏམ་འདི་ཀུན་ལ་ཕོག་གྱུར་ཅིག། ཕོག་ནས་གོ་བློ་སྐྱེ་གྱུར་ཅིག། ཅེས་གསུངས་པ་ལའང་ཡི་རངས་བྱེད་ཀྱི་ཡོད། ལར་ནས་རྗེ་གུང་ཐང་པས། སྨྲ་མཁས་ཀྱི་དཀར་ནག་ལྕེ་གཉིས་པོ།། གང་འགྲིགས་ལ་གློག་བཞིན་འཁྱུག་ཆེས་ན།། རྩེ་མོ་ཆག་པ་ཨ་ཙ་མ།། ལྕེ་གཅིག་རང་ཡིན་ན་ཆོག་པ་ལ།། ཞེས་གསུངས་པ་ཤིན་ཏུ་ཐུགས་བདེན་པར་སྣང་ཞིང༌། ཁོ་བོས་ཀྱང་ལྕེ་རྩེ་འཁྱུག་ཐལ་ཆེ་བའི་ཉེས་པ་ད་གཟོད་གོ་བས་དེ་གཅོག་མཁན་ཞིག་བྱུང་ན་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལགས།

རྟག་ཏུ་མངོན་ཞེན་གཉེན་པོ་མེད་པའི་ལས།། རྣམ་སྨིན་ལྕི་ཞེས་རྒྱལ་བས་བཀའ་བསྩལ་ན།། རྒྱུན་དུ་གོམས་པའི་ངག་གི་སྡིག་ལྟུང་འདིའི།། འབྲས་བུ་ཅི་འགྱུར་བསམས་ཚེ་སྙིང་རླུང་ལྡང༌།། སྡང་དང་ཕྲག་དོག་མངོན་གྱུར་མེད་སྙམ་ཡང༌།། ཉོན་མོངས་བྱི་ལའི་འཇབ་མཆོངས་མཐོང་བ་དཀའ།། དེ་ལྟ་བས་ན་མ་དག་སེམས་ཀྱི་དྲིས།། སྦགས་པ་གང་མཆིས་ཀུན་གྱི་སྤྱན་སྔར་འཆགས།། ལེགས་པའི་ཆ་ཤས་ཏིལ་གྱི་འབྲུ་ཙམ་ཡང༌།། སྲིད་ཚེ་དེ་ནི་ཡབ་རྗེ་བླ་མའི་དྲིན།། ནོངས་པ་གང་མཆིས་བདག་གི་བག་མེད་ཀྱི།། འབྲས་བུ་ལགས་སོ་མཁས་རྣམས་མི་གཤུང་འཚལ།། ཅེས་པའང་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་སྨྲས་པའོ།།

བྱམས་བརྩེ་པར་སྐྲུན་ཁང་གིས་ཕྱི་ལོ་ ༡༩༩༦ ལོར་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་གསུང་རྩོམ་ཕྱོགས་བསྒྲིགས་པར་འགྲེམས་སྐབས་གླེང་བརྗོད་དུ་བྲིས་པའོ།།