༈ ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་ཀྱི་གླུ།

༄༅། །ཆོས་ནོར་འདོད་དང་ཐར་པ་མཆོག་གི་དཔལ།།

འདོད་རྒུར་འཇོ་བ་ཤེས་ཡོན་རིན་ཆེན་མཛོད།།

བསམ་སྒོམ་འཆད་རྩོམ་བྱ་བས་ལེགས་བཟུང་བའི།།

བྷོ་ཊའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།།

རྣམ་འདྲེན་བཞི་པའི་ལེགས་གསུང་བདུན་རྩིའི་རྒྱུན།།

ཐོག་མར་འཇོ་བའི་གནས་མཆོག་གསལ་ལྡན་ཞིང༌།།

དྲང་སྲོང་སྨྲ་བའི་ནགས་ཀྱི་མཐར་གནས་པའི།།

གཙུག་ལག་སློབ་པའི་ཁང་ཆེན་རྣམ་པར་རྒྱལ།།

ཐུབ་ཆེན་རྒྱལ་བའི་བཞེད་དགོངས་ཟབ་རྒྱས་གནད།།

འཕགས་ཡུལ་ཤིང་རྟ་ཆེན་པོས་ལེགས་བཀྲལ་བ།།

རྒྱན་དྲུག་གཞུང་ཆེན་རྣམ་དག་རིགས་འཕྲུལ་གྱིས།།

དཔྱོད་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།།

མཚོ་སྐྱེས་རྡོ་རྗེ་ཞི་འཚོ་དཔོན་སློབ་དང༌།།

ས་ཆེན་རིམ་བྱོན་མར་མི་དྭགས་པོའི་བརྒྱུད།།

འཇམ་མགོན་ཡབ་སྲས་གནའ་རབས་གཡུང་དྲུང་བོན།།

མཁས་རྒུའི་བརྒྱུད་འཛིན་གཙུག་ལག་ཁང་ཆེན་རྒྱལ།།

གཞན་ཡང་སྒྲ་ཚད་བཟོ་གསོ་རིག་པའི་གཞུང༌།།

དེང་རབས་སྤྱི་ཚོགས་བཟོ་འཕྲུལ་ཚན་རིག་སོགས།།

ཤེས་བྱའི་གནས་རྣམས་མ་ལུས་དུས་གཅིག་ཏུ།།

སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།།

རྣམ་དག་ལྷ་ཆོས་དྲི་བྲལ་གངྒཱའི་ཀླུང༌།།

ཡ་རབས་མི་ཆོས་ཆབ་སྲིད་ཡ་མུ་ནཱ།།

ལུགས་གཉིས་ཟུང་འབྲེལ་ཆུ་བོ་གཅིག་ཉིད་དུ།།

སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།།

ཕྱོགས་བྲལ་ཐོས་བསམ་སྒོམ་པའི་ལྟེ་བ་ལ།།

འཆད་རྩོད་རྩོམ་པའི་རྩིབས་སྟོང་རྣམ་བཀྲ་བ།།

མཁས་བཙུན་བཟང་པོའི་མུ་ཁྱུད་ཀྱིས་བཅིངས་པའི།།

སྔོན་མེད་འཁོར་ལོ་གཙུག་ལག་ཁང་ཆེན་རྒྱལ།།

ལྷག་བསམ་དགེ་བའི་སྐྱེས་མཆོག་འཛད་མེད་བསྐྲུན།།

དུས་མཐུན་ཆོས་སྲིད་ཡང་དག་ལྟ་བ་སྤེལ།།

གནའ་བོའི་རྣམ་དག་སྲོལ་སྐྱོང་རང་དབང་དཔལ།།

སྐྱེད་བྱེད་གཙུག་ལག་ཁང་ཆེན་རྒྱལ་གྱུར་ཅིག།

རྣམ་པར་རྒྱལ། རྣམ་པར་རྒྱལ། རྣམ་པར་རྒྱལ། རྣམ་པར་རྒྱལ། རྣམ་པར་རྒྱལ།

ཅེས་པ་འདི་བཞིན། ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིགས་ཀྱི་གླུ་དབྱངས་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོར། ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པར་འབོད་པས། རབ་བྱུང་བཅུ་བདུན་པའི་ས་འབྲུག་ཟླ་ ༩ ཚེས་ ༢༤ ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢ ཉིན་སྤེལ་བ་དགེ། །།