མཎྜལ་བཤད་པ།

༄༅། །དེ་ཡང་ཇི་སྐད་དུ། མཚོ་བྱུང་མགྲིན་པར་རོལ་བའི་སྙིགས་དུས་ཀྱི་མཧཱཔཎཌི་ཏ་ཆེན་པོ་ཚངས་སྲས་བཞད་པ་རྡོ་རྗེའི་དཔལ་གྱི་མགུར་ནས། ཤེས་བྱའི་དཀྱིལ་འཁོར་རབ་ཡངས་ཡངས་པའི་ཐུགས་ཀྱི་མེ་ལོང་ངོས་སུ་མ་འདྲེས་ལྷང་ངེར་རྣམ་པར་བཀྲ། ཉོན་ཤེས་སྒྲིབ་པའི་དྲི་མ་མ་ལུས་དབྱིངས་སུ་དག་པའི་ཆོས་ཀྱི་སྐུ་ལས་ནམ་ཡང་གཡོ་བ་མེད།

རྣམ་པར་དཀར་བའི་འཕྲིན་ལས་ལས་ཀྱི་འཁོར་ལོས་མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་མཛད་ཕན་བདེའི་གཏེར།། ཡབ་གཅིག་ས་ཡི་དཀྱིལ་འཁོར་འཁོར་ལོས་སྒྱུར་དེའི་ཞབས་སེན་དམར་འོད་དུས་ཀུན་སྙིང་གི་དོ་རར་རྩེན།། ཞེས་གསུངས་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་ཤེས་བྱའི་དངོས་པོ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་རྣམ་གྲངས་མུ་མཐའ་ཡས་པའི་དཀྱིལ་འཁོར་རབ་ཏུ་ཡངས་པ། ཆགས་ཐོགས་ཀྱི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་ཡོངས་སུ་ཟད་པའི་ཐུགས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་མེ་ལོང་དྲི་མ་མེད་པའི་ངོས་སུ་མ་ནོར་ཞིང་མ་འདྲེས་པར་ལྷམ་མེ་ལྷང་ངེར་རྣམ་པར་བཀྲ་ཞིང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་དབྱིངས་སུ་དག་པའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་མཁའ་ཁྱབ་ཀྱི་དབྱིངས་ལས་ནམ་ཡང་གཡོ་བའི་གོ་སྐབས་མི་མངའ་ཡང༌། འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་དགོངས་པའི་བརྩེ་བ་ཐུགས་རྗེ་ཆེན་པོས་ཡོངས་སུ་དྲངས་པའི་རྣམ་པར་དཀར་བའི་འཕྲིན་ལས་ལས་ཀྱི་འཁོར་ལོ་ཆུ་ལས་ཆུ་རླབས་དང༌། མཁའ་དབྱིངས་ལ་སྤྲིན་གྱི་ཕུང་པོ་རྡོལ་བ་བཞིན་དུ་རྩོལ་བ་དང་རྣམ་པར་རྟོག་པ་མེད་པར་གང་འཚམས་གདུལ་བྱའི་སྣང་ངོར་དུས་ལས་མི་ཡོལ་བར་ལྷུན་གྲུབ་རྒྱུན་མི་ཆད་པའི་ཚུལ་དུ་བྱུང་བའི་མཐོང་ཐོས་དྲན་རེག་གི་སྐལ་བཟང་ཐོབ་པའི་འགྲོ་བ་མཐའ་དག་སྨིན་ཅིང་གྲོལ་བའི་ལམ་བཟང་པོ་ལ་འགོད་པར་མཛད་པའི་ཕན་བདེའི་འབྱུང་གནས་ཆེན་པོ་ས་གསུམ་གྱི་དཀྱིལ་འཁོར་མཐའ་དག་ཆོས་ཀྱི་འཁོར་ལོས་མངའ་དབང་འདོད་རྒུར་སྒྱུར་བའི་ཁྱབ་བདག་འཁོར་ལོའི་མགོན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེའི་ཞལ་སྔ་ནས་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་མང་ཐོས་འདུལ་བ་འཛིན་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་སེན་འཆར་ཀའི་མདངས་ཀྱི་འོད་རླབས་ས་གསུམ་སྐྱེ་རྒུའི་གཙུག་རྒྱན་ནོར་བུའི་ལན་ཚར་བརྩེགས་པའི་རྡོ་རྗེའི་ཁྲི་འཕང་མཐོན་པོར་ངལ་གསོ་བ་སྲིད་ཞིའི་དགེ་ལེགས་ཀྱི་འདོད་རྒུ་མངོན་པར་འཇོ་བའི་དྲུང་དུ། མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་ཞོ་ཤས་དུས་རྟག་ཏུ་འཚོ་བའི་ཆབ་འབངས་སུ་གཏོགས་པ་བོད་ཆེན་པོ་མདོ་སྟོད་སཱ་ལའི་སྨན་ལྗོངས་རིག་བྱེད་ཀྱི་གྲངས་དང་ལྡན་པའི་དལ་འབབ་རླུང་རྒྱུན་གྱི་འཕྱུན་འཕྱངས་རྣམ་པར་གཡོ་ཞིང༌། རྐང་ཐུང་ནགས་ཚལ་གྱི་ཤམ་ཐབ་ཡིད་འོང་སྤང་གཤོངས་གསར་པའི་ཝ་ལྤགས་ཀྱིས་མཛེས་པ་ལ་རབ་དཀར་གངས་ཀྱི་ཐོར་ལྕོག་གཟེངས་སུ་མཐོ་བས་མངོན་པར་དཔའ་བའི་རི་བོའི་ཕྲེང་བའི་སྒང་རྒྱུད་དབང་པོའི་གྲངས་ཀྱིས་རྣམ་པར་མཛེས་པའི་ཡུལ་ལྗོངས་ཁོངས་གཏོགས་དང་བཅས་པའི་གཞིས་བྱེས་སེར་སྐྱ་མི་མང་མགྲིན་གཅིག་ནས་དད་གུས་ཀྱི་ཟླ་ཟེར་འཐུང་ལ་མངོན་པར་ཆགས་པའི་སོར་བཅུའི་ཀུནྡའི་འདབ་མ་ཚངས་གནས་སུ་ཟུམ་པ་དང་ཆབས་ཅིག་ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་པའི་གུས་ཕྱག་གི་དངོས་པོ་འབུམ་ཕྲག་སྔོན་དུ་འགྲོ་བའི་རྒྱ་མཚོའི་གྲངས་ཀྱི་ཡན་ལག་ཡོངས་སུ་μོགས་པ་དང་བཅས་ཏེ་མངོན་འདོད་ཀྱི་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ་ནི། དེ་ཡང་ཇི་སྐད་དུ། དཔལ་ལྡན་ཟླ་བས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར།། སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱེད་ཀྱིས་སླར་ཡང་འབད་གྱུར་ཅིང༌།། འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ།། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱེད་ཀྱིས་བརྙེས།། ཞེས་གསུངས་པ་ལྟར། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ནི་དཔག་ཏུ་མེད་པའི་བསྐལ་པའི་སྔ་རོལ་ནས་ཚོགས་གཉིས་μོགས་སྨིན་སྦྱངས་གསུམ་གྱི་ཕ་མཐར་བྱོན་ཏེ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ནས་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཕུང་པོ་མངའ་དབང་དུ་གྱུར་ཏེ་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བའི་ངོ་བོར་མངོན་པར་རྫོགས་པ་སངས་རྒྱས་ཟིན་ནའང༌། སླར་ཡང་འཕགས་མཆོག་སྤྱན་རས་ཀྱི་དབང་ཕྱུག་ཅེས་མཚན་གྱི་གཟིས་ཀྱང་སྲིད་ཞིའི་གདུང་བ་འཕྲོག་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བཞིན་རྒྱས་སྲས་གཞན་གྱིས་བརྣག་པར་མི་ནུས་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་རི་བོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་དུ་བཟུང་ཞིང༌། གང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོའི་བཀོད་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བཀོད་ནས་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས། རང་རྒྱལ། ཚངས་པ། བརྒྱ་སྦྱིན། འཁོར་ལོའི་སྒྱུར་རྒྱལ། དགེ་སྦྱོང་བྲམ་ཟེ། ཚོང་དཔོན་ཁྱིམ་བདག ཐ་ན་བྱ་དང་རི་དྭགས། μིང་དང་ཟམ་པ་ཚུན་ཆད་ཀྱི་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྒོ་ནས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་མདོ་སྡེ་རིན་པོ་ཆེ་ཟ་མ་ཏོག་བཀོད་པ་དང༌། སངས་རྒྱས་ཕལ་པོ་ཆེའི་པདྨའི་དྲྭ་བ་ཅན་གྱི་རྒྱུད་ལ་སོགས་པ་མདོ་རྒྱུད་མཐའ་ཡས་པ་ནས་ཇི་ལྟར་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཕུང་པོ་ནི་སྟོབས་བཅུ་མངའ་བ་རྣམས་ཀྱི་རྣམ་པར་དག་པའི་ཡེ་ཤེས་ཀྱི་གཟིགས་པ་ལས་ཀྱང་འགོངས་པར་གྱུར་ན་ཤེད་མ་བྱེ་བའི་བྱིས་པ་ཚུ་རོལ་མཐོང་བ་བདག་ལྟ་བུས་ནི་ལྟ་ཡང་ག་ལ་ཞིག་སྟེ། དཔལ་ལྡན་ཟླ་བས།། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱིས།། འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།། སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།། ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར།། ཞེས་གསུངས་པ་ལྟར་ལགས་ཤིང༌། སྒྲོན་མེའི་བསྐལ་པ་བཟང་པོ་འདི་དབང་དུ་བྱས་ནའང༌། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་གུས་པས་འདུད།། ཅེས་གསུངས་པ་ལྟར་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་སྟོང་དང༌། དངོས་སུ་དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པའི་སྐྱེ་རྒུ་ཁྲིམས་དང་རྒྱལ་ཐབས་ཀྱིས་འདུལ་བ་དག་གི་ཆེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དང༌། གཞན་ཡང་གདུལ་བྱའི་ཁམས་མོས་བསམ་པ་བག་ལ་ཉལ་དང་ཡོངས་སུ་འཚམས་པའི་གང་ལ་གང་གིས་འདུལ་བའི་སྐྱེ་རྒུར་དེ་དང་དེའི་རྣམ་པར་རོལ་པའི་གསང་གསུམ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཚུལ་ནི། ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས།། དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱེད་ཀྱི་སྤྲུལ་པ་དེ་སྙེད་ཅིག། རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ།། ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབབ་པའི་རྟོག་པ་མངའ་མ་ལགས།། ཞེས་ཇི་ལྟར་གསུངས་པའི་ངང་ཚུལ་དོན་ལ་གནས་པ་ལགས་ཤིང༌། གྲགས་ཆེ་བའི་དབང་དུ་བྱས་ནའང༌། འཇམ་དཔལ་གྱི་རྩ་བའི་རྒྱུད་དང༌། ལང་ཀར་གཤེགས་མདོ་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་སོགས་ནས་ཇི་ལྟར་བྱུང་བ་བཞིན། རྣམ་འདྲེན་བཞི་པའི་སྤྱན་སྔར་བྲམ་ཟེའི་ཁྱེའུ་སྣང་བ་ནས་ཉེ་བར་བཟུང༌། ཆོས་རྒྱལ་དགེ་བ་དཔལ་གྱི་བར་འཕགས་པའི་ཡུལ་དུ་འཁྲུངས་རབས་མུ་ཏིག་གི་ཕྲེང་བ་མཚར་དུ་དངར་ཞིང༌། ཡང་སྒོས་བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཅེས་སོགས་མང་དུ་གསུངས་པ་ལྟར་གྲུབ་པའི་དབང་ཕྱུག་བླ་མ་དྲི་མ་མེད་པའི་དཔལ་ལྡན་དང༌། མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་སོགས་པའི་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པས་མཐའ་འཁོབ་འདུལ་བའི་གསོལ་བ་བཏབ་པ་དང༌། རང་ཉིད་ཀྱིས་ཀྱང་ལྷག་པར་ཐུགས་བརྩེ་བ་ཆེན་པོས་འུ་ཅག་གངས་རིའི་ལྗོངས་ཀྱི་དམུ་རྒོད་ཀྱི་སྐྱེ་བོ་འདུལ་དཀའ་བ་རྣམས་ཕྱག་མཚན་དུ་བཞེས་ཏེ་ཐབས་ལ་མཁས་པའི་སྒྱུ་འཕྲུལ་གྱི་རོལ་གར་མཐའ་ལས་འདས་པས་སྤྲེའུ་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་ཏེ་མིའི་འགྲོ་བ་སྤེལ་བ་ནས་བཟུང་རིམ་གྱིས་དམ་པའི་ཆོས་ཀྱི་སྣོད་དུ་རུང་བར་རྒྱུད་སྨིན་པར་མཛད་ཅིང༌། ཆོས་རྒྱལ་མེས་དབོན་རིམ་བྱོན་གྱི་རྣམ་པར་རོལ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པའི་སྒོ་ནས་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེའི་འོད་ཀྱིས་གསལ་བར་མཛད། གཞན་ཡང་འབྲོམ་རྒྱལ་བའི་འབྱུང་གནས། ས་ཆེན་ཀུན་དགའ་སྙིང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་གཡུ་གྲགས་པ་ལ་སོགས་པའི་རྒྱལ་བློན་དང་བྱང་སེམས་པཎ་གྲུབ་སྣ་ཚོགས་ཀྱི་སྐུའི་བཀོད་པས་ཐོག་མར་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ལམ་དུ་འཛུད་དེ་མ་སྨིན་པ་སྨིན་པ་དང༌། སྨིན་པ་གྲོལ་བར་མཛད་པའི་ངང་ཚུལ་བསམ་བརྗོད་ཀྱི་ཡུལ་ལས་འདས། ལྷག་པར་གངས་རིའི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་སྐལ་བཟང་ལྷག་པར་བདོ་བའི་དུས་རབས་བཟང་པོ་ཡོངས་སུ་སྨིན་པ་ན། བོད་ལྗོངས་སྐྱེ་རྒུ་ཡོངས་μོགས་ཆོས་སྲིད་ལུགས་ཟུང་གི་གདུགས་དཀར་གཅིག་གི་གྲིབ་འོག་ཏུ་མངོན་པར་འདུ་བའི་ཉེར་བསྡོགས་ལ་ཉེ་བར་གཟིགས་ནས་བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོས་སྤྲུལ།། ཞེས་སོགས་ཇི་ལྟར་ལུང་བསྟན་པ་ལྟར། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་ལུང་འཛིན་གྱི་ཐུགས་སྲས་གསེར་རི་ལྟ་བུ་བདུན་གྱི་ནང་ཚན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་བཟང་པོའི་སྐུའི་རྣམ་པར་རོལ་ཏེ། མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ།། དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།། ཞེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་སྨོན་པ་མཛད་པ་དང་རྗེས་སུ་མཐུན་པར་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྐུའི་ཕྲེང་བ་བར་མ་ཆད་པར་རིམ་པར་བྱོན་ཏེ་ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་ཟད་མི་ཤེས་པས་གངས་ལྗོངས་སྐྱེ་རྒུ་རྣམས་སྐྱོང་བར་མཛད། ལྷག་པར་སྐུའི་ཕྲེང་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་མཚན་སྙན་བ་དན་སྲིད་པའི་ཁོངས་ལས་བརྒལ་བ་དེའི་སྐུའི་རིང་ལ་སིལ་བུར་གནས་པའི་བོད་རྒྱལ་ཁབ་ཆེན་པོ་བཀའ་ལུང་གསེར་གྱི་འཁོར་ལོ་ཡུག་གཅིག་གི་མངའ་དབང་འདོད་རྒུར་བསྒྱུར་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆོས་སྲིད་རིག་གཞུང་དཔལ་འབྱོར་སྒོ་གང་ས་ནས་དུས་རབས་དེའི་འཛམ་གླིང་གི་མཐའ་བཞིའི་རྒྱལ་ཁམས་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་དུ་མ་དང་ལྡན་པ་དེ་ལྟ་བུའི་བཀྲིན་མཛད་པ་ནས་ཉེ་བར་བཟུང་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་?ྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོའི་བར་སྡོམ་བརྩོན་མཁས་གྲུབ་གཉིས་ལྡན་གྱི་སྐུའི་ཕྲེང་བ་ཉི་ཟླའི་འགྲོ་འོང་ལྟ་བུ་ཟམ་མ་ཆད་པར་བྱོན་ནས་བསིལ་ལྗོངས་འགྲོ་བའི་འཕྲལ་ཡུན་གྱི་ཕན་བདེའི་གཞི་རྩ་ཡོངས་སུ་སྟེར་བར་མཛད། ལྷག་པར་དེང་གི་དུས་འདིར། ཇི་སྐད་དུ། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བས།། མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ།། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་མཛད་པའི།། སྐྱབས་མགོན་ཐུགས་རྗེ་ཅན་་་་་་་་་༌།། ཞེས་ཇི་ལྟར་གསུངས་པ་ལྟར། རྒྱལ་དང་རྒྱལ་སྲས་གང་གིས་ཀྱང་གདུལ་བའི་ཡུལ་དུ་མ་གྱུར་པའི་ཆེས་དམུ་རྒོད་ཀྱི་གདུལ་དཀའ་བའི་འགྲོ་བ་ཉམ་ཐག་པ་དམུས་ལོང་དམིགས་བུས་བོར་བ་དང༌། བྱིས་པ་འབྲོག་དགོན་དུ་འཁྱམ་པ་ལྟ་བུ་བདག་ཅག་ལ་ལྷག་པར་ཐུགས་བརྩེ་བའི་འཕགས་མཆོག་འཇིག་རྟེན་གསུམ་མགོན་གང་ཉིད་སླར་ཡང་མིའི་ཤ་ཚུགས་སུ་རོལ་ཏེ་མགོན་མེད་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས་མཛད་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ནི་དཔག་པར་དཀའ་མོད། སོ་སྐྱེ་ཐ་མལ་ཚུན་ཆད་ལ་སྣང་དུ་རུང་བ་ཐུན་མོང་གི་ངོ་ནའང་མཐའ་འཁོབ་ཀླ་ཀློའི་ཁྱུ་ཚོགས་དམ་པའི་ཆོས་ཀྱིས་འདུལ་བ་དང༌། འཇམ་མགོན་རྒྱལ་བ་གཉིས་པ་སླར་བྱོན་པ་ལས་ཀྱང་ལྷག་པའི་རྣམ་ཐར་བཟང་པོ་ང་ཡིས་སྟོན་ནོ་ཞེས་གསལ་བར་སྟོན་པ་སོགས་དགོངས་གཞི་དང་དགོས་པ་དུ་མའི་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་སྐུའི་ལྟེ་ཁྲག་འབོ་བའི་གནས་ཆེན་སྐུ་འབུམ་བྱམས་པ་གླིང་དང་འདབ་ཆགས་པར་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་ལས་མཐོང་གྲོལ་མཚན་དཔེའི་ལང་ཚོ་གསར་དུ་བཞད། འཕགས་མཆོག་དངོས་དང་མི་གཉིས་པའི་ལོ་ཀེ་ཤྭ་རས་མུ་ལེ་དིང་བླ་མཚོར་བརྟག་དཔྱད་དགོས་པའི་ལུང་བསྟན་གསལ་ཕེབས་བཞིན་སྐུ་ཕྲེང་དུ་མར་ལུས་དང་དྲི་བཞིན་འགྲོགས་པའི་བཀའ་སྲུང་ཆེན་མོ་མ་གཅིག་འདོད་ཁམས་དབང་མོ་གང་དུ་འཁྲུངས་པའི་ཡུལ་གྱི་བཀོད་པ་དང༌། མིང་ཡིག འཁྲུངས་ཁང་གི་དབྱིབས། ཡབ་ཡུམ་གྱི་མཚན་སྒྲ་བཅས་ལག་མཐིལ་དུ་བཞག་པའི་μས་བཞིན་གསལ་བར་སྟོན་པ་སོཌ་ལྷ་བླ་དུ་མའི་ལུང་བསྟན་གཅིག་མཐུན་གྱིས་འཁྲུལ་བྲལ་རྒྱལ་བའི་ཡང་སྤྲུལ་ཉིད་དུ་ངེས་པ་བདེ་བླག་ཏུ་རྙེད་ནས་ཞབས་སེན་བཀྲིས་ཀྱི་རེ་ཁ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངོན་པར་བཀོད། གཞོན་ནུ་ཉིད་ནས་ཕལ་པའི་སྤྱོད་པ་ལས་རིང་དུ་འདས་པའི་དམ་པའི་རང་རྟགས་གསལ་བ་མངོན་ཞིང༌། མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོ་པཎ་དུ་བཞེས་ཏེ། དབྱིག་གཉེན་གྱིས། ཚུལ་ལྡན་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཅེས་བསྟན་པ་ལ་འཇུག་པའི་གོ་རིམ་ངེས་ཅན་དུ་མཛད་པ་དང་ཡོངས་སུ་མཐུན་པར་སོ་སོ་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས་ཏེ་བཅས་མཚམས་ཕྲ་མོ་ལས་ཀྱང་མི་འདའ་བར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པའི་ངང་ཚུལ་ལྷུར་བཞེས་ཤིང༌། གཞུང་ཆེན་བཀའ་པོད་ལྔ་སོགས་ནང་དོན་དང༌། གཏན་ཚིགས་རིག་པ་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པར་ཕྱོཌ་རེ་དང་རགས་པ་རེ་ཙམ་ཞིག་གིས་མ་ཚིམས་པར་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་ནས་དྲངས་པའི་གསན་བསམ་གྱི་ཕུ་ཐག་ཡོངས་སུ་ཆོད་པར་མཛད། ལུང་ཁྲིད་མན་ངག་གི་རིམ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་རིམ་གྱིས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པ་དང་ཆབས་ཅིག སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་དུས་འགྱུར་མི་བཟད་པའི་ངང་ཚུལ་ཛ་དྲག་ཏུ་གྱུར་པ་ན། གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ལས་གཞན་སུ་ལའང་མ་དམིགས་པར་དངོས་གསལ་དུ་གྱུར་པ་ན། སྐུའི་ལང་ཚོ་མྱུ་གུ་ལྟར་ཆེས་ཆེར་ཕྲ་ཡང་ཐུགས་སྟོབས་དང་ལྷག་བསམ་སོགས་དམ་པའི་རང་གཤིས་ཀྱི་དྲི་བཟང་ལྷན་སྐྱེས་དབང་གིས་དུས་འགྱུར་སྲིན་མོའི་ཟློས་གར་ཡ་ང་བའི་ངང་ཚུལ་ལའང་ཇི་མི་སྙམ་པར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་ཡ་ལད་བཙན་པོ་བཞེས་ཏེ་གངས་ལྗོངས་ཆབ་སྲིད་ཀྱི་གསེར་འཁོར་ཕྱག་མཚན་དུ་བཞེས་ཏེ་ཛ་དྲག་དང་ཡ་ངའི་གནས་ཚུལ་གང་ལའང་ཞུམ་པ་མི་མངའ་བར་སྐྱེ་རྒུའི་བདེ་ཐབས་ཁོ་ནར་གཞོལ་བར་མཛད། རྗེ་གོང་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དུས་གསུམ་གསལ་གཟིགས་ཀྱི་མ་འོངས་སྔོན་སྟོན་གྱི་བཀའ་ལུང་དང་རྗེས་སུ་མཐུན་པར་བོད་ཤར་ཕྱོཌ་ནས་ལོག་སྨོན་ཀླ་ཀློའི་དཔུང་གིས་འཚེ་བ་མི་བཟད་པའི་བཙན་གནོན་བྱུང་བ་ན། འཕགས་པའི་ལྗོངས་ཀྱི་ས་མཚམས་དང་ཐག་ཉེར་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང་ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་བྱུས་རླབས་པོ་ཆེའི་སྟོབས་ལས་དམག་འཁྲུགས་ཁྲག་སྦྱོར་གྱི་ཡ་ང་བའི་འཇིགས་པ་ལས་གྲོལ་ཏེ་རེ་ཞིག་བདུན་ལྷག་བཅུ་ཕྲག་གཅིག་གི་ཆིངས་དོན་དུ་གྲགས་པ་སོགས་ཀྱི་སྟེང་ནས་གནས་སྐབས་ཛ་དྲག་གི་འཇིགས་པ་ལས་གྲོལ་བར་མཛད། རིང་མིན་མཧ་ཅི་ནའི་ཡུལ་དང༌། འཕགས་ཡུལ་ཆོས་ཀྱི་ཞིང་ས་སོ་སོར་རིམ་བཞིན་ཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད་དེ་སྐུའི་ལང་ཚོ་པདྨའི་མྱུ་གུ་ལྟར་ཆེས་ཆེར་ཕྲ་ཡང་རྣམ་དཔྱོད་ཚངས་པ་རྒན་པོ་སྟོང་གིས་ཀྱང་འགྲན་པར་མི་བཟོད་པའི་གཟི་བརྗིད་ལྷག་པར་ངོམ་པས་དུས་རབས་ཉི་ཤུ་པ་འདིའི་ནང་ཆེས་ཆེར་ཆེ་བཙན་དུ་གྲགས་པའི་སྐྱེས་བུ་མིའི་ཁྱུ་མཆོག་ཏུ་རློམ་པ་དུ་མ་ཇི་ལྟར་ཉི་མའི་འོད་ཀྱིས་མེ་འཁྱེར་བཞིན་མོག་མོག་པོར་མཛད་དེ་ངོ་མཚར་དང་དད་པའི་ས་ལ་བཀོད་ཅིང༌། དད་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པར་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད། དེ་ལྟར་ཐག་རིང་ཡུལ་གྲུ་ཁག་ཏུ་ཆིབས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་འགྲུལ་བཞུད་དང༌། རྒྱུན་ལྡན་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་སྒོ་མུ་མཐའ་མེད་པའི་ནང་དུ་བཞུགས་བཞིན་པར་གཞུང་ཆེན་གསན་བསམ་གྱི་མཛད་རིམ་མཐའ་དག་བར་མ་ཆད་པར་རྒྱུན་ཆགས་སུ་མཛད་ཅིང་གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་འབྲས་རྟགས་སུ་གངས་ཅན་གྱི་གདན་ས་ཆེན་པོ་གསུམ་དང་ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་མཛད་དེ། མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་སྔ་ན་མེད་པ་བློ་གསལ་རྣ་བའི་དཔྱིད་དུ་སྤྲོ་ཞིང༌། ཕས་ཀྱི་རྒོལ་བ་མཐའ་དག་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔའ་བཀོང་སྟེ་མི་སྨྲ་བའི་གནས་ལ་བཀོད། གཞན་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་དང༌། ལྷག་པར་བདེ་གསང་འཇིགས་གསུམ་དང༌། རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་རྒྱུད་བཤད་སོགས་སྔོན་བྱོན་གྱི་བསྟན་འཛིན་མཁས་གྲུབ་གྲགས་ཅན་བགྲེས་སོང་དག་གིས་ཀྱང་རྔཽ་ཐོགས་པར་དཀའ་བའི་འཆད་རྩོད་རྩོམ་གསུམ་གྱི་རླབས་པོ་ཆེའི་མཛད་བཟང་སྒོ་འཕར་དུས་གཅིག་ཏུ་ཕྱེ་བ་ན། སྐྱེ་རྒུ་མཐའ་དག་ཡ་མཚན་པའི་གནས་སུ་གྱུར་ཅིང༌། བདག་ཅག་གི་འདྲེན་པ་ཆེན་པོ་འདི་ནི། ཇི་སྐད་དུ། ཆོས་རྗེ་བསོད་ནམས་གྲགས་པས། འཆད་ན་ང་སྟེ་ཐོགས་མེད་སྐུ་མཆེད་ཉིད་ཀྱི་གོང་དུ་འགོངས་པར་དགོངས་ནས་ཞིང་གཞན་གཤེགས་པའི་མཛད་པ་བསྟན།། རྩོད་ན་ང་སྟེ་ཕྱོགས་གླང་གྲགས་པའང་གཞུང་ལུགས་དཔང་བཙུགས་བརྒལ་ཞིང་བརྟག་ན་རྩོད་པའི་ཟོལ་གྱིས་འབྱོལ་ཐབས་མཛད།། རྩོམ་ན་ང་སྟེ་མཁས་མཆོག་དཔའ་བོར་འཁུ་ཞིང་ཅོ་འདྲི་གངས་ཅན་ལྗོངས་འདིར་ལེགས་བཤད་སྤེལ་ལ་ཟླ་དང་བྲལ།། མཁས་པ་ང་སྟེ་རྒྱལ་བའི་གསུང་རབ་རབ་འབྱམས་ཀུན་ལ་འཆད་རྩོད་རྩོམ་པའི་ཅི་དགར་རོལ་ཏེ་ཨེ་མ་ཧོ།། ཞེས་ཇི་སྐད་གསུངས་པའི་དགོངས་དོན་མངོན་དུ་གྱུར་པ་ཉིད་དོ་ཞེས་མགྲིན་གཅིག་ཏུ་སྒྲོགས་པའི་ཅ་ཅོ་ཚངས་པའི་འཇིག་རྟེན་ལས་ཀྱང་འདས་པར་མངོན། དེ་ལྟར་ནའང་བདག་ཅག་དམུ་རྒོད་ཀྱི་འགྲོ་བའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་ངང་ཚུལ་ལྡོག་ཏུ་མེད་པ་ཐོག་ཏུ་བབས་ཏེ། གངས་ལྗོངས་བསྟན་སྲིད་དང༌། སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་ཚལ་བརྩེ་མེད་ཀླ་ཀློའི་དཔུང་གིས་ངན་སྤྱོད་གདུག་རྩུབ་ཀྱིས་རྡོ་རྗེའི་མེ་ཆར་དྲག་པོས་རྨེག་མེད་དུ་བཅོམ་པ་ཉིད་ནའང༌། མགོན་པོ་མཆོག་ནི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་སྐུའི་ངལ་བ་མཐའ་དག་ཁྱད་དུ་བསད་ནས་བོད་འབངས་སྐྱེ་རྒུའི་བདེ་དོན་ཉག་གཅིག་ཐུགས་དབུས་སུ་བཅངས་ཏེ་འཕགས་ཡུལ་ཆོས་ཀྱི་ཞིང་སར་ཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད། གང་ལ་རེ་བའི་མིག་འབུར་རྩེ་གཅིག་ཏུ་བཏད་དེ་ཕེབས་རྗེས་སུ་བསྙེགས་པའི་བོད་མི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་ཕྱུང་ཞིང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པ་མཛད་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་གྱི་ཆོས་བྱེད་དགེ་འདུན་པ་རྣམས་དགོན་སྡེ་གདན་ས་ཁག་རིམ་པས་གསར་འཛུགས་ཀྱིས་ཆོས་སྤྱོད་བཤད་སྒྲུབ་ཀྱི་བྱ་བ་ལ་ཅི་གར་དུ་འཇུག་པའི་གོ་སྐབས་དང༌། ལོ་རྒས་ནད་གཅོང་སོགས་ལས་འཕེར་མེད་རིགས་རྣམས་ལ་རྒས་གསོ་དང་སྨན་ཁང༌། དར་མ་ལས་འཕེར་རྣམས་ལ་སོ་སོའི་ཁམས་དབང་དང་བསྟུན་པའི་ལས་དོན། ན་གཞོན་ཡར་བསྐྱེད་ཅན་རྣམས་ལ་ཕྱི་ནང་གི་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་ཐོས་བསམ་གྱི་གོ་སྐབས་སོགས། མདོར་ན་འཛམ་གླིང་སྐྱབས་བཅོལ་བའི་ལོ་རྒྱུས་སུ་སྔར་མ་གྲགས་པའི་ཁེ་ཕན་ཐོབ་ཐང་བཟང་པོ་སྩོལ་བར་མཛད། ལྷག་པར་བོད་གཞུང་བསྟན་སྲིད་ཀྱི་མེ་རོ་སླར་གསོའི་སོན་རྩར་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ཡང་དག་པའི་དབུ་ཁྲིད་འོག་བྱེས་འབྱོར་སྲིད་གཞུང་གི་སྒྲིག་འཛུགས་དང༌། ཞི་དྲག་ལས་རིགས་ཀྱི་སྡེ་ཚན། ཆོས་སྡེ་དང༌། རིག་གཞུང་ཉམས་ཞིབ་དང་གཙུག་ལག་སློབ་ཁག་གི་སྡེ་ཚན། གཞིས་ཆགས། སློབ་གྲྭ ལག་ཤེས་བཟོ་རིགས། ཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ས་སྲ་ཚུགས་ཡོད་པའི་དུས་རབས་ལས་ཀྱང་ཆེས་ཆེར་ལྷག་པ་ལྟ་བུའི་མཛད་བཟང་གི་བཀྲིན་ཟླ་མེད་པ་སྐྱོང་བར་མཛད། ལྷག་པར་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་དང་ཉག་མ་ལྔ་ལ་ཉེ་བའི་དུས་ཀྱི་ཆར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་སྔོན་གྱི་དམ་པ་རྣམས་ཀྱི་ཞབས་ཀྱིས་མ་བཅགས་པའི་ས་ཕྱོགས་དུ་མར་མགོན་པོ་གང་ཉིད་ནས་ཡང་ནས་ཡང་དུ་ྋཞབས་སོར་དགེ་ལེགས་ཀྱི་འོད་རླབས་འབར་བས་དགེ་ལེགས་སུ་མཛད་ཅིང༌། ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་རླབས་པོ་ཆེ་སྤྱི་དང༌། ཁྱད་པར་གང་འཚམས་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པས་སྐྱེ་འགྲོ་ཀུན་གྱི་སྙིང་དང་རྣ་བ་ཚིམས་པར་མཛད་ནས་མངོན་འདོད་རེ་བའི་བུམ་པ་ལེགས་པར་བཀང་སྟེ། རིང་པོའི་དུས་ནས་བོད་དང་ནང་ཆོས་ཀྱི་གནས་ཚུལ་མིང་ཙམ་རྣ་བར་མ་སོན་པའི་འགྲོ་བ་གྲངས་ལས་འདས་པ་ཞིག་མི་ལྡོག་པའི་དད་པའི་ས་ལ་བཀོད་ཅིང་བོད་ཀྱི་བརྩེ་བའི་མཛའ་གྲོགས་སུ་བསྒྱུར། ཆབ་སྲིད་ཀྱི་མཛད་རྒྱ་ཆུ་གཉེར་ལྟར་ཟད་མི་ཤེས་པའི་བར་གསེང་ནས་དོན་གཉེར་ཅན་གྱི་སྐལ་ལྡན་མང་པོར་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་བཀའ་རྒྱ་ཆེན་རྒྱུན་མི་ཆད་དུ་བསྩལ་བ་སྤྱི་དང༌། ཁྱད་པར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་སུའི་ཡང་རྣམ་ཐར་ལོ་རྒྱུས་སུ་མ་གྲགས་པའི་མཛད་བཟང་ངོ་མཚར་ཅན་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལན་གྲངས་འདི་ཙམ་འཕགས་བོད་ཀྱི་ཡུལ་གྲུ་ཙམ་དུ་མ་ཟད། ཕྱི་གླིང་ཨ་རིའི་ཡུལ་གྲུ་ཚུན་ཆད་དུ་བསྐུར་བར་མཛད་པའི་རྣམ་ཐར་འདི་ལྟ་བུ་ནི་རྣམ་འདྲེན་བཞི་པའི་བསྟན་འདིར་སྔོན་མ་བྱུང་ཞིང༌། ཕྱིས་ཀྱང་མི་འབྱུང་བའི་གནས་ཚུལ་ལོ་རྒྱུས་ཡིག་ཚང་དུ་འཇོག་པའི་འོས་སུ་གྱུར་པ་ལགས་ཤིང༌། ལྷག་པར་དེང་གི་ཆར་གནས་ཕུན་སུམ་ཚོགས་པ་སྐལ་བཟང་རྣམ་འདྲེན་སྟོང་གིས་གང་དུ་མངོན་པར་μོགས་པ་སངས་རྒྱས་པའི་མཛད་པ་སྟོན་པའི་ཡུལ། ཞོ་འཐུང་རུས་པའི་རྡོ་རྗེ་རྩེ་བརྒྱ་འབར་བ་གདན་དུ་བཏིང་བའི་གནས་སུ། དུས་ཕུན་སུམ་ཚོགས་པ་དགུན་འབྲིང་ཟླ་བ་སྣང་བྱེད་གཞུའི་ཁྱིམ་དུ་མངོན་པར་རྩེན་པའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ནས་ཉེ་བར་བཟུང༌། འཁོར་ཕུན་སུམ་ཚོགས་པ་མགོན་པོ་གང་ཉིད་ཀྱི་བརྩེ་ཆེན་དམིགས་པ་མེད་པས་གདུལ་ཞིང་གི་ཕྱག་མཚན་དུ་བཟུང་བའི་བོད་རིགས་གཞིས་བྱེས་ཕྱོགས་འདུས་ཀྱི་གདུལ་བྱ་སྐལ་ལྡན་ཁྲི་ཕྲག་བརྒལ་བར། སྟོན་པ་ཕུན་སུམ་ཚོགས་པ་ངེད་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་དུ་ཕོག་པའི་ལྷ་སྐལ། ལྷ་བཅས་སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ནས། ཆོས་ཕུན་སུམ་ཚོགས་པ་སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་བཀྲལ་ཞིང༌། ལྷག་པར་ཐེག་པ་ཆེན་པོའི་སྡེ་སྣོད་ཡོངས་རྫོགས་ཀྱི་གནད་བསྡུས་པ། རིགས་ཅན་གྱི་གང་ཟག་འཚང་རྒྱ་བའི་ལམ་གྱི་འཇུག་ངོགས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་རྒྱས་པར་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཐུགས་ཀྱི་བཅུད་ཕྱུང་བའི་གདམས་པ་ཟབ་མོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་འཆད་ཐབས་ཡན་ལག་ལྔའི་སྒོ་ནས། ཐེག་ཆེན་སེམས་བསྐྱེད་ཀྱི་ཕན་ཡོན་བསམས་ནས་སྤྲོ་ཤུགས་བསྐྱེད་ཚུལ་དང༌། དེའི་ཡན་ལག་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱོང་ཚུལ། སེམས་བསྐྱེད་པའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་ཞིང༌། མཐུག་རྐྱེན་ཚོགས་ཇི་ལྟར་གསོག་ཚུལ། སེམས་བསྐྱེད་ནས་མི་ཉམས་པའི་སླད་དུ་བག་ཡོད་བསྟེན་ཚུལ། སྤྱོད་པ་སྤྱི་དང༌། ཁྱད་པར་དྲན་ཤེས་སྲུང་བས་ཚུལ་ཁྲིམས་ལ་སློབ་ཚུལ། བཟོད་བརྩོན་བསམ་གཏན་ཤེས་རབ་ལ་སློབ་ཚུལ་ཁྱད་པར་བ། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་བཞག་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཏོང་བའི་སྦྱིན་པ་ལ་སློབ་ཚུལ་བཅས་ལེའུའི་གོ་རིམ་དང་བསྟུན་བཤད་པ་མཐའ་ཆོད་པ། ལུང་རིགས་ཀྱི་ཁུངས་བཙན་པ། གདམས་ངག་གི་གནད་བསྒྲིལ་བ། རང་ཉམས་ཀྱི་མཚང་ཐོག་ཏུ་བབས་པ། ལག་ཏུ་བླང་བདེ་བ། བློ་གྲོས་ཀྱི་ཚད་དང་མཐུན་པ་འདི་ལྟ་བུ་བསྩལ་བར་མཛད་པའི་བཀྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཕྱུར་བུར་བཀང་སྟེ་ཉིན་བཞིན་ལན་སྟོང་དུ་བསྐལ་པར་ཕུལ་ཡང་ཆ་ཙམ་བསབས་པའི་གོ་སྐབས་ག་ལ་མཆིས། འོན་ཀྱང་བཀྲིན་གྱི་ཆ་ཤས་ཕྲ་མོ་ཙམ་བསབ་པའི་མངོན་འདོད་ལྷག་བསམ་གྱི་རང་མདངས་མཚོན་བ་ཙམ་གྱི་སླད་དུ་ཕྱག་སོགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས། དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་དང་བཅས། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས་དང་བཅས་པ་མངོན་པར་དྭངས་པའི་ཡིད་ཀྱིས་འབུལ་བ་ལགས་ན། དངོས་འབུལ་པད་རྩ་ལྟར་ཕྲ་ཡང་བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་དགོངས་ཏེ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་μོགས་བར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།། སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།། ཞེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་བསྙད་པ་ལྟར། མཁའ་མཉམ་ཡིད་ཅན་ཀུན་གྱི་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་སྤྱི་དང༌། ཁྱད་པར་གུས་འབངས་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཆོས་སྲིད་ཀྱི་ལས་ཚོགས་མཆིས་སོ་ཅོག་མཐའ་དག་ནི་གུས་འབངས་ཡོངས་ཀྱིས་མཐུན་སྣང་དུ་མཇལ་བར་ནུས་པའི་གཟུགས་སྐུ་མཚན་དཔེའི་ཕུང་པོ་འདི་ཉིད་འཚོ་ཞིང་གཞེས་པ་ཉིད་ལ་རག་ལུས་པ་ལགས་ན། བདག་ཅག་ཉམ་ཐག་མགོན་མེད་ཀྱི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དྲི་མར་གྱུར་པ་ལ།། སངས་རྒྱས་རྣམས་ནི་སྨོད་མི་མཛད།། ཅེས་གསུངས་པ་ལྟར་ཇི་ལྟ་ཇི་ལྟར་བདག་ཅག་སྙིགས་དུས་རླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་བདོ་བ། དེ་ལྟ་དེ་ལྟར་མགོན་པོ་གང་ཉིད་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ། ྋཞབས་ཟུང་སྲིད་མཐའི་བར་དུ་མི་བཤིག་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན། རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང༌། ཞར་བྱུང་གུས་འབངས་སྐྱབས་འོག་པ་བདག་ཅག་རྣམས་ཀྱི་འབྲེལ་ཐོགས་འདས་གསོན་མཆིས་སོ་ཅོག་ཀྱང་མགོན་པོ་གང་ཉིད་ཀྱིས་འབྲལ་མེད་མཉེས་བཞིན་རྗེས་འཛིན་ཡོང་བ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། བཀའི་ཞལ་བཞེས་བཟང་པོ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་མཁྱཻེན། མཁྱཻེན། མཁྱཻེན་ལགས།

ཕྱི་ལོ་ ༡༩༨༤ ཟླ་ ༡ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མདོ་སྟོད་མང་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་སྐབས་གནང་བ་ཞིག་ཡིན་འདུག