མཎྜལ་གྱི་བཤད་པ།

༄༅། །ཨོཾ། བདེ་ལེགས་སུ་གྱུར་ཅིག
སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན།།
སྲིད་གསུམ་སྐྱེ་དང་འཇིག་པ་མེད།།
ཤེས་དང་ཤེས་བྱ་གཅིག་པའི་སྐུ།།

དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ།། ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་དགེ་ལེགས་ཀྱི་དངོས་པོ་མཐའ་དག་འབད་མེད་མགྲོན་དུ་འགུགས་སླད་ཁྱབ་བདག་དང་པོའི་སངས་རྒྱས་ལ་མཆོད་པ་དང༌། བསྟོད་པ་དང༌། འདུད་པ་བཅས་པའི་སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་བའི་བྱ་བ་སྔོན་དུ་བཏང་སྟེ། བདག་ཉིད་ཀྱི་མགྲིན་པའི་ལམ་ཅུང་ཟད་ཡངས་པར་བྱས་ནས་སྐབས་སུ་གསོལ་བར་བྱ་བ་ནི། དེ་ཡང་ཇི་སྐད་དུ།

རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད།།

སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་བཞད་པ་ལ་སོགས་བདེ་བ་སྤངས།།

སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག།

ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ།།

ཞེས་ཇི་སྐད་གསུངས་པ་ལྟར་རྣམ་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་མཛེས་སྡུག་སྒེག་པའི་གཟུགས་སོགས་སུ་འཇའ་ཚོན་གྱི་ཕུང་པོ་བཞིན་དུ་སྣང་ཡང༌། དེ་ཉིད་བདེན་དོན་དུ་རྡུལ་ཙམ་མི་དམིགས་པའི་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་མཛེས་མས་ནམ་ཡང་འབྲལ་བ་མེད་པར་ཡོངས་སུ་འཁྱུད་པའི་ཟག་བྲལ་བདེ་བ་ཆེན་པོའི་ཡེ་ཤེས། གཉིས་སྣང་བག་ཆགས་ཐམས་ཅད་རྣམ་པར་སྤངས་པའི་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་པའི་བདག་ཉིད་ཅན། དཀར་དམར་བྱང་ཆུབ་སེམས་ཀྱི་འཕེལ་འགྲིབ་སྐྱེ་འཇིག་ཟད་པའི་ཀློང་དུ་བཅུ་དྲུག་གི་ཆ་ཤས་ཡོངས་སུ་རྫོགས་པའི་གནས་སྐབས་འཕོ་མེད་མི་འགྱུར་བའི་བདེ་བ་དམ་པ་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཉག་ཅིག་ལས་གཞན་པའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྒོད་བལྟ་ལག་བཅངས་ལ་སོགས་པའི་བདེ་བ་རྣམ་པར་སྤངས་པ། མདའི་གྲངས་ཀྱི་ཕུང་པོ་སྒྲིབ་བྲལ་སངས་རྒྱས་ཀྱི་ངོ་བོར་སྐྱེད་པར་མཛད་པའི་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དང་ལྡན་ཞིང༌། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་དངོས་པོ་བྱུང་ཟིན་འབྱུང་བ་འབྱུང་འགྱུར་དང་བཅས་པའི་དུས་གསུམ་ཡང་དག་པར་རིག་པའི་གཟིགས་པ་དམ་པ་མངའ་བ། གཉིད་མཐུག་གི་གནས་སྐབས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཤིང༌། སད་པའི་གནས་སྐབས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་སོང་བའི་རྒྱ་ཆེ་བ་རྣམ་བཅས་དང་ཟབ་པ་རྣམ་མེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་མངའ་དབང་བསྒྱུར་བའི་མཆོག་གི་དང་པོའི་སངས་རྒྱས། གཞི་དུས་ཀྱི་འཕོ་བ་བཅུ་གཉིས་འགགས་པའི་དུས་ཀྱི་འཁོར་ལོ་སྲིད་ཞིའི་མཐའ་ལས་ངེས་པར་གྲོལ་ཞིང༌། བདེ་སྟོང་གཉིས་མེད་ཀྱི་གོ་འཕང་མཆོག་ལ་བདེ་བར་གཤེགས་པ། དབང་ཕྱུག་དང༌། གཟུགས་དང༌། དཔལ་དང༌། གྲགས་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་པའི་བཅོམ་ལྡན་འདས། སྲིད་ཞིའི་བརྟན་གཡོའི་དངོས་པོ་མཐའ་དག་སྤྲོ་བ་དང་བསྡུ་བའི་བྱེད་པོ་གཅིག་པོ་ཁྱབ་བདག་དཀྱིལ་འཁོར་གྱི་གཙོ་བོ་མཆོག་དང་གཉིས་སུ་མེད་པའི་དཔལ་ལྡན་བླ་མ་དམ་པ། བདག་གི་མཁན་རིན་པོ་ཆེ་ཞལ་སྔ་ནས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་སེན་སྲིད་ཞིའི་མཆོད་སྡོང་དགེ་ལེགས་འདོད་པ་ཀུན་འཇོ་ལྷ་བཅས་ཆེ་རྒུའི་གཙུག་གི་ཅོད་པཎ་བརྩེགས་པའི་ཁྲི་འཕང་སྲིད་ན་མངོན་པར་མཐོ་བའི་དྲུང་དུ། མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་ཀྱི་སྐྱབས་འོག་ཏུ་འཚོ་བའི་གུས་འབངས་རྡོ་རྗེ་བུ་སློབ་སེར་སྐྱ་སྤྱི་དང༌། ཁྱད་པར་རྒྱལ་གཅེས་བཙན་རྒོལ་འཐབ་གྲོགས་སྒྲིག་འཛུགས་དང༌། མོན་གོ་སེར་སྐྱ་མི་མང་ཐུན་མོང་བཅས་པའི་མི་ཕྱེད་དད་པའི་ཡིད་ཀྱིས་ཉེ་བར་དྲངས་པའི་རླུང་བཅུ་སྤྱི་བོར་བཅིངས་པའི་ཐལ་མོ་ཚངས་གནས་སུ་བཀོད་ཅིང༌། པུས་མོའི་ལྷ་ང་ས་ལ་རེག་པའི་དད་ཕྱག་གི་དངོས་པོ་སྔོན་དུ་བཏང་སྟེ། དགའ་དད་གུས་པའི་ཡིད་ཀྱིས་གསོལ་བར་བྱ་བ་ནི་དེ་ཡང་ཇི་སྐད་དུ། འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས། ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ།། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་པདྨ་འདབ་མ་རྒྱས་པའི་སྤྱན།། རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད་འདས་འབྱོར་པ་རྣལ་འབྱོར་དག་པ་ཤེས་རབ་དང༌།། ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད།། ཅེས་གསུངས་པ་ལྟར་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་གང་ཉིད་ནི། བགྲང་ཡས་བསྐལ་པ་རྒྱ་མཚོའི་སྔ་རོལ་ནས་འཁོར་བ་མཐའ་དག་ལ་མེ་འབར་བའི་འོབས་ལྟར་གཟིགས་པའི་ངེས་འབྱུང་དང༌། འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལས་ཀྱང་ལྷག་པར་བརྩེ་བའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་སོང་བས་འགྲོ་ཀུན་ལྷག་བསམ་གྱི་ཁུར་ཆེན་བདག་གིར་བཞེས་ཏེ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ནས། རང་ངོས་ནས་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་དུ་མའི་བར་མནར་མེད་ཀྱི་མེ་དོང་དུ་གནས་དགོས་བྱུང་ཡང༌། ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཙན་མོད། སྡུག་བསྔལ་གསུམ་གྱིས་རྒྱུན་མར་མནར་བའི་ཆེས་ཉམ་ཐག་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་གནས་ལས་སྒྲོལ་བ་ལ་ལྷག་པར་རིངས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་གཞན་དབང་དུ་སོང་སྟེ་ཟབ་གསང་རྡོ་རྗེ་ཐེག་པའི་མྱུར་ལམ་དུ་ཞུགས་ནས་སྨིན་བྱེད་ལྷ་ཡི་རྣལ་འབྱོར་ཕྲ་རགས་μོགས་པར་མཛད་དེ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་བླ་ན་མེད་པའི་ཐབས་མཁས་ཀྱི་སྦྱོར་བ་ཡན་ལག་དྲུག་ཐུགས་ཉམས་སུ་བསྟར་ནས་སོར་སྡུད་དང་བསམ་གཏན་གྱི་སྦྱོར་བས་ལས་རུང་དུ་བྱས་པའི་རླུང་རྣམས་ཨ་ཝ་དྷཱུཏིའི་ལམ་དུ་སྲོག་རྩོལ་གྱི་ཡན་ལག་ལ་བརྟེན་ནས་འཛུད་པ་དེ་དག་འཛིན་པས་གཡོ་མེད་དུ་བཟུང་བའི་འབར་འཛག་གི་སྦྱོར་བས་དགའ་བཞི་དྲངས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཏིང་ངེ་འཛིན་གྱི་ཡན་ལག་གི་ཆ་ཤས་ཡོངས་སུ་རྫོགས་ཏེ་བེམ་རྡུལ་ཟད་པའི་སྟོང་གཟུགས་འཇའ་ཚོན་བཞིན་དུ་རྣམ་པར་བཀྲ་བ་ལྷན་ཅིག་སྐྱེས་པའི་སྐུ་དང༌། ཡེ་ཤེས་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་སྟེ་སྐུ་བཞི་སྒྲིབ་བྲལ་རྣམ་ཐར་བཞི་དང༌། རྡོ་རྗེ་བཞིས་བརྒྱན་པའི་སྲིད་བཞི་མཐའ་ལས་རིང་དུ་སོང་བའི་གཉིས་མེད་རྡོ་རྗེའི་སྐུ་མཆོག་མངོན་དུ་མཛད་ཟིན་ནའང༌། ཉམ་ཐག་འགྲོ་ཁམས་རྒྱ་མཚོའི་རྒྱུད་ཀྱིས་རྗེས་སུ་སོང་བའི་བརྩེ་ཆེན་ཐུགས་རྗེ་ཆེན་པོས་ཉེ་བར་བསྐུལ་བའི་དབང་གིས་དག་པ་དང་མ་དག་པའི་ཞིང་ཁམས་རབ་འབྱམས་རྣམས་སུ་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་ཚར་དུ་དངར་བས་འགྲོ་བ་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་སྒྲོལ་བ་རྣམས་སྒྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་མཛད་པའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རབ་འབྱམས་ཀྱི་བཀོད་པ་དེ་དག་ནི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང༌། ལྷག་པར་རྒྱལ་བ་གཞན་གྱིས་འདུལ་བར་མ་ནུས་པའི་ཁ་བ་རི་པའི་སྐྱེས་འགྲོ་རྣམས་གདུལ་ཞིང་གི་ཕྱག་མཚན་དུ་བཞེས་ཏེ། ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་དེ། རྒྱལ་བའི་དམ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་བར་གདུལ་བྱའི་ཁམས་མོས་བསམ་པ་བག་ལ་ཉལ་དང་ཡོངས་སུ་འཚམས་པའི་གང་ལ་གང་འདུལ་བའི་སྐྱེ་རྒུར་དེ་དང་དེའི་རྣམ་པར་རོལ་བའི་ཟབ་གསང་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཚུལ་ནི།

ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས།།

དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱེད་ཀྱི་སྤྲུལ་པ་ཇི་སྙེད་ཅིག།

རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ལགས་ཏེ།།

ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབབ་པའི་རྟོགས་པ་མངའ་མ་ལགས།། ཞེས་ཇི་སྐད་གསུངས་པ་ལྟར་ལགས་ཤིང༌། ཁྱད་པར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་ཉེ་བར་བཟུང་རྒྱལ་བའི་དབང་པོའི་སྐུ་ཡི་ཕྲེང་བ་བཅུ་གསུམ་པའི་བར་གསུམ་ལྡན་ངུར་སྨྲིག་འཛིན་པའི་གཟུགས་སུ་སྐུ་ཕྲེང་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་ཏེ་གངས་ལྗོངས་སྐྱེ་འགྲོ་མཐའ་དག་ཆོས་སྲིད་གཉིས་ཀྱིས་སྐྱོང་བར་མཛད་པ་མ་ཟད། ཡང་སྒོས་དེང་གི་དུས་འདིར། ཇི་སྐད་དུ།

སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།།

མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ།།

བདེར་གཤེགས་ལམ་བཟང་ཇི་བཞིན་སྟོན་མཛད་པའི།།

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

ཞེས་ཇི་ལྟར་གསུངས་པ་ལྟར་རྒྱལ་དང་རྒྱལ་སྲས་གང་གིས་ཀྱང་འདུལ་བའི་ཡུལ་དུ་མ་གྱུར་པའི་དམུ་རྒོད་གདུལ་དཀའི་འགྲོ་བ་ཉམ་ཐག་པ་དམུས་ལོང་དམིགས་བུའི་བོར་བ་དང༌། བྱིས་པ་འབྲོག་དགོན་དུ་འཕྱན་པ་ལྟ་བུ་བདག་ཅག་ལ་ལྷག་པར་དུ་བརྩེ་བའི་འཕགས་མཆོག་འཇིག་རྟེན་གསུམ་མགོན་གང་ཉིད་སླར་ཡང་མིའི་ཤ་ཚུགས་སུ་རོལ་ཏེ། མདོ་སྨད་ས་ཡི་ཐིག་ལེར་སྐུ་འབུམ་བྱམས་པ་གླིང་དང་འདབ་ཆགས་པར་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་གཟུགས་སྐུ་མཚན་དཔེ་ལང་ཚོ་གསར་དུ་བཞད། མགོན་པོ་གང་གི་ངོ་མཚར་རྨད་དུ་བྱུང་བའི་མཛད་སྤྱོད་དང༌། ལྷ་བླ་དུ་མའི་ལུང་བསྟན་རྩེ་མཐུན་གྱིས་འཁྲུལ་བྲལ་རྒྱལ་བའི་ཡང་སྲིད་དུ་ངེས་པ་བདེ་བླག་ཏུ་བརྙེས་ནས་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངོན་པར་བཀོད། གཞོན་ནུ་ཉིད་ནས་ཕལ་གྱི་སྤྱོད་པ་ལས་རིང་དུ་འདས་པའི་དམ་པའི་རང་རྟགས་གསལ་བར་ངོམ་ཞིང༌། མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོད་པཎ་དུ་བཞེས་ཏེ། དབྱིན་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་བསྟན་པ་ལ་འཇུག་པའི་གོ་རིམ་ངེས་ཅན་དུ་མཛད་པ་དང་རྗེས་སུ་མཐུན་པར་སོ་སོ་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས་ཏེ། བཅས་མཚམས་ཕྲ་མོ་ལས་ཀྱང་མི་འདའ་བར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པའི་ངང་ཚུལ་ལྷུར་བཞེས་ཤིང༌། གཞུང་ཆེན་བཀའ་པོད་ལྔ་སོགས་ནང་དོན་དང༌། གཏན་ཚིགས་རིག་པ་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་གྱིས་ཚིམ་པར་མ་མཛད་པར་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་ནས་དྲངས་པའི་གསན་བསམ་གྱི་ཕུ་ཐག་ཡོངས་སུ་གཅོད་པར་མཛད། རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱི་དབང་ལུང་བཀའ་འཁྲིད་མན་ངག་གི་རིམ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་རིམ་གྱིས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་བཞིན་པའི་མུར། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་དུས་འགྱུར་མི་བཟད་པའི་ངང་ཚུལ་དུ་གྱུར་ཏེ། གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ནས་གཞན་སུ་ལའང་མ་མཆིས་པར་མངོན་གསལ་དུ་གྱུར་པ་ན། བོད་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་ཡི་ལང་ཚོ་ཆེས་ཆེར་ཕྲ་ཡང༌། དུས་འགྱུར་སྲིན་པོའི་ཟློས་གར་ཡ་ང་བའི་ངང་ཚུལ་ལའང་ཇི་མི་སྙམ་པར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་ཡ་ལད་བཙན་པོས་གངས་ལྗོངས་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ། ཛ་དྲག་དང་ཡ་ངའི་གནས་ཚུལ་གང་ལའང་ཞུམ་པ་མི་མངའ་བར་སྐྱེ་རྒུའི་བདེ་ཐབས་ཁོ་ན་ཉིན་མཚན་དུ་གཞོལ་བར་མཛད། བོད་ཤར་ཕྱོགས་ནས་ལོག་སྨོན་ཀླ་ཀློའི་དཔུང་གིས་འཚེ་བ་མི་བཟད་པའི་བཙན་གནོན་བྱུང་བ་ན་འཕགས་པའི་ལྗོངས་ཀྱི་ས་མཚམས་དང་ཐག་ཉེར་རེ་ཞིག་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང༌། ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་སྤྱོད་རླབས་པོ་ཆེའི་སྒོ་ནས་དམག་འཁྲུག་ཁྲག་སྦྱོར་གྱི་ཡ་ང་བའི་ཉེན་ཁ་ལྡོག་སྟེ། ཆིངས་མཐུན་ཞི་འགྲིག་གི་སྟེང་ནས་གནས་སྐབས་ཛ་དྲག་གི་འཇིགས་པ་གྲོལ་བར་མཛད། རིང་མིན་མཧཱཅཱིནའི་ཡུལ་དང༌། འཕགས་ཡུལ་ཆོས་ཀྱི་ཞིང་ས་སོ་སོར་རིམ་བཞིན་ཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད་དེ། སྐུ་ཡི་ལང་ཚོ་པདྨའི་མྱུ་གུར་ལྟར་ཆེས་ཆེར་ཕྲ་ཡང༌། རྣམ་དཔྱོད་ཚངས་པ་རྒན་པོ་སྟོང་གིས་ཀྱང་འགྲན་པར་མི་བཟོད་པའི་གཟི་བྱིན་ལྷག་པར་ངོམ་པས་དུས་རབས་ཉི་ཤུ་པ་འདིའི་ནང༌། ཆེས་ཆེ་བར་གྲགས་པའི་སྐྱེ་རྒུ་མིའི་ཁྱུ་མཆོག་ཏུ་རློམ་པ་རྣམས་ཀྱང་ཉི་མས་མེ་འཁྱེར་བཞིན་མོག་མོག་པོར་མཛད་དེ་ངོ་མཚར་དང་དད་པའི་ས་ལ་བཀོད་ཅིང༌། དད་ལྡན་གྱི་སྐྱེ་རྒུ་གྲངས་ལས་འདས་པར་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད། དེ་ལྟར་ཐག་རིང་ཡུལ་གྲུ་ཁག་ཏུ་ཆིབས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་འགྲུལ་བཞུད་དང༌། ཆོས་ལྡན་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་སྒོ་མུ་མཐའ་མེད་པའི་ནང་བཞུགས་བཞིན་པར་གཞུང་ཆེན་གསན་བསམ་གྱི་མཛད་རིམ་རྣམས་བར་མ་ཆད་པར་རྒྱུན་ཆགས་སུ་མཛད་ཅིང༌། གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དན་རྟགས་སུ་གངས་ཅན་གྱི་གདན་ས་ཆེན་པོ་གསུམ་དང༌། ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་མཛད་དེ། མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་སྔ་ན་མེད་པའི་བློ་གསལ་རྣ་བའི་དཔྱིད་དུ་སྤྲོ་ཞིང༌། ཕས་ཀྱི་རྒོལ་བ་མཐའ་དག་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔའ་བསྐོངས་ཏེ་མི་སྨྲ་བའི་གནས་ལ་བཀོད། གཞན་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་དང༌། ལྷག་པར་གསང་བདེ་འཇིགས་གསུམ་དང༌། རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་རྒྱུད་བཤད་སོགས་སྔོན་བྱོན་གྱི་བསྟན་འཛིན་མཁས་གྲུབ་གྲགས་ཅན་བགྲེས་སོང་དག་གིས་ཀྱང་རྔོ་ཐོགས་པར་དཀའ་བའི་འཆད་རྩོད་རྩོམ་གསུམ་གྱི་རླབས་པོ་ཆེའི་མཛད་བཟང་གི་སྒོ་འཕར་དུས་གཅིག་ཏུ་ཕྱེ་བ་ན། སྐྱེ་དགུ་མཐའ་དག་ཡ་མཚན་གྱི་གནས་སུ་གྱུར། དེ་ལྟ་ནའང་བདག་ཅག་དམུ་རྒོད་ཀྱི་འགྲོ་བའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་ངང་ཚུལ་ལྡོག་ཏུ་མེད་པ་ཐོག་ཏུ་བབས་ཏེ་གངས་ལྗོངས་བསྟན་སྲིད་དང་སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་རྩ་བརྩེ་མེད་ཀླ་ཀློའི་དཔུང་གི་ངན་སྤྱོད་གདུག་རྩུབ་ཀྱི་རྡོ་རྗེའི་མེ་ཆར་དྲག་པོས་རྨེག་མེད་དུ་བཅོམ་པ་ཉིད་ནའང༌། མགོན་པོ་མཆོག་ནི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ། སྐུ་ཡི་ངལ་བ་མཐའ་དག་ཆེད་དུ་བསད་ནས་བོད་འབངས་སྐྱེ་རྒུའི་བདེ་དོན་ཉག་གཅིག་ཐུགས་དབུས་བཅངས་ཏེ། འཕགས་ཡུལ་ཆོས་ཀྱི་ཞིང་སར་ཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད། གང་ལ་རེ་བའི་དམིགས་འབུར་རྩེ་གཅིག་ཏུ་བཏད་དེ་ཕེབས་རྗེས་སུ་བསྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་ཕྱུང་ཞིང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པར་མཛད་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་གྱི་ཆོས་བྱེད་དགེ་འདུན་པ་རྣམས་དགོན་སྡེ་དང༌། གདན་ས་ཁག་རིམ་པས་གསར་འཛུགས་ཀྱིས་ཆོས་སྤྱོད་བཤད་སྒྲུབ་ཀྱི་བྱ་བ་ལ་ཅི་དགར་དུ་འཇུག་པའི་གོ་སྐབས་དང༌། ལོ་རྒས་ནད་གཅོང་ཅན་རྣམས་ལ་རྒས་གསོ་དང་སྨན་བཅོས། དར་མ་ལས་འཕེར་རྣམས་ལ་སོ་སོའི་ཁམས་དབང་དང་མཐུན་པའི་ལས་དོན་དང༌། ན་གཞོན་ཡར་སྐྱེས་ཅན་རྣམས་ལ་ཕྱི་ནང་གི་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་རིག་གཞུང་གཙོ་བོར་གྱུར་པའི་སློབ་སྦྱོང་ཐོས་བསམ་གྱི་གོ་སྐབས་བཟང་པོ་སྩོལ་བར་མཛད། ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་མེ་རོ་སླར་གསོའི་སོན་རྩར་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་ཡང་དག་པའི་དབུ་ཁྲིད་འོག་བྱེས་འབྱོར་སྲིད་གཞུང་གི་སྒྲིག་འཛུགས་དང༌། ལས་རིགས་ཀྱི་སྡེ་ཚན། ཆོས་སྡེ་དང༌། རིག་གཞུང་ཉམས་ཞིབ་དང་གཙུག་ལག་སློབ་ཁང་གི་སྡེ་ཚན། གཞིས་ཆགས། སློབ་གྲྭ ལག་ཤེས་བཟོ་རིགས། འཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀྲིན་ཟླ་མེད་པར་སྐྱོང་བར་མཛད། ལྷག་པར་རིང་པོ་ཞིག་ནས་ཐུགས་ལ་བརྣག་པའི་འདོད་དོན་བོད་ལྗོངས་ཆབ་སྲིད་ཀྱི་འཛིན་སྐྱོང་མང་གཙོའི་ལམ་དུ་བསྒྱུར་སླད། ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང༌། རིམ་བཞིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཁག་གསལ་བསྒྲགས་མཛད་པ་དང་བསྟུན་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལྟ་བའི་སློབ་སྟོན་རྒྱུན་ཆད་མེད་པར་མཛད་ཅིང༌། ༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང་སྔོན་སྲོལ་བཀའ་ཤག་བཅས་པ་ཕྱིར་བསྡུ་མཛད་དེ་སྤྱི་འཐུས་གྲངས་སྤར་དང༌། ད་ལྟ་ནས་ཆ་ཚང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་བསྩལ་མཛད་ཅིང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་ཞུས་པ་ནས་བཟུང་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ནང་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོང་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པའི་རླབས་ཆེན་གྱི་མཛད་བཟང་འཇིག་རྟེན་ནང་མང་གཙོའི་འགྱུར་འགྲོས་ཀྱི་ལོ་རྒྱུས་སུ་མ་གྲགས་པའི་མཛད་བཟང་རླབས་པོ་ཆེ་བསྐྱངས་པར་མཛད། གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་དང་ཉག་མ་ལྔ་ལ་ཉེ་བའི་དུས་ཀྱི་ཆར།

འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་སྔོན་གྱི་དམ་པ་རྣམས་ཀྱི་ཞབས་ཀྱིས་མ་བཅག་པའི་ས་ཕྱོགས་དུ་མར་མགོན་པོ་གང་ཉིད་ནས་ཡང་ནས་ཡང་དུ་ཞབས་སོར་ཕན་བདེའི་འོད་རླབས་འབར་བས་དགེ་ལེགས་སུ་མཛད་ཅིང༌། ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་རླབས་པོ་ཆེ་སྤྱི་དང༌། ཁྱད་པར་གང་འཚམས་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པས་སྐྱེ་རྒུ་ཀུན་གྱི་མངོན་འདོད་ཡིད་ཀྱི་རེ་བའི་བུམ་པ་ལེགས་པར་བསྐངས་ཏེ། རིང་མོའི་དུས་ནས་བོད་དང་ནང་ཆོས་ཀྱི་གནས་ཚུལ་མིང་ཙམ་རྣ་བར་མ་སོན་པའི་འགྲོ་བ་གྲངས་ལས་འདས་པ་ཞིག་མི་ལྡོག་པའི་དད་པའི་ས་ལ་བཀོད་ཅིང༌། བོད་ཀྱི་བརྩེ་བའི་མཛའ་གྲོགས་སུ་བསྒྱུར། ཡང་སྒོས་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྩ་དོན་འགྲིགས་ཆགས་ཀྱི་ཐབས་ལམ་དུ་ཞི་བའི་དོན་ཚན་ལྔའི་འཆར་གཞི་དང༌། ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་གྲོས་འཆར་བཅས་འཇིག་རྟེན་གྱི་དཔྱོད་ལྡན་མཐའ་དག་སྙིང་ནས་མགུ་བ་བསྐྱེད་ནུས་པའི་ཆབ་སྲིད་ཀྱི་གྲོས་འཆར་རླབས་པོ་ཆེ་འདོན་པར་མཛད་པ་སོགས་མདོར་ན་དུས་དང་རྣམ་པ་ཀུན་དུ་ཕ་རོལ་པོའི་བསམ་སྦྱོར་ངན་པའི་གདུག་རྩུབ་ཇི་ཙམ་བདོ་བ་དེ་ཙམ་དུ་མགོན་པོ་མཆོག་གི་བྱམས་བརྩེ་སྙིང་རྗེའི་མཐུ་སྟོབས་ལྷག་པར་སྤེལ་ཏེ། འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བོད་མི་རྣམས་བཀྲི་བར་མཛད་པའི་རླབས་ཆེན་གྱི་མཛད་བཟང་ཉི་ཤར་སྦར་མོས་མི་ཁེབས་པའི་གནས་ཚུལ་མངོན་བྱུང་ལ་བརྟེན། འཇིག་རྟེན་ཆེ་རྒུ་ཡོངས་ཀྱི་ཡིད་དབང་འཕྲོག་སྟེ། ཕྱི་ལོ་ ༡༩༨༩ ལོ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་མགོན་པོ་གང་ཉིད་ལ་ཕུལ་བ་བཅས་པུར་རྒྱལ་བོད་ཀྱི་ལོ་རྒྱུས་སུ་སྔར་མ་བྱུང་བའི་ལེའུ་གསར་པ་གསེར་སྦྱངས་བཙོ་མའི་ཡི་གེར་འབྲི་བར་འོས་པ་དེ་དག་བསྣན་པར་མཛད། དེ་ལྟར་ཆབ་སྲིད་ཀྱི་མཛད་འཆར་ཆུ་གཉེར་ལྟར་ཟད་མི་ཤེས་པའི་བར་སེང་ནས་དོན་གཉེར་ཅན་གྱི་སྐལ་ལྡན་མང་པོར་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཆར་རྒྱ་ཆེན་རྒྱུན་མི་ཆད་དུ་བསྩལ་བ་སྤྱི་དང༌། ཁྱད་པར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་སུ་ཞིག་གི་རྣམ་པར་ཐར་པ་བློ་ཆུང་བདག་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་ཀྱི་ནང་ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཙམ་མ་གཏོགས། གཞན་སུས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལན་གྲངས་འདི་ཙམ་གནང་བ་བྱུང་བར་མ་ཐོས་ཤིང༌། ཏཱ་ར་ནཱ་ཐས་དབང་བསྐུར་གྱི་ལན་གྲངས་མང་དུ་མཛད་པ་གྲགས་ནའང༌། སྐུ་ཚེའི་ཧྲིལ་པོའི་གདུལ་བྱའི་གྲངས་གཅིག་ཏུ་བསྡོམས་རུང༌། མགོན་པོ་གང་གི་དབང་བསྐུར་ལན་ཅིག་གི་གདུལ་བྱའི་འདུ་ཚོགས་ཀྱི་ཆ་ཤས་ཙམ་ལའང་འགྲན་པར་མི་བཟོད་ཅིང༌། འཕགས་བོད་ཀྱི་ཡུལ་གྲུ་ཙམ་མ་ཟད། ཐག་རིང་ནུབ་གླིང་རྣམས་སུའང་དབང་བསྐུར་རྒྱུད་བཤད་མཛད་པའི་རྣམ་ཐར་འདི་ལྟ་བུ་ནི་སྔོན་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་བར་དཀའ་བའི་གནས་ཚུལ་ལོ་རྒྱུས་ཡིག་ཚང་དུ་འཇོག་འོས་པ་ལགས་ཤིང༌། ལྷག་པར་དེང་གི་སྐབས་འདིར་གུས་འབངས་རྒྱལ་གཅེས་བཙན་རྒོལ་འཐབ་གྲོགས་སྒྲིག་འཛུགས་དང༌། མོན་གོ་སེར་སྐྱ་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་གནས་ཕུན་སུམ་ཚོགས་པ་འཛམ་གླིང་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་ཀྱི་རྒྱུད་ཙནྡན་གྱི་དྲི་དང་འགྲོགས་པའི་མ་ལ་ཡ་རླུང་ཆད་མེད་དུ་རྒྱུ་བའི་ལྗོངས། ཤིང་རྟ་ཆེན་པོ་ཀླུ་ཡི་ཞབས་དང༌། སློབ་དཔོན་འཕགས་པ་ལྷ་སོགས་སྔོན་བྱོན་གྱི་མཁས་གྲུབ་དུ་མས་བྱིན་གྱིས་རླབས་པའི་བིདར྄བྷ་ཡུལ་གྱི་མཐའ་མཚམས་སུ་གཏོགས་པའི་གནས་མཆོག་མོན་གོ་ཌ་ཞེས་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱིས་མཚོན་པའི་རིས་སུ་མ་ཆད་པའི་ཆོས་སྡེ་དུ་མ་དང༌། བཙན་བྱོལ་བོད་མིའི་སྡོད་གཞིས་ཕུན་སུམ་ཚོགས་པ་འདིར། སྟོན་པ་ཕུན་སུམ་ཚོགས་པ་ཁྱབ་བདག་དཀྱིལ་འཁོར་གྱི་མགོན་པོ་དཔལ་དུས་ཀྱི་འཁོར་ལོ་དང་གཉིས་སུ་མེད་པའི་དཔལ་ལྡན་དུས་ཞབས་པ་ཆེན་པོ་ལྷ་བཅས་སྲིད་ཞིའི་རྣམ་འདྲེན་འཇིག་རྟེན་ཞི་བདེའི་དེད་དཔོན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་ཀྱིས། འཁོར་ཕུན་སུམ་ཚོགས་པ་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྒྱལ་སྲས་བླ་སྤྲུལ་མཁན་གདན་ཟུར་བཀའ་རམ་དགེ་བའི་བཤེས་གཉེན་ངུར་སྨྲིག་འཛིན་པའི་དགེ་འདུན་གྱི་འདུས་སྡེ་ཁྲི་ཕྲག་བརྒལ་བ་དང༌། དད་འདུས་ཀྱི་བུ་སློབ་འཇིག་རྟེན་གྱི་ཡུལ་གྲུ་དུ་མ་ནས་ལྷགས་པའི་མི་ཚོགས་བཞི་ཁྲིས་བརྒལ་བ་དེ་དག་ལ། དུས་ཕུན་སུམ་ཚོགས་པ་སྟོན་པ་རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོ་དྲག་པོ་ལྕགས་སྤྲེལ་ས་ཟླའི་ཚེས་བདུན་ལ་བཀྲིས་ལུམ྄བིའི་དགའ་ཚལ་དུ་སྐུ་བལྟམས་ནས་ལོ་གྲངས་ ༢༩༥༦ འདས་ཤིང༌། བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུའི་ནང་ནས་འབྲས་དུས་རྫོགས་ཤིང༌། སྒྲུབ་པའི་དུས་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་ལེའུ་སྔོན་དུ་སོང་བའི་ཚུལ་ཁྲིམས་ཀྱི་ལེའུ་ནས་ལོ་གྲངས་ ༣༧༤ འདས་པ་དང༌། དཔལ་ལྡན་འབྲས་སྤུངས་སུ་ལྕགས་འབྲུག་ནག་པའི་ཉར་དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ ༢༨༧༤ སོང་བ། རིགས་ལྡན་ཉེར་གཅིག་པ་མ་འགགས་པ་ཤམབལའི་གསེར་ཁྲི་མངའ་དབང་བསྒྱུར་ཏེ་ལོ་གྲངས་ ༦༧ འདས་པ། རབ་ལོ་ ༩༦༨ བོད་རྒྱལ་ལོ་ ༢༡༢༡ རབ་གནས་ཤིང་ཁྱི་དགུན་འབྲིང་རགས་པ། སྣང་བྱེད་དབང་པོ་གཞུ་ཡི་ཁྱིམ་དུ་རྩེན་པའི་ཡར་ཚེས་བཅོ་ལྔའི་ཉ་ལ་བབས་པ་ན། ཆོས་ཕུན་སུམ་ཚོགས་པ་སྙིགས་མའི་དུས་འདིར་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་ཞིང༌། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་བྱིས་པ་ལྟར་འཇུག་པའི་དབང་བདུན་དང༌། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སྟ་གོན་དང་བཅས་པ་ཡོངས་སུ་རྫོགས་པ་སྨིན་རྒྱས་སུ་བསྩལ་བར་མཛད་པའི་བཀྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཕྱུར་བུར་བཀང་སྟེ་ཉིན་བཞིན་ལན་བརྒྱར་བསྐལ་པའི་བར་དུ་ཕུལ་ཡང་ཆ་ཙམ་བསབ་པའི་གོ་སྐབས་ག་ལ་མཆིས། འོན་ཀྱང་བཀྲིན་གྱི་ཆ་ཤས་ཕྲ་མོ་ཙམ་བསབ་པའི་མངོན་འདོད་ལྷག་བསམ་གྱི་རང་མདངས་མཚོན་པ་ཙམ་གྱི་སླད་དུ་ཕྱག་བྱ་བའི་དངོས་པོ་སྔོན་དུ་འགྲོ་བའི་བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་དངོས་པོའི་ཚོགས་དང་བཅས་པ་རིན་ཆེན་མཎྜལ་བཟང་པོའི་ངོ་བོར་འབུལ་བ་ནི། རླུང་དང༌། མེ་དང༌། ཆུ་ཡི་དཀྱིལ་འཁོར་ཕྱི་ནང་རིམ་བརྩེགས་སུ་གནས་པའི་དབུས་སུ་སའི་དཀྱིལ་འཁོར་ཆེན་པོའི་དཀྱིལ། དེ་ཡང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས།། ཞེས་གསུངས་པ་ལྟར་དཔག་ཚད་འབུམ་ཕྲག་བཞིའི་ཚད་དང་ལྡན་པའི་རིའི་རྒྱལ་པོ་རི་རབ། དབྱིབས་ཟླུམ་པོ། ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་བའི་ཁ་དོག་དང་ལྡན་པའི་མཐའ་བསྐོར་དུ་གླིང་དྲུག་མཚོ་དྲུག་གིས་བསྐོར་བའི་ཕྱི་རོལ་དུ་མཚོ་བདུན་པ་བ་ཚ་ཅན་གྱི་རྒྱ་མཚོ། མཐའ་བསྐོར་རི་བདུན་པ་ལྕགས་རི་འབར་བས་བསྐོར་བའི་བར་ན་འཛམ་གླིང་ལ་སོགས་པའི་གླིང་བཅུ་གཉིས་སའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱིམ་གྱི་འཁོར་ལོ་རྩེ་བཅུ་གཉིས་པ་ལ་ཉི་ཟླ་གཟའ་སྐར་དང་བཅས་པ་འཁོར་བ། སྲིད་པ་སུམ་ཅུ་རྩ་གཅིག་གི་སྣོད་བཅུད་ཡོངས་སུ་རྫོགས་པ་ལ་རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པ་ཡི་ལོ་ཏོག་ལ་སོགས་པ་གླིང་བཞིའི་ཁྱད་ནོར་དང༌། གཞན་ཡང་འཁོར་ལོ་ལ་སོགས་པའི་རྒྱལ་སྲིད་རིན་ཆེན་སྣ་བདུན་སྒེག་མོ་མ་སོགས་མཆོད་ལྷ་བརྒྱད། རིན་པོ་ཆེའི་གདུགས་ལ་སོགས་པས་མཚན་པའི་དབུས་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བའི་ཕྱི་ནང་གཞན་གསུམ་གྱི་ཞིང་ཁམས་རྒྱ་མཚོའི་བཀོད་པའི་ཐོག་དྲངས་པའི་སྐུ་གཟུགས་ཐུགས་ཀྱི་རྟེན་དང༌། ན་བཟའ་ཉེར་སྤྱད། བཀྲིས་μས་རྟགས་སོགས་དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་མངོན་པར་དྭངས་པའི་ཡིད་ཀྱི་འཁོར་གསུམ་དམིགས་མེད་དུ་རྒྱས་བཏབ་སྟེ་འབུལ་བ་ལགས་ན་འབུལ་བྱའི་དངོས་པོ་ཤིན་ཏུ་ཕྲ་ཡང། བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་དགོངས་ཏེ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར།

མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས།།

ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།།

དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།

སྡེ་བཞིའི་དཔལ་ལ་སྦྱོར་ཞིང་བརྟན་པར་བཞུགས།། ཞེས་དྲང་སོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་བསྙད་པ་ལྟར་མཁའ་མཉམ་ཡིད་ཅན་ཀུན་གྱི་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་སྤྱི་དང༌། ཁྱད་པར་བོད་འབངས་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཆོས་སྲིད་ཀྱི་ལེགས་ཚོགས་མཆིས་སོ་ཅོག་མཐའ་དག་ནི་གུས་འབངས་ཡོངས་ཀྱི་མཐུན་སྣང་དུ་མཇལ་བར་ནུས་པའི་གཟུགས་སྐུ་མཚན་དཔེའི་ཕུང་པོ་འདི་ཉིད་འཚོ་ཞིང་གཞེས་པ་ཉིད་ལ་རག་ལུས་པ་ལགས་ན། བདག་ཅག་ཉམ་ཐག་མགོན་མེད་ཀྱི་འགྲོ་བ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། ཇི་སྐད་དུ།
སེམས་ནི་དྲི་མར་གྱུར་པ་ལ།།
སངས་རྒྱས་རྣམས་ནི་སྨོད་མི་མཛད།། ཅེས་གསུངས་པ་ལྟར་ཇི་ལྟ་ཇི་ལྟར་སྙིགས་དུས་བརླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་ཆེས་ཆེར་བདོ་བ། དེ་ལྟ་དེ་ལྟར་མགོན་པོ་གང་མངའ་ཉིད་ཀྱིས་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ། ཞབས་ཟུང་སྲིད་མཐའི་བར་དུ་མི་བཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་དུ། རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང༌། ཞར་བྱུང་གུས་འབངས་སྐྱབས་འོག་པ་བདག་ཅག་རྣམས་ཀྱང་གནས་སྐབས་ཕྱི་ནང་གི་ཉེར་འཚེ་ཞི་ནས་ཆོས་མཐུན་གྱི་བྱ་བ་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བ་དང༌། གཞན་ཡང་འབྲེལ་ཐོག་འདས་གསོན་མཆིས་སོ་ཅོག་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་མགོན་པོ་གང་ཉིད་ཀྱིས་འབྲལ་མེད་མཉེས་བཞིན་རྗེས་སུ་གཟུང་དུ་གསོལ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་ཕུར་ཚུགས་སུ་འདེབས་པ་ལགས་ན། བཀའ་ཡི་ཞལ་བཞེས་བཟང་པོ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་ཀྱང་མཁྱཻན། མཁྱཻན། མཁྱཻན། མཁྱེན་ལགས།།

ཕྱི་ལོ་ ༡༩༩༤ ལོར་བཙན་བྱོལ་བོད་མིའི་སྡོད་གཞིས་མོན་གོ་འདོད་རྒུ་གླིང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལེགས་པར་བསྩལ་རྗེས་བརྟན་བཞུགས་སྐབས་ཀྱི་མཎྜལ་བཤད་པའོ།།