༈ བདག་ཉིད་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་རྩི།

༄༅།། ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༧ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་དང་བསྟུན།  ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་གིས་གསུང་བཤད་དང་། དེ་རྗེས་རིན་པོ་ཆེ་མཆོག་གི་གསུང་རྩོམ་གྱི་དེབ་ཕྲེང་བདུན་པ་དབུ་འབྱེད་བཅས་གནང་ཡོད།birthday2

དེ་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གསོལ་བ་བཏབ་པ་བཞིན་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ལྷ་ཞི་བདེའི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “སྤྱི་ཚོགས་ཞབས་ཞུ་བས་ཀུན་སློང་འཁྱེར་སྟངས་དང་། ལས་དོན་བྱེད་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་དང་པོ་བོད་སྐད་དང་། དེ་ནས་ཕྱི་རྒྱལ་བ་རྣམས་ཀྱི་ཆེད་དུ་ཨིན་སྐད་ནང་གསུང་བཤད་གནང་བ་རྣམས་དྲྭ་རྒྱའི་ཐོག་ཐད་གཏོང་ཞུས་ཤིང་། དེ་ཡང་རིན་པོ་ཆེ་མཆོག་གིས།ནང་པའི་ཕྱོགས་ནས་བསམ་བློ་བཏང་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་མང་ཆེ་བ་སྤྱི་ཚོགས་ཞབས་ཞུའི་ཁོངས་སུ་འགྲོ་བ་དང་། ལྷག་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ནང་སྤྱི་ཚོགས་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་འགྱུར་བའི་སྤྱོད་པ་གང་ཡང་མེད་པ་ཡིན་སྟབས། ལས་དོན་ཐམས་ཅད་སྤྱི་ཚོགས་ཞབས་ཞུ་ལྟ་བུ་རེད། ཅེས་དང་། དེང་སང་ནུབ་ཕྱོགས་ནས་དར་བའི་སྤྱི་ཚོགས་ཞབས་ཞུ་ (Social Service) དང་སྤྱི་ཚོགས་ལས་དོན (Social Work) ཞེས་པ་གཉིས་ནུབ་ཕྱོགས་པའི་སྤྱི་ཚོགས་ཚbirthday4ན་རིག་ལས་བྱུང་། སྤྱི་ཚོགས་ཞབས་ཞུ་བ་ཡིན་ན་ནང་པས་སྤྱི་ཚོགས་ཞབས་ཞུའི་ཐོག་ལྟ་སྟངས་དང་། དེང་རབས་ནུབ་ཕྱོགས་པའི་ཆོས་དང་མ་འདྲེས་པའི་སྤྱི་ཚོགས་ཞབས་ཞུའི་ལྟ་གྲུབ་ཀྱི་འགྲོ་སྟངས་སོགས་ལ་གཏིང་ཟབ་སློབ་སྦྱོང་གནང་མ་ཐུབ་པ་ཡིན་ནའང་རྒྱུས་ཡོད་པ་ཞིག་མ་མཐར་ཡང་བྱེད་དགོས།  ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་ཐོག་མའི་དམིགས་ཡུལ་གང་ཡིན་པ་གསལ་པོ་དང་། དམིགས་ཡུལ་དེ་སྒྲུབ་པའི་ཐབས་ལམ་གང་ཡིན་པའང་གསལ་པོ། དེ་དག་སྒྲུབ་པའི་མཐུན་རྐྱེན་རྣམས་ཀྱང་ཚང་བ་ཡིན་ན་སྤྱི་ཚོགས་ཞབས་ཞུ་ཚད་ལྡན་ཞིག་ཡོང་རྒྱུ་རེད་ཅེས་དང་།  སྤྱི་ཚོགས་ཞབས་ཞུ་བ་རྣམས་ཀུན་སློང་ལ་ཞིབ་འཇུག་ཡག་པོ་མ་གནང་ན་ཚོང་དུ་འགྲོ་ཉེན་ཡོད་ཅིང་།  གང་ལྟར་ཞབས་ཞུ་རྣམས་ཀྱིས་ལན་ལ་མི་རེ་བ་ཞིག་དགོས་ངེས།  དེ་བཞིན་དངོས་སུ་སྤྱི་ཚོགས་ཞབས་ཞུ་བྱེད་སྐབས་མཐུན་རྐྱེན་རྣམས་ལོག་འཚོ་དང་མ་འདྲེས་པ་དགོས་པ།  གོ་ལ་གཅིག་སྒྱུར་རིང་ལུགས་ནང་ཞབས་ཞུ་ཡང་དག་པ་ཞིག་ཡོང་གི་ཡོད་དམ་ཞེས་དང་།  ཐེག་པ་ཆེན་པོའི་ཆོས་ཀྱི་ནང་དུ་ངེས་པར་དུ་རོགས་པ་དང་ཞབས་ཞུ་དགོས་པའི་སྡེ་ཚན་བདུན་གསུངས་ཤིང་། དེ་ཡང་དང་པོ་བྱིས་པ་དང་། གཉིས་པ་རྒན་རྒོན། གསུམ་པ་ནད་པ། བཞི་པ་དབུལ་ཕོངས་ཉམ་ཐག།ལྔ་པ་གྲོགས་དང་མགོན་མེད་པ། དྲུག་པ་དབང་པོ་མ་ཚང་བའམ་དབང་པོ་སྐྱོན་ཅན། བདུན་པ་ལམ་དུ་ཞུགས་པའམ་མགྲོན་པོ་བཅས་རེད། དེང་སང་ལམ་དུ་ཞུགས་པ་རྣམས་ལ་ཞབས་ཞུ་མི་དགོས་པ་ལྟ་བུ་ཡིན་རུང་། སྔོན་མ་ཡིན་ན་འགྲུལ་བཞུད་བྱེད་སྐབས་ཟས་སྐོམ་གནས་མལ་སོགས་གཞན་ལ་བརྟེན་དགོས། གཞན་དྲུག་པོ་ལ་དེང་སང་ཡང་རོགས་རམ་དགོས་ཀྱི་ཡོད། མདོར་ན་སྤྱི་ཚོགས་ཞབས་ཞུ་བྱེད་སའི་ཡུལ་ལ་ཇི་ཙམ་ང་ཚོས་རོགས་པ་བྱེད་པ་ཡིན་རུང་།  ཕུགས་སུ་རང་མགོ་ཐོན་པ་བཟོ་རྒྱུའི་ཐབས་ལམ་བསྟེན་དགོས། དེ་མིན་རོགས་པ་བྱས་པའི་དབང་གིས་མི་དེ་རང་མགོ་མི་ཐོན་པར་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན་རོགས་པ་བྱས་པ་དེ་གནོད་སྐྱོན་དུ་འགྱུར་ཉེན་ཡོད་པས་ཧ་ཅང་གཟབ་དགོས་ཞེས་སོགས་རྒྱས་པར་བསྩལ།

book-launch-5

རིན་པོ་ཆེ་མཆོག་གི་གསུང་བཤད་གྲུབ་པའི་རྗེས་སུ།  གསུང་རྩོམ་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཏེ།  ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་རིན་པོ་ཆེ་མཆོག་གི་ངོ་དེབ་དང་དྲྭ་རྒྱ།  དེ་བཞིན་གསུང་རྩོམ་དང་གསུང་བཤད་ཀྱི་ལས་འཆར་སྐོར་ངོ་སྤྲོད་མདོར་བསྡུས་གནང་མཐར། ན་གཞོན་ཤེས་ལྡན་མི་སྣ་ཁག་ཅིག་ཐུན་མོང་གིས་ “བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་སོགས་གལ་ཆེ་ཁག་ཕྱོགས་བསྡུས་”ཀྱི་དེབ་ཕྲེང་བདུན་པ་དབུ་འབྱེད་གནང་ཞིང་།  དེབ་ཕྲེང་བདུན་པ་དེ་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔར་སྐྲུན་དང།  སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ལགས་ཀྱིས་ཕྱོགས་སྒྲིག་དང་ཞུ་སྒྲིག་གནང་བ་ཞིག་རེད།

book-launch-frontpage

 སྐབས་དེའི་མཛད་སྒོར་དྷ་སའི་དགོན་སྡེ་དང་གྲྭ་ཚང་ཁག་ཅིག་གི་ཕྱག་མཛོད་དང་འགན་འཛིན། གཞུང་ཞབས་པ། ཤེས་ལྡན་པ། དགེ་རྒན།  དང་བླང་ཞབས་ཞུ་བ།  དེ་བཞིན་ལྷ་ཚོགས་པའི་ལས་བྱེད་གཙོས་དོན་གཉེར་ཅན་མི་གྲངས་༤༠ ལྷག་མཉམ་འཛོམས་བྱུང་ཡོད།

birthday9

 གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁམས་ཚན་དུ་ཞལ་འདོན་འཕྲིན་བཅོལ་དང་སྐུ་དཔར་ལ་མཇལ་དར་ཕུལ་བ་སོགས་དང་།  སེར་བྱེས་སློབ་གྲྭར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སོགས། ཨ་རིའི་མི་ནི་སོ་ཊར་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཀྱིས་བོད་མིའི་ལེགས་བྱང་སློབ་གྲྭའི་སློབ་ཕྲུག་ལbithday8་གདུགས་ཚོད་དྲངས་པ་མ་ཟད།

རིན་པོ་ཆེའི་སྐོར་གསུང་བཤད་གནང་བ་སོགས།  མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཞས་སྣ་གཟིགས་འབུལ་སོགས།  ཝཱ་རཱ་ཎ་སཱིའི་ཆུ་མོ་གངྒཱར་ཉ་ཕོན་ཆེ་སྲོག་བླུ་དང་།  སློང་མོ་བར་ཟས་སྦྱིན་དང་སྦྱིན་གཏོང་།  སློབ་གྲྭའི་ནང་མཛད་སྒོ་ཚུགས་པ་སོགས།  མི་སྒེར་མང་པོ་ཞིག་ནས་འཕྲིན་བཅོལ་དང་ཞལ་འདོན་གསོལ་འདེབས་སོགས།  དེ་བཞིན་བོད་ཀྱི་ས་ཕྱོགས་མང་པོར་ཉ་སྲོག་བླུ་སོགས་གནང་སྟེ་སྲུང་རྩི་ཞུས་པའི་གནས་ཚུལ་འདུག