༈  དིལླཱི་དང་ཏིརུཔཏི་བཅས་སུ་མཛད་འཕྲིན་བསྐྱངས་པ།

༢༠༡༧ ཕྱི་ཟླ་ ༡ ཚེས་ ༣༡ ཉིན་ཅེནྣཨཱི་ནས་དིལླཱིར་འབྱོར།  ཕྱི་ཟླ་ ༢ ཚེས་ ༡ ལ་ཚེའི་རིག་བྱེད་དགེ་རྩའི་འགན་འཛིན་ལྷན་ཚོགས་ (Governing Body meeting of the Ayur Gyan Nyas) སུ་ཞུགས།  ཚེས་ ༢ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དྷ་ས་ནས་ཕེབས་འབྱོར་སྐབས་ཕེབས་བསུར་བཅར།  ཕྱི་དྲོ་མི་སྣ་མང་པོ་ཞིག་ལ་མཇལ་རྒྱུའི་གོ་སྐབས་གནང་། ཚེས་ ༣ ཉིན་སྔ་དྲོ་༧གོང་ས་མཆོག་གི་གསུང་ཆོས་སུ་བཅར།  ཕྱི་དྲོ་མི་སྣ་མང་པོ་ཞིག་ལ་དུས་ཚོད་གནང་།  ཚེས་ ༤ ཉིན་དིལླཱི་ནས་ཨཱཾདྷྲ་པྲདེཤ་ (Andhra Pradesh) མངའ་སྡེའི་གྲོང་ཁྱེར་ཏིརུཔཏི་ (Tirupati) ལ་ཕེབས་འབྱོར་བྱུང་།

ཚེས་ ༥ ཉིན་སྔ་དྲོ་ཤྲཱི་བེཾཀཊེཤྭར་གཙུག་ལག་སློབ་ཁང་ (Sri Venkateswara University) གི་གོ་སྒྲིག་འོག་རྒྱ་གར་གཙུག་ལག་སློབ་ཚོོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༡ (91st Annual Meet of the Association of Indian Universities) དང་།  “མཐོ་རིམ་ཤེས་ཡོན་གྱི་གྲུབ་འབྲས་དང་མཐར་སོན་ལེགས་གྲུབ་ལ་སྲུང་རྩི་ཞུ་བ་” (National Seminar on “Celebrating Success of Higher Education – Accomplishments and Achievements) ཞེས་པའི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ (National Seminar) བཅས་ཀྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་དབུ་འབྱེད་གསུང་བཤད་གནང་ཞིང་།

དེའང་ཐོག་མར་ཤྲཱི་བེཾཀཊེཤྭར་གཙུག་ལག་སློབ་ཁང་གི་རིགས་བདག་སློབ་དཔོན་ཆེན་མོ་དཱ་མོ་དརན་ (Prof. Damodaran, Vice Chancellor, Sri Venkateswara University) ནས་དགའ་བསུའི་གསུང་བཤད་དང་།  སྐུ་མགྲོན་རྣམས་ནས་མར་མེ་ཞལ་དབྱེ།  རྒྱ་གར་གཙུག་ལག་སློབ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སློབ་དཔོན་ཆེན་མོ་ཕར་ཀན་ཀ་མར་ (Prof. Furqan Qamar, Secretary General, Association of Indian Universities) ནས་ངོ་སྤྲོད་གསུང་བཤད།  ཀོ་མན་ཝེལ་ཐ་གཙུག་ལག་སློབ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ཇོན་ཀིརྐ་ལེན་ (John Kirkland, Deputy Secretary General, Association of Commonwealth Universities) ནས་གསུང་བཤད།  ཡོ་རོབ་སྤྱི་མཐུན་མཉམ་འབྲེལ་གྱི་བློན་ཆེན་གཞོན་པ་སྐུ་ཞབས་སི་ས་རེ་ཨོ་ནེས་ཏི་ནི་ (Cesare Onestini, Deputy Minister, European Union) ནས་གསུང་བཤད།

སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་ནས་གཙུག་ལག་སློབ་ཁང་གི་གསར་གནས་ (University News) དུས་དེབ་ཀྱི་དམིགས་བསལ་འདོན་ཐེངས་དབུ་འབྱེད་གནང་རྗེས་གསུང་བཤད་གནང་དོན།  མཐོ་རིམ་ཤེས་ཡོན་ཐོག་གི་གྲུབ་འབྲས་དེ་ཤེས་ཡོན་གྱི་ཕུལ་བྱུང་ (Academic excellency) དང་གླ་ལས་ (Employment) ཇི་ཙམ་སྦྱོར་སྤྲོད་ཐུབ་མིན་ལ་མི་བལྟ་བར།  འགྲོ་མ་མིའི་རིགས་ལ་ཀླན་ཀ་ཆེན་པོ་དཔེར་ན།  འཚེ་བ་དང་།  ཁོར་ཡུག་ཉམས་ཆག  དབུལ་ཕྱུག་བར་ཁྱད།  མི་འབོར་འཕེལ་རྒྱས།  ཆོས་ཀྱི་བེད་ལོག་བཅས་ལ་གདོང་ལེན་བྱེད་རྒྱུའི་ཐབས་ཤེས་ཇི་ཙམ་བྱེད་མིན་ལ་བལྟ་དགོས་ཚུལ།  དེ་བྱུང་ཡོད་ཚེ་གྲུབ་འབྲས་ཐོན་པར་བརྩི་ཆོག་པ་དང་།  གལ་ཏེ་བྱུང་མེད་ཚེ་གྲུབ་འབྲས་མི་ཐོན་པ་ཡིན་ཚུལ་སོགས་རྒྱས་པར་གསུངས།

དེ་ནས་རྒྱ་གར་གཙུག་ལག་སློབ་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཌི་ཨེས་ཅཽཧཱན་ (Prof. D. S. Chauhan, President, Association of Indian Universities) ནས་ཚོགས་གཙོའི་གསུང་བཤད།  མཐར་དེ་གའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་བིཇཡ་བྷཱསྐཱར་རཱབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།  དེ་ནས་རིན་པོ་ཆེ་མཆོག་ཚེས་ ༧ བར་ཉིན་གསུམ་རིང་རྒྱ་གར་སློབ་ཚོགས་ཀྱི་ཚོགས་ཆེན་དུ་མཉམ་ཞུགས་གནང་འདུག  ད་ལན་གྱི་རྒྱ་གར་སློབ་ཚོགས་ཀྱི་ཚོགས་ཆེན་འདིའི་ཐོག་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ ༣༢༠ ཙམ་ནས་རིགས་བདག་དང་ངེས་སྟོན་པ་ (Vice Chancellors & Directors) འདུ་འཛོམས་བྱུང་བ་བཅས།